属于我们共同的文学大舞台
<<ནོར་བུ་ཁྱུང་བསྐྱུགས>>ལ་རྫོངས་བདའ་སྦྱར་བ།
གཅན་རང་སད།
འདི་ནི་ངའི་ཚོར་བའི་ཟུངས་ཁྲག་ལས་བལྟམས་ཤིང་བརྩོན་པའི་རྔུལ་ཆུས་བསྐྱངས་པའི་སྙན་དེབ་ཀྱི་སྲས་མོ་བདུན་པ་སྟེ། <<ནོར་བུ་ཁྱུང་བསྐྱུགས>>ཡིན། དེ་རིང་ནི་ཁོ་མོས་མི་ལོ་ཧྲིལ་བོ་བཅུ་ཕྲག་གཅིག་ལྷག་གི་དགའ་སྐྱོ་དང་ལང་ཚོའི་མཛེས་པ་བཏེགས་ནས་མི་ཡུལ་གྱི་གནས་སྒོ་འགྲིམ་པའི་དུས་ལ་སླེབས་པས། ངས་ཀྱང་ལམ་འཇུག་གི་ཚུལ་དུ་སེམས་ངོ་མཚོན་པའི་སྐྱེལ་མའི་ཚིག་གསུམ་གྱི་རྫོངས་སྟ་མི་སྦྱོར་ཀ་མེད་བྱུང་།
འོ། ཐོག་མར་ངས་རང་གི་གཅེས་མ་འདི་མཚམས་སྦྱོར་རགས་ཙམ་བྱེད་པར་བྱ་སྟེ། གོང་དུ་གསལ་བ་ལྟར་ཁོ་མོའི་མིང་ལ<<ནོར་བུ་ཁྱུང་བསྐྱུགས>>ཟེར།དེ་ཡང་མི་ལོ་དུ་མའི་ཡར་སྔོན་ཙམ་ལ་གུས་པོས་རྗེ་ཙོང་ཁ་བའི<<རྟག་ངུའི་རྟོགས་བརྗོད>>གྱི་ཚིག་འགྲེལ་ཅིག་ལ་ཞིབ་མཇལ་བགྱིས་པའི་ལྷོངས་ཤིག་ཏུ། བཻཌཱུརྱ་ཞེས་པའི་ཐ་སྙད་འགྲེལ་བརྗོད་ཀྱི་ཁ་ཐུག་ལ།“བཻཌཱུརྱ་ནི་ནམ་མཁའ་ལྡིང་གིས་ཚེ་གང་ཀླུ་ཟ་བས། ནམ་ཞིག་ཀླུ་དུག་ཆེན་དང་འཁེལ་བ་ལས། ཚན་པོ་ཆེའི་དུག་གིས་མཁའ་ལྡིང་གི་སྙིང་རྨས་ཏེ་གནས་འགྱུར་བྱུང་ཞིང་ཁ་ནས་བསྐྱུག་པར་འགྱུར་རོ།། དེ་ནི་བཻཌཱུརྱ་སྟེ། མིང་གཞན་ལ་ནོར་བུ་ཁྱུང་བསྐྱུགས་སུ་འབོད་དོ།།” ཞེས་བཀོད་པ་མཐོང་བས་རྐྱེན་བྱས། མིང་བརྡ་འདི་ལ་དམིགས་བསལ་གྱིས་དོ་སྣང་བྱུང་ཞིང་སེམས་ངོ་རུ་ཉར་ནས་ཡུན་རིང་ཕྱིན། རེབ་འདིར་སྙན་དེབ་ཀྱི་གདགས་གཞི་དང་རྟ་འགྲིག་སྒ་འགྲིག་ཏུ་སོང་བར་བརྟེན། མཚན་མིང་དེ་ལྟར་གསོལ་ཏེ་རྟེན་འབྲེལ་གྱི་ཆོ་ག་མ་ཚང་བ་མེད་པ་མངོན་པར་འདུ་བྱས་པ་ལགས་སོ།། དེ་མིན“ནོར་བུ་ཁྱུང་བསྐྱུགས”ཞེས་པའི་ཐ་སྙད་འདི་མིག་སྔའི་བོད་ཡིག་གི་ཚིག་མཛོད་དག་ན་ཤིན་ཏུ་མཐོང་དཀོན་པ་ཡིན་པས། ཁ་བ་རི་བའི་སྐད་ཡིག་གི་གཞལ་མེད་ཁང་ན་ཅུང་ཟད་གནའ་རྫས་སུ་གྱུར་བའི་རིགས་མིན་འགྲོ།
<<ནོར་བུ་ཁྱུང་བསྐྱུགས>>ནི་ཁྱོན་བསྡོམས་ཤོ་ལོ་ཀ་སྟོང་ཕྲག་གཅིག་དང་ཆིག་བརྒྱ་དྲུག་ཅུ་རེ་གཅིག་གིས་གྲུབ་ཅིང་། སརྒ་བརྒྱ་རྩ་བརྒྱད་ཀྱིས་བཅིངས་པའི་སྙན་ངག་རིང་མོའམ་སྙན་ངག་ཆེན་པོའི་གྲས་སུ་གཏོགས་ལ། ཁ་བྱང་ཆུང་བར<<སེམས་ཀྱི་བང་སོ་སྔོག་པའི་མགུར>>ཞེས་བརྡ་དོན་སྦྱར་ཡོད་པ་ལྟར། བརྗོད་བྱའི་ཆ་ནས་རྩོམ་པ་པོ་རང་ཉིད་ཀྱི་ནང་བསམ་པའི་འཇིག་རྟེན་ཏེ།སེམས་བྱུང་ང་གཅིག་གམ་ཀུན་རྟོག་བརྒྱད་ཅུ་གང་རུང་གི་འཕྲོ་འདུས་བསླངས་པའི་ཤེས་རྣམ་ལེགས་ཉེས་ཅི་རིགས་ཀྱིས་གྲུབ་པའི་སེམས་འགྱུའི་བང་སོ་ལྐོག་ཏུ་གྱུར་བ་གང་དེའི་ཟ་ཟུར་མང་པོ་དཔྱོད་ཤེས་ཀྱི་སྦྱག་མས་འཛེམས་མེད་དུ་སྔོག་པའི་བརྒྱུད་རིམ་འབའ་ཞིག་སྟེ། སྤྱིའི་ཆ་ནས་ཁ་ནང་བལྟས་ཀྱི་སྙན་ངག་གམ་ཡིད་ཀྱི་རྣམ་པར་རིག་བྱེད་སྐོར་གྱི་བརྩམས་ཆོས་ཤིག་ཡིན་པར་ངོས་བཟུང་ནའང་མི་ཆོག་པ་མེད་སྙམ།
སྤྱིར་ན་སོ་སྐྱེ་རང་ག་བ་བདག་ལྟ་བུའི་ནང་སེམས་ཀྱི་གསང་བ་དེ་ཉིད་བང་སོ་ཞིག་ཡིན་པར་ཆ་བཞག་ན། དེའི་ནང་དུ་ལས་སུ་མི་རུང་བའི་རུལ་མྱགས་ཀྱི་ཆར་གྱུར་བའི་དམན་ལམ་གྱི་རྟོག་པ་མང་དུ་འདུས་པ་སྨོས་མ་དགོས་ན་ཡང་། བསྔོག་ཤེས་ན་སྐབས་རེར་གོང་ཐང་ཅན་གྱི་ཁྱད་ནོར་ངོམ་དུ་རི་བ་རེ་གཉིས་ཀྱང་འབྱུང་མི་སྲིད་པ་མ་ཡིན་པས། སྤོབས་པ་ཆེན་པོས་དགའ་མོས་ཀྱི་སྙུགས་བསྲིངས་ནས། དད་སྐྱོ་ཆགས་སྡང་གི་ཡིད་འགྱུར་ཕྲ་རགས་ཏེ་ཀུན་ནས་ཉོན་མོངས་ཕྱོགས་དང་རྣམ་བྱང་དགེ་བའི་ཕྱོགས་ཀྱི་རྟོགས་རིགས་དུ་མ་གབ་པ་མངོན་ཕྱུང་གི་ཚུལ་དུ་རྒྱ་ཆེ་བའི་ཀློག་པ་པོ་རྣམ་པའི་སྤྱན་སྔར་མཐར་ཆགས་སུ་འགོད་པའི་སྦྱོར་བ་ལ་མངོན་པར་ཞུགས་སོ། །
ལུས་སམ་རྣམ་པའི་ཆ་ནས། རང་རེའི་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་ནང་གསེས་ལ། དམངས་ཁྲོད་ངག་རྩོམ་གྱི་རིགས་སུ་གཏོགས་པའི་སྙན་ངག་དང་།ནང་ཆོས་ཀྱི་ལྟ་གྲུབ་སྲོག་ཏུ་བྱས་པའི་དོ་ཧའམ་མགུར་མའི་ལུགས་ཀྱི་སྙན་ངག མེ་ལོང་མའི་ལུགས་ཀྱི་སྙན་ངག་སོགས་རབ་དབྱེ་མང་དུ་མཆིས་ན་ཡང་། འདིར་ཕ་ནོར་བུ་འཇགས་དང་རྡེའུ་ལག་བརྒྱུད་ལྟ་བུར་གྱུར་བའི་རྩོམ་སྟངས་མིག་འདྲིས་ལག་འདྲིས་སུ་སོང་བ་དེ་དག་ལ་རེ་ཞིག་སུན་སྣང་གི་རྟོག་ཡན་དབང་བཙན་པར་བྱས་ཏེ་དུངས་ཞེན་གྱི་དམིགས་རྩེ་མ་གཏད་པར། བོད་ཡིག་གི་གནའ་རབས་ཀྱི་བསྟན་བཅོས་ཁུངས་མ་དག་གི་ཁྲོད་ན་ས་རྡུལ་གྱི་གཏད་རྒྱ་དང་བཅས་བཞུགས་པའི་སྙན་ངག་གི་ཕྱག་ལེན་ཁྱད་དུ་འཕགས་པ་སྟེ། <<ཀླུ་ཀུན་ཏུ་དགའ་བའི་ཟློས་གར>>དང<<དཔག་བསམ་འཁྲི་ཤིང>> <<སྐྱེས་རབས་སོ་བཞི་པ>> <<སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོ>> <<གཞོན་ནུ་མ་བདུན་གྱི་རྟོགས་བརྗོད>>སོགས་ཀྱི་རྩོམ་འགྲོས་ཁྱད་པར་བ་གང་ཞིག་རང་རེའི་སྲོལ་རྒྱུན་སྙན་ངག་གི་བསྟན་པ་མར་འགྲིབ་ཀྱི་དུས་འདིར། འཕྲིན་ལས་ཀྱི་འཇུག་པ་རེ་ཞིག་བརྟུལ་བར་གྱུར་ཏེ་བག་ལ་ཞ་བཞིན་པའི་སྣང་ཚུལ་ལ་སྙིང་ནས་མ་བཟོད་པར། མེས་པོ་སྔ་མ་དག་གིས་ཤེས་བརྩོན་གྱི་རྔུལ་ཆུས་ནང་འདྲེན་བྱས་འོངས་པའི་རྩོམ་སྲོལ་ཡན་གར་བ་དེ་ཉིད་རྒྱུན་འཛིན་བྱེད་པ་ལ་དམིགས་ནས། འབྲི་སྟངས་དེར་ཤ་ཐང་རུས་ཐང་དུ་འབད་པ་གཞིར་བྱས། དེ་ལུགས་རྩལ་དུ་བཏོན་ནས་འབྲི་ཁུལ་བགྱིས་ཡོད་པས། སྙན་དེབ་སྔ་མ་དག་དང་ཅུང་ཟད་མི་འདྲ་བའི་རྩོམ་གཤིས་ཤིག་འབུར་དུ་ཐོན་པར་བྱས་ཡོད་སྙམ།
