ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
རྟོག་པས་བཏགས་ཙམ།
བསྟན་པ་ཆོས་འཕེལ་གྱིས།
༧ བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། འདིར་རྟོག་པས་བཏགས་ཙམ་གྱི་སྐོར་ནས་བཀའ་མ་བཅག་ཙམ་ཞིག་ཞུས་ན། རྟོག་པས་བཏགས་ཙམ་ཞེས་པ་དེ། རྣམ་བཞག་ཐམས་ཅད་རྟོག་ངོ་ནས་འཇོག་པའི་ཚུལ་ཞིག་སྟེ། གཏིང་ཟབ་ཅིང་རྒྱ་ཆེ་བ། ཆོས་འཇིག་རྟེན་གཉིས་ཀྱི་སྡོམ་ཚིག་ཆེན་པོ། མདོ་སྔགས་ཀྱི་གནད་འདུས་པའི་གསུང་གཅིག་པུ། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱིས་རྩལ་དུ་བཏོན་ནས་གསུངས་ཤིང་ནང་པ་སངས་རྒྱས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་གོ་བ་རྨང་ནས་ཆགས་ས་ལྟ་བུ་ཞིག་ཡིན། དེ་ཡང་བྱེ་མདོ་གཉིས་ཀྱིས་འཇིག་རྟེན་ཐམས་ཅད་ལས་དབང་གིས་གྲུབ་པར་འདོད་པ་དང་། རྟོག་པ་རྒྱུན་མ་ཆད་བར་དུ་སྡུག་བསྔལ་ཡོད་པར་འདོད་པ། སེམས་ཙམ་པས་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་འདོད་པ། རང་རྒྱུད་པས་རྟོག་པས་བཏགས་ཙམ་དུ་འདོད་པ། ཐལ་འགྱུར་བས་རྟོག་པས་ཕར་བཏགས་ཙམ་དུ་འདོད་པ་རྣམས་ཕྲ་རགས་ཀྱི་ཟབ་ཁྱད་ཙམ་མ་གཏོགས་ཞིབ་ཏུ་བརྟག་ན་ཡོད་ཚད་རྟོག་ངོ་ནས་འཇོག་པའི་ཚུལ་འབའ་ཞིག་ཡིན། སྤྱིར་འཁོར་འདས་ཀུན་ཀྱི་རྩ་བ་སེམས་ཡིན་པའི་གནད་མཐར་ཐུག་ཤེས་པ་ལ་རང་ངོས་ནས་གྲུབ་པས་སྟོང་བ་ཕྲ་མོ་རྟོགས་དགོས་པས་ཧ་ཅང་རྩ་ཆེ། དབུ་མ་རིན་ཆེན་ཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན།། མེ་མིན་རླུང་མིན་ནམ་མཁའ་མིན།། རྣམ་ཤེས་མ་ཡིན་ཀུན་མིན་ན།། དེ་ལས་གཞན་ན་སྐྱེས་བུ་གང་།། ཞེས་གསུངས་པ་ལྟར། གང་ཟག་རྟོག་པས་བཏགས་ཙམ་ཟེར་བ་དེ་གདགས་གཞིའི་ངོས་ནས་གྲུབ་པ་ཁེགས་པའི་སྒོ་ནས་རྣམ་རྟོག་གི་སྣང་བ་ཙམ་གྱིས་ཁྱད་པར་དུ་བྱས་ཏེ་སྟོང་བ་རྟེན་འབྱུང་གི་ཚུལ་དུ་རྣམ་བདུན་གྱི་རིགས་པ་དང་། གཅིག་དུ་བྲལ་གྱི་རིགས་པ་སོགས་ལས་ཤེས་དགོས། དཔེར་ན། གྲྭ་བ་བློ་བཟང་ཟེར་བ་ཞིག་རབ་བྱུང་བསྒྲུབ་ཏུ་ཡོང་བའི་དུས་དེར་ཕ་མས་ཀྱང་གྲྭ་བ་བློ་བཟང་མཐོང་མྱོང་མེད་ལ་རྣམ་མཁྱེན་གྱིས་ཀྱང་གཟིགས་མྱོང་མེད། མཁན་པོས་ཀྱང་མིང་གདགས་ས་དེ་བློ་བཟང་ཡིན་པ་ཤེས་མེད། འོན་ཀྱང་། ད་གཟོད་བློ་བཟང་ཞེས་མིང་བཏགས་ཏེ་འདི་གྲྭ་བ་ཡིན་ཞེས་བརྗོད་པ་ཙམ་གྱིས་སྐད་ཅིག་དེ་ཉིད་ལ་སུས་བལྟས་ན་མཐོང་རྒྱུ་ཡོད་མཁན་གྱི་གྲྭ་བ་རྒྱགས་པ་ཞིག་གློ་བུར་དུ་བྱུང་བ་རེད། གལ་སྲིད། ཁོ་གདགས་གཞིའི་ངོས་ནས་ཡོད་ན་ཕུང་བོ་ལྔ་བོ་གང་རུང་ལས་མ་འདས་ཤིང་དང་པོ་ནས་གྲྭ་བ་ཡིན་དགོས། རྒྱུ་མཚན་དེའི་ཕྱིར་ན། གྲྭ་བ་བློ་བཟང་རྟོག་པས་བཏགས་ཙམ་དུ་གྲུབ་པ་རེད། ཁོ་གདགས་གཞིའི་ངོས་ནས་མ་གྲུབ་པའི་གནད་ཀྱིས་ཆ་ཤས་སམ་རྣམ་རྟོག་གིས་མ་བཞག་ཐབས་མེད་པ་དེ་སྟོང་བས་མེད་མཐའ་སེལ་ཞེས་པའི་དོན་དང་། རྣམ་རྟོག་ལ་བལྟོས་ནས་འཇོག་དགོས་པའི་གནད་ཀྱིས་གདགས་གཞིའི་ངོས་ནས་མ་གྲུབ་པ་དེ་སྣང་བས་ཡོད་མཐའ་སེལ་སྟངས་ཡིན། གདགས་གཞིའི་ངོས་ནས་རང་རྐྱ་བར་གྲུབ་མི་ནུས་པ་དང་ཆ་ཤས་རྣམ་རྟོག་ལ་བརྟེན་ནས་འཇོག་དགོས་པ་གཉིས་ངོ་བོ་དབྱེར་མེད་པ་དེ་སྟོང་བ་དང་རྟེན་འབྱུང་དོན་གཅིག་ཅེས་པའི་དོན་ནོ།། མདོ་ཏིང་ངེ་འཛིན་ལས། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི།། ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ།། ཞེས་དང་། མདོ་སྡུད་པ་ལས། བདག་ཇི་འདྲ་བ་དེ་འདྲ་བར་སེམས་ཅན་ཐམས་ཅད་ཤེས། སེམས་ཅན་ཐམས་ཅད་ཅི་འདྲ་བ་དེ་འདྲ་བར་ཆོས་ཀུན་ཤེས། ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་སྟེང་དུ་སྦྱར་དགོས། སྤྱི་ལ་དབང་བའི་རྣམ་རྟོག་ཅིག་གིས་ཤོག་བུ་ལེབ་མོ་ཞིག་ལ་འདི་སྒོར་མོ་ཡིན་ནོ་ཞེས་མིང་བཏགས་ན་སྒོར་མོ་ཡིན། དེའི་སྟེང་དུ་ཨང་གྲངས་བརྒྱ་བྲིས་ན་བརྒྱ་དང་གཅིག་བྲིས་ན་གཅིག་འདི་སྒོར་མོ་མིན་ཟེར་ན་མ་རེད། འོ་ན་རྣམ་གཞག་ཐམས་ཅད་མེད་པར་འགྱུར་རོ་ཞེ་ན། འཁྲུལ་རྒྱུའི་དབང་གིས་བྱུང་བ་མ་ཡིན་པར་རང་རང་གི་ངོར་འགལ་བ་ལ་མི་འཁྲུལ་བའི་ཚད་མ་མེད་ན་དེ་ཙམ་གྱིས་འགྲིག་གི་ཡོད། རྒྱུ་མཚན། ཐམས་ཅད་ཀྱི་བྱེད་པ་བོ་སེམས་ཡིན་ཞིང་གདགས་གཞིའི་ངོས་ནས་ཅི་ཡང་འཇོག་མི་ནུས་པས་སོ།།
འོན་ཀྱང་གདགས་གཞི་ཚད་མ་ཞིག་རྟོག་པས་བཟོ་དགོས། དེ་ལྟར་འདོགས་བྱེད་ཀྱི་རྣམ་ཤེས་དང་བཏགས་ཆོས་གང་ཟག་རང་ཉིད་ཀྱི་ངོས་ནས་བཙལ་བའི་མཐར་ང་ཙམ་ལ་ཐུག་ང་ཙམ་དེ་ཡང་བཙལ་ན་མི་རྙེད་པས་རྟོག་པས་ཕར་བཏགས་ཙམ་དུ་གྲུབ་པ་ཡིན། དཔེར་ན། ཐལ་མོ་བརྡབས་པའི་སྒྲ་ལྟ་བུ་ལག་ངོས་གང་དུ་བཙལ་ན་མི་རྙེད་ཀྱང་ལག་ངོས་ཕན་ཚུན་འཕྲད་པ་ཙམ་གྱིས་གྲག་ཡོང་བ་ལྟར་བཙལ་ན་ཅི་ཡང་མེད་མོད། གདགས་གཞི་དང་རྣམ་རྟོག་འཕྲད་ཙམ་གྱིས་ཅི་ཡང་གྲུབ་ཆོག་གི་རེད། རྒྱུ་མཚན་དེའི་ཕྱིར་ན། གསང་འདུས་རྩ་རྒྱུད་ལས། དངོས་པོ་མེད་པས་སྒོམ་པ་མེད།། བསྒོམ་པར་བྱ་བ་སྒོམ་པ་མིན།། དེ་ལྟར་དངོས་པོ་དངོས་མེད་པས།། སྒོམ་པ་དམིགས་སུ་མེད་པའོ།། དངོས་པོ་ཐམས་ཅད་དང་བྲལ་བ།། ཕུང་བོ་ཁམས་དང་སྐྱེ་མཆེད་དང་།། གཟུང་དང་འཛིན་པ་རྣམ་སྤངས་པ།། ཆོས་བདག་མེད་པ་མཉམ་ཉིད་པས།། རང་སེམས་གདོད་ནས་མ་སྐྱེས་པ།། སྟོང་བ་ཉིད་ཀྱི་རང་བཞིན་ནོ།། ཞེས་དགག་ཕྱོགས་རང་ངོས་ནས་མ་གྲུབ་པ་དང་། ཉེ་འཁོར་གྱིས་ཞུས་པའི་མདོ་ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་ཕྱེ་ཞིང་།། གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ།། འདི་ན་དེ་ལའང་བྱེད་པོ་འགའ་མེད་དེ།། དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན།། རྟོག་པའི་དབང་གིས་འཇིག་རྟེན་རྣམས་བཏགས་ཏེ།། ཞེས་དང་། བཞི་བརྒྱ་བ་ལས། རྟོག་པ་མེད་པར་འདོད་ཆགས་ལ།། སོགས་པ་ཡོད་ཉིད་ཡོད་མིན་ན།། ཡང་དག་དོན་དང་རྟོག་པ་ཞེས།། བློ་དང་ལྡན་པ་སུ་ཞིག་འཛིན།། ཞེས་དང་། རིགས་པ་དྲུག་ཅུ་པ་ལས། འཇིག་རྟེན་མ་རིག་རྐྱེན་ཅན་དུ།། གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས།། དེ་ཡི་ཕྱིར་ན་འཇིག་རྟེན་འདི།། རྣམ་རྟོག་ཡིན་ཞེས་ཅིས་མི་འཐད།། ཅེས་སྒྲུབ་ཕྱོགས་རྟོག་པས་བཏགས་ཙམ་དུ་དབུ་མ་ཐལ་འགྱུར་བའི་མཁས་པ་རྣམས་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་གསུངས།
འོ་ན། སངས་རྒྱས་ཀྱི་སར་གང་ཡིན་ཟེར་ན་རང་སྣང་ལ་ཡེ་ཤེས་ཀྱི་སྣང་བ་ཙམ་ལས་མེད་པས་རྟོག་པའི་སྣང་བ་གཞན་སྣང་གི་ཚུལ་དུ་འཇོག་དགོས། དུས་རྒྱུན་ཆོས་ཐམས་ཅད་བློ་ཡིས་བཞག་ཙམ་ཞེས་བརྗོད་ན་བདེ་བོ་ཡོད། མཆོད་པ་བདུན་ཚར་ཞིག་རྩེད་མོ་ཡི་ཆེད་དུ་བཤམས་པ་ཡིན་ན་དགེ་བར་མི་འགྱུར་ཞིང་། དེ་དགེ་བའི་ངོ་བོར་སྒྱུར་མཁན་དེ་དད་པ་ཡིན། དེ་བཞིན་ཡིད་ཀྱིས་སྤྲུལ་བའི་མཆོད་པ་མཐའ་དག་རྣམ་རྟོག་གིས་བསྐྲུན་དགོས་པར་མ་ཟད། དངོས་སུ་བཤམས་པའི་མཆོད་པ་ཡང་རྣམ་རྟོག་གིས་མོས་པ་བྱས་ཏེ་དེ་དང་དེའི་ངོ་བོར་བསྒྱུར་དགོས་ཀྱི་ཡོད། ང་ཚོས་འདོན་པ་འདོན་དུས། མཆོད་ཡུལ་དང་། མཆོད་མཁན་དང་། མཆོད་རྫས་རྣམས་རྣམ་པར་རིག་པའི་སེམས་ཀྱིས་བཏགས་པ་ཙམ་དུ་ཟད་དོ།། ཞེས་པ་ལྟ་བུ་རེད། མདོ་ལས། གང་ལ་མོས་པ་གཙོར་བྱས་པ།། དེ་ཡི་མདུན་ན་ཐུབ་པ་བཞུགས།། ཞེས་གསུངས་པ་ལྟར། མོས་ངོར་ཤར་བའི་སངས་རྒྱས་དེ་ལ་སྐྱབས་སུ་འགྲོ་དགོས་ཤིང་ནམ་ཞིག་དེ་སངས་རྒྱས་དངོས་གནས་སུ་གྱུར་དུས་རང་ཉིད་སངས་རྒྱས་པ་ཡིན། ཕྱག་འཚལ་དཀོར་སྦྱོང་དང་ཚོགས་བསགས་སྒྲིབ་སྦྱོང་གང་ཞིག་ཡིན་རུང་འདག་རྒྱུ་དེ་རྣམ་རྟོག་གི་ངོར་དག་དགོས་ལ་བསག་རྒྱུ་དེ་ཡང་རྣམ་རྟོག་གིས་བསག་དགོས། ཡར་དག་ཞིང་དང་མར་ངན་སོང་ཐམས་ཅད་རྣམ་རྟོག་གི་སྣང་བ་ཙམ་མ་གཏོགས། ཡར་འགྲོ་སའི་ཞིང་ཁམས་ཤིག་དང་མར་འགྲོ་སའི་ངན་སོང་ཞིག་ད་ལྟ་ནས་བཀོད་སྒྲིག་བྱས་ཏེ་སྒུག་འདུག་མཁན་གང་ཡང་མེད། རྣམ་རྟོག་ངན་པའི་སྣང་བ་ཡ་ང་བ་དང་རྣམ་རྟོག་བཟང་བོའི་སྣང་བ་ཉམས་དགའ་བ་ནི་ཆོས་ཉིད་དུ་གྲུབ་པས་ན། རྒྱུ་འབྲས་མི་བསླུ་བའི་དོན་ཡང་དེ་ཡིན་ལ་རྟོག་པས་བཏགས་ཙམ་རྩ་ཆེ་བའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད། བརླན་གཤེར་ཕོར་བ་གང་ལ་ལྷ་མི་ཡི་དྭགས་གསུམ་གྱིས་བལྟས་པའི་ཚེ་སྣང་ཚུལ་མི་འདྲ་བ་གསུམ་འབྱུང་གིན་ཡོད་པར་གསུངས་པ་ལྟར། སྐྱེས་བུ་གཅིག་ལ་དགྲ་གཉེན་བར་མ་གསུམ་གྱིས་བལྟས་པའི་ཚེ་ན་ཡང་སྣང་ཚུལ་མི་འདྲ་བ་གསུམ་བྱུང་བ་དེ་ཐམས་ཅད་རྣམ་རྟོག་གིས་བཟོ་བཞིན་ཡོད། སྤྱོད་འཇུག་ལས། ལྕགས་སྲེག་ས་གཞི་སུ་ཡིས་བྱས།། མོ་ཚོགས་དེ་དག་ཅི་ལས་བྱུང་།། དེ་འདྲ་དེ་དག་ཐམས་ཅད་ནི།། སྡིག་སེམས་ཡིན་པར་ཐུབ་པས་གསུངས།། ཞེས་དང་། མཛོད་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།། དེ་ནི་སེམས་པ་དང་དེས་བྱས།། ཞེས་དང་། དབུ་མ་འཇུག་པ་ལས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་།། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད།། འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས།། སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན།། ཞེས་སོགས་ཀྱིས་ཡོད་ཚད་རྟོག་པས་བཏགས་ཙམ་དུ་གསུང་གིན་ཡོད། སྤྱོད་འཇུག་ལས། ད་དུང་འགྲོ་བཀྲེན་ཡོད་ན་སྔོན།། སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན།། ཞེས་གསུངས་པ་ལྟར་སྦྱིན་པ་ཟེར་བ་དེ་ཡང་བློ་ངོ་ནས་རྫོགས་རྒྱུ་མ་གཏོགས་གཞན་གྱི་དབུལ་བ་སེལ་དགོས་ན། དེ་སྔ་སངས་རྒྱས་བྱུང་མ་མྱོང་བའི་ཐལ་བ་ཡོད། ཨ་མའི་བྱམས་བརྩེ་ལ་མཐའ་མེད་པ་དེ་ཨ་མའི་ངོས་ནས་འཇོག་པ་མ་གཏོགས་བུ་ཡི་སྡུག་བསྔལ་སེལ་ཡོད་མེད་ལ་འབྲེལ་བ་མེད།
