属于我们共同的文学大舞台
༄༅།།མཐའ་བྲལ་དབུ་མའི་ལྟ་བ་སྨྲ་བའི་ཁྱུ་མཆོག་རྗེ་བཙུན་བླ་མ་དམ་པ་༧བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་བོ་མཆོག་གི་མདོ་སྔགས་རིག་གནས་དང་བཅས་པའི་བཀའ་ཁྲིད་སྒྲ་ཕབ་ཕྱོགས་བསྒྲིགས་གཞུང་བརྒྱའི་འོད་སྣང་ཞེས་བྱ་བའི་མཚམས་སྦྱོར་མདོར་བསྡུས།
སྙན་སྒྲོན་པ། བཀྲ་ཤིས་དབང་ཕྱུག
དེ་ཡང་གངས་ལྗོངས་བསྟན་པ་ཡང་དར་སྐབས་ཀྱི་བསྟན་པའི་གདུང་འཚོབ་ཟླ་མེད་པ། སྙིགས་དུས་ཀྱི་འབྲོམ་སྟོན་གཉིས་པའི་རྣམ་ཐར་བདག་གིར་མཛད་ཅིང་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་སོགས་མཁས་དང་གྲུབ་པའི་ཡོན་ཏན་གྱི་དྲི་བསུང་ཕྱོགས་སུ་དཀྲིགས་པའི་ཆོས་ཀྱི་རྗེ་མ་ཧཱ་པཎྚི་ཏ་༧རྗེ་བཙུན་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་པོ་མཆོག་ནི། སྤྱི་ལོ་༡༩༣༧ལོར་རེབ་གོང་ཐེ་བུ་རུ་སྐུ་འཁྲུངས་ཤིང་། དེ་སྔོན་༧ ཀུན་གཟིགས་པཎ་ཆེན་དགུ་བ་ཆེན་པོའི་ལུང་བསྟན་ཡོད་པ་བཞིན་དགུང་ལོ་གསུམ་གྱི་སྟེང་བསེ་སྐུ་ཕྲེང་ལྔ་བའི་ཡང་སྲིད་དུ་ངོས་འཛིན་མཛད།
སྔ་རྗེས་སུ་དགེ་བའི་བཤེས་གཉེན་ཆེན་པོ་ཀུན་དགའ་རྒྱ་མཚོ་དཔལ་བཟང་པོ་དང་། གངས་ལྗོངས་ལྷ་མིའི་རྣམ་འདྲེན་དམ་པ་༧གོང་ས་རྒྱལ་བའི་དབང་པོ་བཅུ་བཞི་བ་ཆེན་པོ། ཀུན་གཟིགས་པཎ་ཆེན་བཅུ་བ་རྗེ་བཙུན་༧བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ། མ་ཧཱ་པཎྚི་ཏ་རྗེ་འཇིགས་མེད་རིགས་པའི་བློ་གྲོས། རྩ་བའི་བླ་མ་སྐྱབས་རྗེ་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། ཤར་སྐྱབས་མགོན་བདུན་པ་ཆེན་པོ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ། མར་ནང་རྡོ་རྗེ་འཆང་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། འབྲས་སྤུངས་དགེ་བཤེས་དབལ་ཤུལ་འཇམ་དབྱངས་རྒྱ་མཚོ། རབ་འབྱམས་པ་མགྲོན་ལུང་འཇམ་དབྱངས་གྲགས་པ། དུས་ཞབས་པ་མཁས་དབང་སྟག་ལྷ། ཁ་གྱའི་སྒོམ་རྭའི་ཨ་ཁུ་རིན་པོ་ཆེ་རྗེ་ནི་རུའི་བསྟན་པ་ཚང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ། གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་སུ་ཉེ་བའི་ཞབས་ལ་གཏུགས་ཏེ་ཚད་མ་དང་དབུ་ཕར་མཛོད་འདུལ་སོགས་མདོ་ཕྱོགས་བཀའ་པོཏ་ལྔ་དང་། སྔགས་ཕྱོགས་རྒྱུད་སྡེ་བཞིའི་སྤྱི་ཟུར་གྱི་དབང་དང་ལུང་ཁྲིད་རྗེས་གནང་། རྒྱུད་སྡེ་འོག་མའི་མཚན་བཅས་མཚན་མེད། བླ་མེད་ཀྱི་བསྐྱེད་རྫོགས་སོགས་རྒྱུད་སྡེ་རབ་འབྱམས་ཀྱི་ཁྲིད་དང་མན་ངག །ལམ་སྒྲོན་དང་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་བཀའ་གདམས་གསར་རྙིང་གི་བློ་སྦྱོང་མཐའ་ཡས་པའི་སྐོར། འཕགས་བོད་ཀྱི་མཁས་གྲུབ་ལྔ་བཅུར་ཉེ་བའི་བསྟན་བཅོས་དང་གསུང་འབུམ་གྱི་བཀླག་ལུང་བཀའ་རྒྱ་མ་སོགས་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་སྙིགས་དུས་ཀྱི་བསྟན་པའི་བདག་པོ་འགྲན་ཟླ་མེད་པར་བཞེངས། གཞན་སྒྲ་སྙན་རྩིས་གསུམ་དང་སུམ་རྟགས་དག་གསུམ་སོགས་ཀྱིས་མཚོན་ཐུན་མོང་རིག་གནས་ལ་ཡང་སྔོན་གྱི་བག་ཆགས་ཀྱི་ཤུགས་ཀྱིས་ཐོས་བསམ་མཐིལ་ཕྱིན་པ་གནང་སྟེ་འཆད་རྩོད་རྩོམ་གསུམ་ལ་གངས་རིའི་ལྗོངས་ཀྱི་མཁས་པ་དང་གྲུབ་པ་སུས་ཀྱང་བསྒྲུན་པའི་དཔེ་ཟླ་དང་བྲལ་བར་གྱུར། བར་སྐབས་སུ་དུས་འགྱུར་འཐོར་རླུང་དྲག་པོའི་སེང་རས་ཀྱིས་ཐུན་མོང་གཞན་དོན་གྱི་མཛད་འཕྲིན་ཅུང་ཟད་བསྒྲིབས་པར་གྱུར་ནའང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ནི་བསྟན་པ་རིན་པོ་ཆེ་ཤིན་ཏུ་ཉག་ཕྲ་བའི་དུས་སུ་ཚངས་སྤྱོད་ཐུབ་པའི་བརྟུལ་ཞུགས་ལྷུར་བཞེས་ཏེ་དམ་པའི་རང་མདངས་ཆེས་ཆེར་མངོན་པར་མཛད་པ་ནི་ཆོས་ཉིད་ལགས་པས། དུས་ཀྱི་ཡང་མཐའ་འདིར་བསྟན་པའི་དཔུང་གཉེན་དང་འགྲོ་བའི་རྩ་ལག་དམ་པར་བཞེངས་པ་ནི་རྣམ་ཐར་གྱི་འགངས་ཆེ་ཤོས་ལགས་སོ། །
ཁོང་གི་སྐུ་ཚེ་གང་བོར་མཚོ་སྔོན་གྱི་རེབ་གོང་རོང་བོ་དགོན་ཆེན་གྱིས་གཙོས་གྱ་ས་འགར་རྩེ་དགོན་དང་། སེང་གེ་གཤོང་ཡ་འགོ་དང་མ་འགོ ། ཐོ་ཀྱ་དགོན། སྤེན་དཀར་ཐང་དགོན་པ། ཡི་སྒར་དགོན། གཉན་ཐོག་དགོན། རྩེ་ཁོག་ཁེ་རུས་བཀྲ་ཤིས་ཆོས་གླིང་། བིས་མདོའི་དགོན་ཆེན། རྐང་ཚའི་གསེར་ཁ་དགོན། བྱ་ཁྱུང་དགོན་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་། དཔའ་ལུང་སྟག་དགོན་པ། བྲག་ལུང་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་། ཀྱ་ཀྱའི་དགོན་ཐེག་ཆེན་ཆོས་གླིང་། ཟལ་མོ་དགོན་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་། མཐུ་བ་དགོན། མདོ་བ་འབྲོག་དགོན་པ།སི་ཁྲོན་གྱི་ཐང་སྐོར་སོག་ཚང་དགོན། ལྷ་མོ་ཀིརྟི་དགོན། དྲན་པ་དགོན། རྒྱ་དགེ་དགོན། ལུང་བཟང་རི་ཁྲོད། ཀན་སུའུའི་གཏེར་ལུང་དགོན། གཙོས་དགའ་ལྡན་ཆོས་གླིང་། ཁ་གྱ་སྨད་དགོན་པ། ཁ་གྱ་སྟོད་དགོན་པ། མཛོད་དགེ་སྒར་རྙིང་དགོན། ཆོས་རྫོང་རྙིང་མ་དང་གསར་མའི་དགོན་གོང་འོག་གཉིས། ཀླུ་ཆུའི་ཤིས་ཚང་སྒར་གསར། ཅོ་ནེ་དགོན་ཆེན་ཏིང་འཛིན་དར་རྒྱས་གླིང་། ཧོར་གཙང་ཀིརྟི་དགོན། ཡི་གེ་ཐང་དགོན་པ། འགོ་བ་ཐང་སྔགས་སྒར། ཤོ་བ་དགོན་པ། ཁང་ཐོག་དགོན་གོང་ཞོལ་གཉིས།བཀྲ་ཤིས་སྒར། རོང་ངར་དགོན། གནམ་ལྷ་དགོན་སོགས་ཆོས་སྡེ་ལྔ་བཅུར་ཉེ་བར་དབང་ལུང་མན་ངག་གི་གདམས་པ་ཆུ་བོའི་རྒྱུན་ལྟར་གནང་བས་བསྟན་པའི་འཕེལ་འགྲིབ་ཀྱི་དབང་གིས་ཆོས་རྒྱུན་ཆད་ལ་ཉེ་བ་དག་སླར་ཡང་སོར་ཆུད་པར་མཛད་པ་དང་། སྔར་ཡོད་རྣམས་གོང་འཕེལ་དུ་མཛད་པ་ལས་རྗེས་འཛིན་ནུས་པའི་བུ་སློབ་ནམ་མཁའི་སྐར་ཚོགས་ལྟར་བསྐྲུན་པར་མཛད།
མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལྟག་ཆུ་ཟད་པའི་རྫིང་བུ་ལྟར་གྱུར་པ་ན་ཐུགས་སྟོབས་རྒྱ་ཆེར་བཞེས་ཏེ་སློབ་གསོའི་གར་སྟེགས་སུ་ཕེབས་ནས་སྔ་ཕྱིར། ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་གཙོས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གླིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སོའོ།མི་རིགས་དཔེ་སྐྲུན་ཁང་། ནུབ་བྱང་མི་རིགས་སློབ་ཆེན། བིས་མདོའི་པཎ་ཆེན་ཚད་མའི་སློབ་གླིང་། ཀན་ལྷོའི་མི་རིགས་སློབ་གྲྭ་དང་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན། གཙོས་བོད་