དེ་ལྟར་མདོ་ཕྱོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་བློ་ངོ་ནས་རྫོགས་དགོས་ཤིང་སྔགས་ཕྱོགས་རྒྱུད་སྡེ་བཞི་ཡི་ཉམས་ལེན་དེ་བས་ཀྱང་བློ་ངོ་ནས་རྫོགས་དགོས་པ་ཡིན། དཔེར་ན། ད་ལྟའི་ཐ་མལ་བའི་སྣོད་བཅུད་ཀྱི་སྣང་བ་འདི་ཐམས་ཅད་སྐད་ཅིག་གིས་སྟོང་བའི་དབྱིངས་སུ་འཇའ་ཡལ་བ་ལྟར་དག་ཅིང་། རྣམ་རྟོག་གསར་བ་ཞིག་གིས་མ་དག་པའི་སྣོད་བཅུད་ཐམས་ཅད་མཆོད་ལྷ་དང་མཆོད་རྫས་ཀྱི་ངོ་བོར་བསྒྱུར་ནས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རྣམ་པར་ཤར་ཏེ། ཐ་ན་ཕུང་བོ་རགས་པ་འདི་ཡང་ཐབས་མཁས་ཀྱིས་ཟད་པར་བྱེད་པའི་དུས་འཁོར་ལུགས་ཀྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཡང་བློ་ངོ་ནས་འགྲུབ་དགོས་ལ། བླ་མེད་གཞན་གྱི་དག་མ་དག་གི་སྒྱུ་ལུས་ཟུང་འཇུག་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་ཡང་བློ་ངོ་ནས་ཐོབ་དགོས་པས། གསང་སྔགས་མོས་པས་འགྲུབ་ཅེས་གསུངས་པའི་གནད་ཀྱང་དེ་ན་ཡོད། དེ་བཞིན་དུ་འཁོར་འདས་རོ་མཉམ། བདེ་སྡུག་རོ་མཉམ། བཟང་ངན་རོ་མཉམ། གཙང་བཙོག་རོ་མཉམ། ཟེར་བ་སོགས་ཀྱང་རྟོག་པས་བཏགས་ཙམ་འབའ་ཞིག་གི་སྟེང་ན་ཡོད་ཅིང་། ཐམས་ཅད་རྣམ་རྟོག་གིས་བཟོས་ཤིང་རྣམ་རྟོག་གིས་མཉམ་པར་ཡང་བྱེད་ནུས་པས། སྟོང་བ་ཉིད་ཀྱི་མིང་ལ་མི་མཉམ་པ་དག་མཉམ་པར་བྱེད་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཞེས་བཏགས་པ་ཡིན། གྱོན་ཆས་ཤིག་ལ་ཆ་བཞག་ན། སྔོན་ཆད་ལྷན་པ་མེད་པ་དེ་མཛེས་པ་དང་། ལྷན་པ་ཡོད་པ་དེ་མི་མཛེས་པར་བཞག་པ་རེད། ད་ལྟ་རལ་བ་ལྷན་པ་ཅན་རྒྱུ་བཟང་ངན་ལ་མི་ལྟ་བར་གསར་བ་ཡིན་མིན་ལྟ་བ་འདི་ཡང་མཛེས་པ་གདགས་གཞིའི་ངོས་ནས་མ་གྲུབ་པར་རྟོག་པས་བཏགས་ཙམ་གྱིས་འཇོག་གིན་ཡོད་པའི་རྟགས་ཡིན། སྔོན་ཆད་མཛེས་པར་བརྩིས་པའི་རྒྱན་ཆ་ཁ་ཤས་ད་ལྟ་གཏན་ནས་མི་མཛེས་པར་གྱུར་པ་ལྟ་བུ་རེད། དེང་སང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཐམས་ཅད་ཕྱོགས་བཞི་མཚམས་བརྒྱད་ལ་འཚང་ཁ་ཤིག་ཤིག་ཏུ་འགྲོ་པ་འདི་དག་རང་རང་གི་ཕ་ཡུལ་གྱི་སྣང་བ་ལ་རེ་ཞིག་སུན་སྣང་སྐྱེས་ཏེ་རྣམ་རྟོག་གིས་ཚོར་བ་གསར་བ་རེ་བཙལ་ནས་འགྲོ་བཞིན་ཡོད། འོན་ཀྱང་གཏན་ཏུ་སྤྲོ་སྣང་སྟེར་ས་ཞིག་རང་སེམས་ནས་མ་བཙལ་བར་ཕྱི་རོལ་དུ་ནམ་ཡང་རྙེད་ཐུབ་མེད། འཇིག་རྟེན་འདིར་རེ་དོགས་ཀྱིས་ཚད་མ་ཟིན་པར་རང་རྒྱལ་གཞན་ཕམ་གྱི་འཁོར་ལོ་བར་མེད་དུ་སྐོར་བཞིན་པ་ཐམས་ཅད་རྟོག་པས་བཏགས་ཙམ་གྱིས་