རིགས་སློབ་འབྲིང་། ཅོ་ནེ་རྫོང་ཉིན་པ་སློབ་གྲྭ། བང་གུར་ཐང་ས་སོ་མ་སློབ་ཆུང་སོགས་སློབ་གྲྭ་རྣམས་སུ་སྤྱི་ཚོགས་གསར་བའི་མི་རིགས་སློབ་གསོའི་ལས་དོན་ལ་བགྲང་བྱ་བཞི་བཅུ་ཉེ་བར་སློབ་ཁྲིད་དང་ཕྱག་ལས་གནང་བས་ས་གནས་མི་རིགས་རང་གི་སྐད་ཡིག་དང་རིག་གནས་འཕེལ་རྒྱས་ལ་སྲོག་མཐུད་པ་ལྟར་གྱུར་པས། དེང་དུས་མཚོ་སྔོན་དང་ཀན་སུའུ་ས་ཆའི་མི་རིགས་སློབ་གསོའི་རྐང་འཛིན་དུ་གྱུར་པའི་དགེ་རྒན་རྣམས་ལས་ཕལ་ཆེར་ཁོང་གི་གསུང་སྐྱེས་བུ་སློབ་ཏུ་མ་གྱུར་པ་མེད། དུས་རབས་གསར་རྙིང་གི་བརྗེ་མཚམས་སུ་བླ་མ་སྤྱི་ལྟར་དགོན་སྡེ་འབའ་ཞིག་ཏུ་འཆད་ཉན་མཛད་པ་ཙམ་མིན་པར་མི་རིགས་སློབ་གསོ་ལ་གཞན་གྱིས་འགྲན་མི་ནུས་པའི་རླབས་ཆེན་གྱི་ཕྱག་རྗེས་རྒྱ་ཆེ་བ་བཞག་པ་འདི་འདྲ་བ་ནི་གངས་རིའི་ལྗོངས་སུ་ཁོང་ལྟ་བུ་གཅིག་གཉིས་ལས་མེད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རོ།།
ཁོང་རིན་པོ་ཆེས་སྔ་ཕྱིར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློང་གླིང་གི་རྒྱུན་འཛིན་ཞིབ་འཇུག་པ། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་རྩ་འཛུགས་ཚན་ཆུང་གི་མཚན་འཛིན་ཚོགས་གཙོ་དང་སྤྱིའི་བློ་འདྲི་ཡུལ། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུ། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་དམངས་སྲོལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་གཞོན་པ་དང་བོད་སྐད་ཡིག་རྩོམ་རིགས་ཀྱི་སློབ་དཔོན་ཆེན་མོ། ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི། ཀན་ལྷོ་ཁུལ་གཙོས་བོད་རིགས་སློབ་འབྲིང་གི་མཚན་འཛིན་སློབ་གཙོ། ཅོ་ནེ་རྫོང་ཉིན་པ་སློབ་གྲྭ་དང་བང་གུར་ཐང་ས་སོ་མ་སློབ་ཆུང་གི་མཚན་འཛིན་སློབ་གཙོ་སོགས་ཀྱི་འགན་བཞེས་མྱོང་བ་དང་། ཁོང་རིན་པོ་ཆེར་སྔ་ཕྱིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོག་ཐོབ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཇོ་མོ་གླང་མའི་གཟེངས་རྟགས། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཕུལ་བྱུང་ཤེས་ཡོན་པའི་གཟེངས་རྟགས། ཀན་སུའུ་ཞིང་ཆེན་སྐབས་དང་པོའི་དགེ་རྒན་གྲགས་ཅན་གྱི་གཟེངས་བསྟོད་དང་། ༢༠༡༩ ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཀྲུང་དབྱང་དམག་ཨུ་བཅས་མཉམ་འབྲེལ་གྱིས་རྒྱལ་ཁབ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་གཟི་བརྗིད་མི་སྣའི་མཚན་སྙན་སྩལ།
གསུང་རྩོམ་རྣམས་ལས་《ཚངས་སྲས་བཞད་སྒྲ་》ལ་བྱང་ཕྱོགས་ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བཅོ་ལྔའི་ཕུལ་བྱུང་དཔེ་དེབ་ཀྱི་བྱ་དགའ། ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་དང་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་སློབ་དེབ་ཀྱི་བྱ་དགའ་བཅས་ཐོབ།《བསེ་ཚང་གསུང་འབུམ་》ལ་སློབ་གསོ་པུའུ་ཡི་སྐབས་དྲུག་པའི་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་ཨང་གཉིས་པའི་བྱ་དགའ་བཅས་ཐོབ་ཡོད། སྤྱིར་དམ་པ་ཁོང་གིས་འཆད་ཁྲིད་གང་གནང་ལ་ལུང་རིགས་ཀྱི་སྒྲུབ་བྱེད་བཙན་ཞིང་འགྲིལ་ཆེ་བ། སྐབས་དོན་ལ་གཞོལ་བའི་ལེགས་བཤད་ཀྱིས་ཟུར་བརྒྱན་ཅིང་། བླ་མ་གོང་མའི་གསུང་རྒྱུན་དྲི་མ་མེད་པས་ཕྱུག་པ། གཞུང་ལུགས་ཀྱི་སྐོར་ལ་སྤྱི་དོན་གྱིས་ཁོབ་ཕུབ། མཐའ་དཔྱོད་ཀྱིས་གཞུང་བསྲིངས་ཏེ་གོ་བ་འབྱམས་ཀླས་པར་བསྐྱེད་པ། རང་ལུགས་གསལ་ཞིང་གཞན་ལུགས་ལ་ལུང་རིགས་ལྷུ་འགྲིག་པས་དཔྱད་པ་རྒྱས་བསྡུས་འཚམས་པ་རེ་མཛད་པ། ལྷག་པར་བསྐྱེད་རྫོགས་དང་བློ་སྦྱོང་ལྟ་བུའི་ཁྲིད་ཀྱི་སྐོར་ལ་ཉམས་ཁྲིད་གཙོ་བོར་མཛད་ཅིང་དམིགས་རིམ་གསལ་ཞིང་ངེས་ཆ་སྟེར་ཕན་ཆེ་བ་གཙོ་བོར་གནང་བས་གང་ཟག་མཆོག་དམན་སུས་ཉན་ནའང་རྒྱུད་འཁུལ་བ་ཤ་སྟག་འབྱུང་བ་དང་། གཞུང་དཔེའི་བཀླག་ལུང་ཙམ་མ་ཡིན་པར་ཚིག་དོན་འགྲིལ་ཆགས་པས་སྔོན་གྱི་བཀའ་གདམས་གོང་མའི་ཉམས་ཁྲིད་ཀྱི་རྒྱུན་གསོ་བ་སོགས་འཆད་པའི་ཡོན་ཏན་རྒྱ་ཆེར་མངའ་ཞིང་། ཁྱད་པར་ཐ་སྙད་རིག་གཞུང་འཆད་ཁྲིད་ཀྱི་སྐབས་གཞུང་ལུགས་དེ་དང་དེའི་བཤད་སྲོལ་ཐུན་མོང་མ་ཡིན་པ་གཙོར་འདོན་ལས་གཞུང་བརྒྱ་འཆད་སྟངས་གཅིག་པའི་ཟློས་གར་ལྷུར་མི་མཛད་ཅིང་། སྐབས་དོན་གྱི་དཀའ་གནད་ལ་དོགས་གཅོད་དང་དེ་ལ་མཁས་པ་སྔ་མའི་བཞེད་སྲོལ་གྱིས་གཞུང་དོན་རྒྱ་བསྐྱེད་པ། དཀའ་གནད་མི་འགྲོལ་བའི་དགོས་མེད་ཀྱི་ཚིག་གི་ལོ་མ་མི་བརྩེགས་པར་རང་ལུགས་འགྲིལ་ཆགས་པ་རེ་མཛད་པས་ཡིད་ལ་འཛིན་བདེ་བ། མདོར་ན་གསུང་སྙན་ཚངས་པའི་ང་རོ་གཏེར་དུ་ཆགས་པའི་ཡོན་ཏན་གྱིས་འཆད་པ་བྲག་ཐོག་ནས་ཆུ་བྱོ་བ་ལྟ་བུ་རྒྱུན་མི་ཆད་པ། གསུང་རྩུབ་པ་དང་དལ་གློད་ཆེ་བ་སོགས་འཆད་པའི་སྐྱོན་མཐའ་དག་རིང་དུ་སྤངས་པས་ཇི་སྐད་དུ། ལུས་སེམས་སྙིང་ནི་ཚིམ་བྱེད་དགའ་བདེ་སྐྱེད། །ཅེས་གསུངས་པ་ལྟར་སྐྱེ་ཕོ་མོ། སེར་སྐྱ་གང་གིས་ཉན་ཡང་ལུས་ཉན་པའི་ངལ་དུབ་དང་བྲལ་ཞིང་། ཡིད་ཐོས་པའི་ཡོན་ཏན་གྱིས་ཅི་དགར་གཏམས་པར་འགྱུར་བས་སྔོན་སྐྱེ་འགྲོ་མཐའ་ཡས་པའི་དོན་དུ་བྱང་ཆུབ་སེམས་དཔའ་འདབ་ཆགས་ནེ་ཙོའི་སྐྱེ་བར་བཞེས་པའི་ཐུགས་སྨོན་དང་། བཀའ་གདམས་དགེ་བཤེས་བྱ་ཡུལ་བ་དང་ཐུགས་སྲས་ངག་དབང་བཀྲ་ཤིས་པ་སོགས་དམ་པའི་སྐྱེ་རབས་ཀྱི་ཕྲེང་བས་མཛེས་པའི་རང་རྟགས་ཆེས་ཆེར་མངའ་བའི་རྟེན་འབྲེལ་མཐུ་སྨོན་ལས། སྐུ་ཚེ་གང་བོར་འཆད་ཁྲིད་ཀྱི་མཛད་པ་སྐྱོང་བ་མཐའ་དག་དུས་དབང་དང་ཆ་རྐྱེན་གང་ཐད་ནས་སྒྲ་ཕབ་ཞུ་ཐབས་མ་བྱུང་ནའང་གཞུང་སྒེར་ཅི་རིགས་ནས་གསུང་བཤད་རིན་པོ་ཆེ་བརྗེད་དུ་ཕངས་ཏེ་སྒྲ་ཕབ་རེ་ཞུས་པ་རྣམས་ཕྱོགས་གཅིག་ཏུ་སྒྲིག་འདུན་གྱི་སྐབས་སུ་ཨ་ལགས་ནགས་ཚང་རིན་པོ་ཆེས་གསང་འདུས་བསྐྱེད་རིམ་གྱི་སྒྲ་ཆ་ཚང་གནང་བའི་རྒྱུ་ཚོགས་རྟེན་འབྲེལ་ཕུན་སུམ་ཕོགས་པའི་མཐུ་ལ་བརྟེན་ནས་༢༠༢༠ལོའི་ལོ་མཇུག་ཏུ་སྐུ་དབོན་མཛོད་པ་འཇམ་དབྱངས་བློ་གྲོས་ལགས་ལ་སྐྱབས་རྗེ་བླ་མ་རིན་པོ་ཆེའི་བཀའ་ཁྲིད་འཚོལ་བསྡུ་དང་ཕྱོགས་སྒྲིག་སྐོར་གྱི་གནས་ཚུལ་ཞུས་འཕྲལ་སྤྲོ་དགས་བརྟས་ཤིང་དོན་འདི་ཤིན་ཏུ་ལེགས་པས་མཐུན་རྐྱེན་དང་འགྲོ་སོང་གང་དགོས་ནང་ཆེན་རང་ནས་ཕངས་མེད་དུ་གཏོང་རྒྱུ་ཡིན་ཞེས་ཞལ་བཞེས་གནང་། ༢༠༢༡ ལོའི་ཟླ་༣པའི་ཚེས་༢༨ཉིན་ཀ་ཇུའི་གཟིམ་ཤག་ཆོས་རིག་དགའ་ཚལ་ནས་བླ་མ་རྡོ་རྗེ་འཆང་མཆོག་ལ་བཀའ་ཁྲིད་འཚོལ་བསྡུ་ཕྱོགས་བསྒྲིགས་སྐོར་གྱི་སྙན་ཞུ་ཞུས་པར་ཡབ་རྗེ་བླ་མ་མཆོག་ཐུགས་ཤིན་ཏུ་དགྱེས་བརྩེ་ཆེན་པོས་བཀའ་ལན་ཚངས་པའི་རོལ་མོ་ཐོས་འཛིན་གསོས་པའི་རྒྱན་དུ་ཉེ་བར་འཁྲོལ་བས་འདི་ཕྱིའི་ལེགས་ཚོགས་ཀྱི་རྩ་བ་བླ་མར་སྲི་ཞུ་སྒྲུབ་པ་ལས་མེད་པས་དེ་ཕྱིར་ངེད་ཅག་གིས་ ༢༠༢༡ ལོའི་སྤྱི་ཟླ་༥ཚེས་༤ཉིན་དངོས་སུ་<བསེ་ཚང་བཀའ་ཁྲིད་སྒྲ་ཕབ་བསྡུ་སྒྲིག་ཚན་ཆུང་>བཙུགས་ཏེ། སྐུ་དབོན་མཛོད་པ་འཇམ་དབྱངས་བློ་གྲོས་ལགས་ཀྱིས་གཙོ་འགན་བཞེས་ཤིང་། གཙོས་ཤེས་རབ་རྒྱ་མཚོ་དང་སྐུ་ཚ་བཀྲ་ཤིས་དོན་གྲུབ། དགེ་འོས་སློབ་གྲྭའི་དཔལ་ལྡན་བཅས་བསྡུ་སྒྲིག་པའི་ཁོངས་མི་དང་། ལྷག་པར་ངག་རིགས་སྨྲ་བ་ཁ་གྱའི་ཁྱུང་སྔོན་གྱིས་ལག་བསྟར་བསྡུ་སྒྲིག་པའི་འགན་གཙོ་བོ་འཁུར་ཏེ་ཕྱོགས་ཡས་མས་ནས་རྩད་གཅོད་དང་འབྲེལ་གཏུགས། ལེགས་པར་བཏུས་ཟིན་པ་རྣམས་གསར་དུ་སྒྲ་ཕབ་པ། ཐོ་འགོད་དང་རིགས་དབྱེ་དགར་བ་སོགས་དཀའ་ལས་བརྒྱ་ཕྲག་དུ་མ་བརྒྱུད་དེ་ད་རེས་༧སྐྱབས་རྗེ་དམ་པ་ཁོང་གི་བཀའ་ཆོས་སྒྲ་ཕབ་ལེགས་བསྒྲིགས་གཞུང་བརྒྱའི་འོད་སྣང་ཞེས་བྱ་བ་འདི་ཡོངས་སུ་བསྒྲིགས་ཐུབ་པ་ཡིན་ལ། མཐར་རྣམ་དཀར་དགེ་ཚོགས་བྱ་བའི་ལས་འདིའི་སྦྱོར་དངོས་རྗེས་གསུམ་གང་ཅིའི་ཐད་ལ་སེམས་ཀྱིས་རྗེས་སུ་ཡི་རང་བྱེད་མཁན་ནས་བཟུང་ལག་ལེན་དངོས་ཀྱིས་རྒྱབ་སྐྱོར་གནང་མཁན་དང་། ལྷག་པར་དུ་རིན་ཐང་གཞལ་དུ་མེད་པའི་གསུང་གི་ནོར་བུ་འདི་དག་ལོ་ངོ་སུམ་ཅུ་རྩ་གྲངས་རིང་ལ་ཉར་ཚགས་དང་བདག་དམ་བྱས་ཏེ་ཐེངས་འདིར་ཆ་ཚང་མཁོ་སྤྲོད་གནང་མཁན་གྱི་གསུང་ལས་སྐྱེས་པའི་བུ་སློབ་ཀུན་ལ་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་ནས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུས་པ་ཡིན།།
ཞེས་བསེ་ཚང་བཀའ་ཁྲིད་སྒྲ་ཕབ་བསྡུ་སྒྲིག་ཚན་ཆུང་གིས་༢༠༢༡ལོའི་ཟླ་༨པའི་ཚེས་༡༥ལ།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!