དབང་མེད་དུ་དེད་ནས་འགྲོ་གི་ཡོད། ཆོ་ག་ལས། བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལ་དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། ཞེས་གསུངས་པ་ལྟར། རྣམ་རྟོག་ལ་དབང་མ་འབྱོར་བར་དུ་དགའ་སྐྱོ་ཆགས་སྡང་གིས་གཞན་དབང་དུ་གྱུར་ནས་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་བརྒྱུག་དགོས་ཤིང་མི་འདོད་བཞིན་དུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མྱང་དགོས་བས་སྙིང་རྗེ་སྐྱེ་ས་ཡང་དེ་ཡིན་ལ་སྐྱེ་བ་ཕྱི་མ་ཡང་དེས་འགྲུབ། རྣམ་འགྲེལ་རྩ་བ་ལས། བདག་ལ་ཆགས་པ་དང་ལྡན་པས།། སེམས་ཅན་གཞན་གྱིས་བཀྲི་མིན་པར།། བདེ་སྡུག་དོར་ཐོབ་འདོད་པས་ན།། དམན་པའི་གནས་ནི་ཡོངས་སུ་ལེན།། ཞེས་པའི་དོན་ཡང་རྟོག་པས་བཏགས་ཙམ་གྱི་སྟེང་ན་ཡོད། ནམ་ཞིག་རེ་དོགས་གཉིས་ཀྱི་སོ་ཁ་ལས་ཐར་ཏེ་རྣམ་རྟོག་ལ་རང་དབང་ཐོབ་དུས་བདེ་སྐྱིད་ལ་གཞི་ནས་རང་དབང་ཐོབ་པ་ཡིན་པས་འགྱུར་མེད་ཀྱི་ཞིང་ཁམས་ངོ་མ་དེ་སེམས་ཀྱིས་བཟོ་དགོས། རྗེ་བཙུན་མི་ལ་རས་པ་ལ་གཉེན་ཉེ་དང་མཛའ་བཤེས་རྒྱུ་ནོར་སོགས་གང་ཡང་མེད་པར་རི་ལུང་རྫ་ལུང་ན་མགུར་གླུ་བླངས་ནས་སྐྱིད་ཐག་ཆོད་ཡོད་པ་དེ་རྣམ་རྟོག་ལ་དབང་འབྱོར་ནས་སེམས་ཀྱི་ཞིང་ཁམས་དེ་རྙེད་པ་ཡིན་ལ། ཚངས་པ་བརྒྱ་བྱིན་ལྟར་གནས་སྐབས་ཅི་བསམ་ལ་མངའ་བརྙེས་ནས་ཡོད་མཁན་ཚོར་སེམས་མ་སྐྱིད་པར་རང་ཤི་རྒྱག་དགོས་དོན་ཡང་རྣམ་རྟོག་གི་སྣང་བ་ཚད་མ་ཟིན་པས་ཡིན། ནམ་ཞིག་རང་སེམས་སྟོང་བ་དང་དབྱེར་མེད་དུ་གྱུར་ཏེ་རང་དབང་མེད་པའི་སྐྱེ་རྒ་ན་འཆི་ཡི་སྣང་བ་དུས་གཏན་དུ་ལོག་པ་ན་འཁོར་བ་མཐའ་ཅན་དུ་བྱས་པ་དང་། སྒོམ་སྟོབས་ཀྱིས་ངེས་པ་སྟོང་ཉིད་ལ་དྲངས་ཤིང་སྣང་བ་ལྷ་སྐུ་དངོས་གནས་པར་གྱུར་པ་དེའི་ཚེ་སངས་རྒྱས་པ་ཡིན། རླུང་སེམས་ལ་དབང་འབྱོར་ཏེ་རྨི་ལམ་གྱི་སྣང་བ་དངོས་གནས་པར་གྱུར་པ་ལྟ་བུ་ཞིག་ཡིན་པ་རེད། དེ་ཡང་དགག་ཕྱོགས་ནས་རང་ངོས་ནས་མ་གྲུབ་པ་དང་སྒྲུབ་ཕྱོགས་ནས་རྟོག་པས་བཏགས་ཙམ་སྟེ། སྣང་སྟོང་ངོ་བོ་དབྱེར་མེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་གྲུབ་པ་ཡིན་ཞིང་དེའི་ཚེ་རང་སྣང་ལ་མ་དག་པའི་སྣང་བ་གང་ཡང་མེད། འོན་ཀྱང་སྨོན་ལམ་གྱི་དབང་གིས་གཞན་དོན་འབད་མེད་དུ་བྱེད་ནུས་ཤིང་དེ་ཡང་གཙོ་བོར་གདུལ་བྱ་རང་གི་སེམས་ཀྱིས་བཟོ་དགོས། ལུང་སིལ་བུ་ལས། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་དག་སུ་ཞིག་མགོན་དུ་འགྱུར།། མཁས་པས་བདག་ཉིད་ཤིན་ཏུ་ནི།། དུལ་བས་མཐོ་རིས་ཐོབ་པར་འགྱུར།། ཞེས་དང་། དབུ་མ་འཇུག་པ་ལས། ཇི་བཞིན་རང་གི་བསྟན་བཅོས་དེ་དེ་ལས།། མུ་སྟེགས་རྣམས་ཀྱིས་གང་ཟག་སོགས་དེ་དག། སྨྲས་པ་དེ་དག་བྱེད་པོར་མ་གཟིགས་ནས།། རྒྱལ་བས་སེམས་ཙམ་འཇིག་རྟེན་བྱེད་པོར་གསུངས།། ཞེས་པ་ཡང་ཐམས་ཅད་ཀྱི་བྱེད་པ་བོ་སེམས་ཡིན་པའི་དོན་ཡིན། གང་ལྟར་ཟབ་མོ་སྟོང་བ་ཉིད་ཟེར་བ་དེ་སྨྲ་བསམ་བརྗོད་མེད་ཡིན་པས་བཤད་ཚུལ་མི་འདྲ་བ་ག་ཚོད་ཡོད་ཀྱང་རང་སེམས་ལ་དབང་འབྱོར་ཞིང་མ་དག་པའི་སྣང་བ་དུས་གཏན་དུ་འགོག་ནུས་ན་དེ་ཙམ་གྱིས་ལྟ་བ་རྣམ་དག་ཏུ་གྱུར་པ་ཡིན། བུ་རམ་གོར་མོ་ཞིག་མི་བཞིས་ཕྱོགས་བཞི་ནས་ཟོས་པའི་བྲོ་བ་ཇི་ལྟ་བ་བཞིན་བརྗོད་མི་ཤེས་ཤིང་བརྗོད་ཚུལ་མི་འདྲ་བ་ཅི་ཙམ་ཡོད་ཀྱང་བུ་རམ་ཟོས་པ་ལ་ཁྱད་པར་མེད་པ་ལྟ་བུའོ།། པན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་། སོ་སོར་མིང་འདོགས་མང་ན་ཡང་།། ངེས་དོན་ལུང་རིགས་ལ་མཁས་ཤིང་།། ཉམས་མྱོང་ཅན་གྱི་རྣལ་འབྱོར་བས།། དཔྱད་ན་དགོངས་པ་གཅིག་ཏུ་འབབ།། ཞེས་གསུངས་པས་སོ།། རྒྱུ་མཚན་འདི་དག་གི་ཕྱིར་ན། རྟོག་པས་བཏགས་ཙམ་ཟེར་བ་དེ། མདོ་སྔགས་ཀྱི་གནད་བསྡུས་པའི་གསུང་གཅིག་པུ། གྲུབ་མཐའ་ཐམས་ཅད་ཀྱི་མཐུན་མོང་གི་ལྟ་བ། ཆོས་འཇིག་རྟེན་གཉིས་ཀྱི་སྡོམ་ཚིག་ཆེན་པོ་ཞེས་བཤད་ཆོག་ཆོག་ཡིན།
མདོར་ན། ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་རྒྱུ་ཡོད་པ་དེ་ཡང་རྟོག་པས་བཏགས་ཙམ་གྱི་བཀའ་དྲིན་ཡིན་ཞིང་ལས་འབྲས་དང་དཀོན་མཆོག་ལ་ངེས་ཤེས་དང་ཡིད་ཆེས་བརྟན་པོ་ཡང་རྟོག་པས་བཏགས་ཙམ་གྱི་ངོས་ནས་བསྐྱེད་དགོས། ང་ཁྱོད་ལ་བཏགས་ཏེ་སྙིང་རྗེ་བ་དང་། ཁྱོད་ང་ལ་བཏགས་ཏེ་ཡལ་བར་འདོར་བའི་བདག་གཞན་མཉམ་བརྗེ་ཡང་རྟོག་པས་བཏགས་ཙམ་གྱིས་བརྟན་པོར་བྱེད་དགོས་ཤིང་ཟབ་མོ་དབུ་མའི་ལྟ་བ་ཡང་རྟོག་པས་བཏགས་ཙམ་གྱི་ངོས་ནས་གླེང་དགོས། རྟག་ཆད་ཀྱི་མཐའ་གཉིས་ཀྱང་རྟོག་པས་བཏགས་ཙམ་དང་རང་ངོས་ནས་གྲུབ་པས་སྟོང་བ་གཉིས་ཕན་ཚུན་བརྗེ་རེས་ཀྱིས་སེལ་དགོས་ལ། ཐ་སྙད་ཚད་གྲུབ་ཡང་མཐར་གཏུགས་ན་རྟོག་པས་བཏགས་ཙམ་གྱི་སྟེང་ནས་འཇོག་དགོས། སྟོང་བ་དང་རྟེན་འབྱུང་དོན་གཅིག་ཚུལ་ཡང་རྟོག་པས་བཏགས་ཙམ་གྱི་ངོས་ནས་བསམ་དགོས་ཤིང་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་དྲིན་དང་ཁྱད་ཆོས་ཀྱང་རྟོག་པས་བཏགས་ཙམ་གྱི་སྒོ་ནས་དྲན་དགོས་པའི་གནད་ཀྱིས། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་བ་ཉིད་ཤེས་ནས།། ལས་དང་འབྲས་བུ་བསྟེན་པ་གང་།། ངོ་མཚར་བས་ཀྱང་འདི་ངོ་མཚར།། རྨད་བྱུང་བས་ཀྱང་འདི་རྨད་བྱུང་།། ཞེས་དང་། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཀྱང་། རྟེན་འབྲེལ་བསྟོད་པ་ལས། འདི་ཡི་ཕྱིར་དུ་ཁྱོད་ཀྱིས་ནི།། ལ་ལར་སྐུ་དང་གཞན་དུ་སྲོག། སྡུག་པའི་གཉེན་དང་ལོངས་སྤྱོད་ཚོགས།། གྲངས་མེད་བསྐལ་བར་ཡང་ཡང་བཏང་།། ཞེས་དང་། འདི་ལས་ངོ་མཚར་གྱུར་བ་དང་།། འདི་ལས་རྨད་དུ་བྱུང་བ་གང་།། ཚུལ་འདིས་ཁྱོད་ལ་བསྟོད་ན་ནི།། བསྟོད་པར་འགྱུར་གྱི་གཞན་དུ་མིན།། ཞེས་དང་། མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན་དེ་ཡང་ནི།། འདི་ཉིད་ཡིན་ཕྱིར་མཁས་པ་ཡིས།། འདི་ལས་སངས་རྒྱས་རྗེས་དྲན་བྱོས།། ཞེས་དང་། འདྲེན་པ་མཆོག་དེས་བསྐལ་བ་དཔག་མེད་ཀྱིས།། ནན་ཏན་སྙིང་བོར་མཛད་ནས་བསྒྲུབས་པ་འདི།། ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི།། རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག། ཅེས་གསུངས་པ་ཡིན་ནོ།། ཐུགས་རྗེ་ཆེ། འདི་ནི་སྔོན་ཆད་དབུ་མའི་བགྲོ་གླེང་སྟེང་བློ་ཐོག་ནས་གང་བྱུང་དུ་བཤད་པ་ཞིག་ལ་ད་རེས་སྣོན་པ་ཅུང་ཟད་བཏབ་སྟེ་ཡིག་ཐོག་ཏུ་བཀོད་པ་ཡིན་པས་ཀློག་པ་བོ་རྣམས་ཀྱིས་བརྩེ་བ་དང་བཟོད་སྒོམ་གྱི་ཀློང་ནས་འཁྲུལ་བའི་ཆ་མཐའ་དག་རྟོག་པའི་དབྱིངས་སུ་འདྲེན་པར་སྨོན་ནོ།།
ཟུར་ཞུ། བདག་གི་བསྡུས་གྲྭ་དང་དྲང་ངེས་དབུ་མ་སོགས་ཀྱི་དོགས་དཔྱོད་ཁ་ཤས་གཞན་གྱིས་ཚོང་རྫས་ཀྱི་ཆེད་དུ་བསྐྱར་དཔར་ཡང་དཔར་མང་བོ་མཐོང་རྒྱུ་འདུག་པས། ད་ནས་བཟུང་གང་འདོད་དུ་བསྐྱར་དཔར་མི་རྒྱག་རྒྱུའི་རེ་ཞུ་བྱས་པ་ཡིན། རྒྱུ་མཚན་འདི་དག་སྔོན་སློབ་གཉེར་གྱི་སྐབས་སུ་གང་འདོད་དུ་བྲིས་པའི་བརྗེད་ཐོ་ཙམ་ལས་ཞུ་དག་ཡག་པོ་སོང་མེད་པས་ཡིན། སྤྱིར་འདི་ལ་དགོས་པ་ཆེར་མེད་ཀྱང་མ་ཡིག་ཕྱི་ལ་ཁྱབ་ཟིན་པའི་སྟབས་ཀྱིས་ད་ལྟ་ཡང་བསྐྱར་དག་བཅོས་བྱས་ཏེ་པར་བསྐྲུན་བྱ་རྩིས་ཡོད། དེ་སྔོན་ཉོས་ཟིན་པ་རྣམས་ལ་དགོངས་དག་ཞུ། བསྟན་པ་ཆོས་འཕེལ་གྱིས།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!