སྤྱིར་ན་སྙན་ངག་ཚད་ལྡན་ཞིག་ཡིན་ཚེ།བརྗོད་སྙིང་དང་མཛེས་རྟོག དབྱངས་འགྲོས་བཅས་སུམ་འདྲེས་ཀྱི་ཚད་མཐོ་བའི་སྒྱུ་རྩལ་གྱི་ཕུང་བོ་ཞིག་ཡིན་པར་བསྙོན་དུ་མེད་པ་ལགས་ན། བརྗོད་སྙིང་དང་མཛེས་རྟོག་ལས་གཞན་དབྱངས་འགྲོས་ཀྱིས་ཀྱང་སྙན་ངག་དེའི་ལེགས་ཉེས་ལ་ཐད་ཀར་དུ་སྟངས་འཛིན་གྱི་ནུས་པ་བླ་ན་མེད་པ་ཞིག་ཐོན་བཞིན་ཡོད་པ་སྨོས་ཅི་དགོས། དཔེར་ན། དོན་དག་ཅིག་མི་གཉིས་ཀྱི་ཁ་ནས་བཤད་འོངས་པའི་ཚེ་ན། བཤད་མཁན་གྱི་གདོང་གི་རྣམ་འགྱུར་དང་སྐད་ཀྱི་མཐོ་དམན། གདངས་ཀྱི་འགྱུར་བ། དབུགས་ཀྱི་མཚམས་ཚིགས་སོགས་མི་འདྲ་བའི་དབང་གིས་ཉན་མཁན་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་རྦད་དེ་མི་འདྲ་རེ་སྟེར་བ་ནང་བཞིན། སྙན་ངག་ཅིག་གིས་ཀློག་མཁན་ལ་མཉམ་འུར་སློང་བར་ཡང་། སྙན་ངག་དེའི་བརྗོད་བྱ་དང་སྣང་བརྙན་ཁོ་ནར་དང་དོད་བྱས་པས་མི་ཆོག་པར། ངེས་པར་དུ་སྙན་ངག་དེའི་བརྡ་རྟགས་ཀྱི་བརྒྱུད་ལམ་གཙོ་གྲས་སུ་གཏོགས་པའི་དབྱངས་འགྲོས་ལ་ཡང་གཙིགས་ཆེན་བྱེད་དགོས་ཏེ། གླུ་ཚིག་གཅིག་ལེན་མཁན་སོ་སོ་བ་ཕར་ཞོགགང་ཟག་སྒེར་བ་གཅིག་གིས་འགྱུར་ཁུགས་མི་འདྲ་བར་དྲངས་ཏེ་བླངས་པའི་དབང་དུ་བཏང་ན་ཡང་། དབྱངས་འགྲོས་བཟང་ངན་ལས་ཉན་མཁན་ལ་ཚོར་བ་མི་འདྲ་བ་རེ་སྟེར་བར་བྱེད་པ་ནི་མངོན་སུམ་གྱི་མྱོང་བས་གྲུབ་པ་ལྟར་རོ།།
སྙན་ངག་གི་བརྗོད་གཞིར་གྱུར་བའི་མིའི་ནང་སེམས་ཀྱི་ཡིད་འགྱུར་དེ་ནི་མ་གཞི་ནས་དབྱངས་འགྲོས་ཀྱི་ངང་ལ་གནས་པ་ཞིག་ཡིན་ཙ་ན། སྙན་ངག་གི་བརྩམས་ཆོས་ཐམས་ཅད་ལ་ནང་གི་དབྱངས་འགྲོས་ཤིག་རྒྱུའི་གནས་སྐབས་ནས་གྲུབ་ཡོད། ཡིད་འགྱུར་འཕྱོ་འཇགས་ཀྱི་མཚམས་ཚིགས་ཇི་ལྟ་བ་བཞིན་བརྩམས་ཆོས་ཀྱི་སྒྲ་དོན་གཉིས་ལས་མངོན་པའི་ཚུལ་ནི་སྙན་ངག་གི་དབྱངས་འགྲོས་ཡིན་པས། ང་ཚོས་སྙན་ངག་ལེགས་པོ་ཞིག་འབྲི་བསམས་ན། ཐོག་མཐའ་ཀུན་ཏུ་དེ་ལ་དོ་སྣང་མི་བྱེད་རང་བྱེད་ཡིན།
མིག་སྔར་རང་ཅག་གི་རྩོམ་པ་པོས་འབྲི་བཞིན་པའི་སྲོལ་རྒྱུན་སྙན་ངག་ཕལ་མོ་ཆེར་མཚོན་ན། དབྱངས་འགྲོས་ཀྱི་དབང་དུ་བྱས་ཚེ། རྒྱུགས་ཆེ་བ་ནི་ཚེག་བར་བདུན་མ་དང་། དགུ་མ་གཙོས་བཅུ་གཅིག་ཅན་དང་། བཅོ་ལྔ་ཅན་སོགས་སྤྱོད་ལོབས་སུ་སོང་ཡོད་མོད། <<ནོར་བུ་ཁྱུང་བསྐྱུགས>>སུ་བསམ་གཟས་ཏེ། ཚེག་བར་བཅུ་གསུམ་ཅན་དང་བཅུ་བདུན་ཅན། བཅུ་དགུ་ཅན་སོགས་རྒྱུན་སྤྱོད་མ་ཡིན་པའི་ཚིག་སྦྱོར་རམ་དབྱངས་འགྲོས་དེ་ཉིད་དམིགས་སུ་བཟུང་ནས་བྲིས་ཡོད་པས། ཀློག་པ་པོ་ཕལ་བ་དག་གིས་ཁ་ལ་བླངས་མ་ཐག་དོན་གྱི་རོ་ཉམས་མྱོང་བ་ཕར་ཟད། སྡེབ་སྦྱོར་ཡང་ཅུང་མི་བདེ་བའི་ཚོར་བ་འདྲ་མི་སྟེར་བའི་ངེས་པ་མེད་མོད། དེ་ནི་ཀློག་པ་པོ་རང་ཉིད་ཀྱི་སྙན་ངག་གི་བློ་སྦྱོང་དང་མཛེས་དཔྱོད་ཀྱི་མྱོང་གོམས་ལ་རག་ལས་པ་ལས། སྙན་ངག་གི་སྐྱོན་དུ་ནི་ཁོ་བོས་གཞར་ཡང་མི་འདོད་དོ། །
སྙན་དེབ་འདི་ལ་ལས་འབྲེལ་ཟབ་ཅིང་ནོར་ཉམས་ཆོད་པའི་ཀློག་པ་པོ་རྣལ་མ་དག་གིས་ཞིབ་ཏུ་བཀླགས་ཚེ། ཡུན་རིང་བོར་ལོངས་སྤྱོད་ཀྱི་གསོས་སུ་མ་སྨིན་པའི་ཧྭགས་ཀྱི་ལ་དུ་མངར་མོ་ཞིག་ཁ་ལ་རེག་པ་ལྟར། ཐུན་མོང་མ་ཡིན་པའི་དབྱངས་འགྲོས་ཀྱི་ཁྲོད་ནས་སྨྲ་བསམ་བརྗོད་མེད་ཀྱི་སྙན་རོ་གཞན་ཞིག་གི་རོ་བྲོ་མྱོང་ངེས་པ་གདོན་མི་ཟ།
ཡང་གཅིག་བཤད་ན། སྙན་ངག་པ་ནི་རྒྱ་ཆེ་བའི་ཀློག་པ་པོའི་དགའ་མོས་དང་བསྟུན་ནས་བརྩམས་ཆོས་ཀྱི་ཚོང་རྫས་གསར་བ་སྒྱུ་རྩལ་གྱི་ཁྲོམ་རར་འགྲེམ་སྟོན་བྱེད་མཁན་ཡིན་པས། རང་ཉིད་ཀྱི་རྩོམ་སྟངས་ཕྱོགས་ནས་ལག་ཐབས་སྣ་ཚོགས་ལ་ཚོད་བགམ་དང་སྦྱོང་བརྡར་བརྒྱུད་དེ་ཡང་རྩེ་བརྩོན་ལེན་བྱེད་དགོས་པ་ནི་གནད་ཀྱི་དོན་པོར་མཐོང་ངོ་།། དེ་མིན་མི་ཚེ་གང་བོར་འབྲི་སྟངས་སྣ་གཅིག་ཁོ་ནར་ཨུ་ཚུགས་ཀྱིས་འཐམས་ཏེ་འགྱུར་མེད་སོར་གནས་སུ་སྡོད་པ་ནི་བརྩམས་ཆོས་ཀྱི་དབང་གྲགས་འཆི་ལམ་དུ་འདེད་པ་ལས་མ་འདས་ཏེ། ང་ཚོས་ནམ་རྒྱུན“གསར་རྩོམ”“གསར་རྩོམ”ཞེས་གླེང་བཞིན་པ་ཡང་མཐར་གཏུགས་ན། དུས་ཀྱི་སྒོ་ནས་གསར་དུ་བྲིས་པ་ཁོ་ན་ཙམ་ལ་གོ་རྒྱུ་མ་ཡིན་པར། རྩོམ་པ་པོ་རང་ཉིད་ཀྱི་ཀླད་པའི་འཕྲུལ་འཁོར་ལ་མ་ལག་གསར་བརྗེ་དང་འདྲེད་སྣུམ་གསར་བ་བླུགས་ཏེ་འཇོན་ནུས་རིམ་སྤར་བྱས་པ་བརྒྱུད། ཕྱི་མ་ཕྱི་མ་རྣམས་སྔ་མ་སྔ་མ་དག་ལས་མི་འདྲ་བའི་ཁྱད་གཤིས་ལྡན་པའི་བརྩམས་ཆོས་ཀྱི་ཐོན་རྫས་གསར་བ་མཁོ་འདོན་བྱེད་པ་ལ་གོ་དགོས་པར་སེམས་སོ།། ཅུང་གསལ་བར་བཤད་ན་སྙན་ངག་པ་ནི་ནམ་ཡང་མི་གཞན་ལ་སྒྱུ་རྩལ་གྱི་སྐོམ་གདུང་སེལ་བྱེད་ངག་རིག་གི་ཡོན་ཆབ་གསར་པ་ནམ་འདོད་དུ་ལོངས་སྤྱོད་ཀྱི་གསོས་སུ་འཇོ་མཁན་དྭངས་གཙང་གི་ཆུ་མིག་ལྟ་བུ་ཞིག་ཡིན་དགོས་པ་ལས། བསམ་བློ་དང་རྩོམ་ཐབས། སྒྱུ་རྩལ་བཅས་ཕྱོགས་གང་ཐད་ནས་འཕེལ་མེད་སོར་གནས་ཀྱི་ཆུ་འཁྱིལ་ལྟ་བུ་ཞིག་ཡིན་མི་རུང་། མི་ཚེ་གང་བོར་གླུ་བརྒྱ་གདངས་གཅིག་གིས་རྩོམ་འབྲིར་གཞོལ་བ་ནི།གསོན་ཤུགས་བྲལ་བའི་ཆུ་རྫིང་དང་འདྲ་སྟེ། དུས་ཐོག་ཏུ་དཔེ་ཀློག་གི་ཕུ་ཆུ་གཙང་མ་གསར་རྩོམ་གྱི་བོགས་འདོན་དུ་ནང་འདྲེན་བྱེད་མ་ནུས་ཚེ།དུས་ཚོད་ཀྱི་ཉམས་སད་ཁྲོད་དགོས་མེད་རུལ་མྱགས་སུ་གྱུར་ཏེ་ཕ་རོལ་བོའི་སྐྱེ་བོ་ཀུན་གྱི་ཡི་ག་ལོག་པར་བྱེད་ཅིང་། མི་འགྱངས་པར་ཤུལ་མེད་དུ་བསྐམ་ངེས་པ་ཡང་བཟློག་མེད་ཀྱི་ཆོས་ཉིད་ཡིན་ནོ།།
སྤྱིར་ན“སྙན་ངག་པ་ནི་སྒྲ་དོན་གཉིས་ཀྱི་རྣམ་པ་གསར་གཏོད་བྱེད་མཁན་གང་ཟག”ཅིག་ལ་གོ་དགོས་པས། གསར་གཏོད་ཀྱི་ཆར་ཡིད་འཇོག་བྱེད་དགོས་པ་བདེན་མོད། དེ་ཡང་སྲོལ་རྒྱུན་རྒྱུན་འཛིན་གྱི་རྨང་གཞིའི་སྟེང་ལག་ལེན་ལ་བསྟར་དགོས་པ་མ་གཏོགས། རང་སྟེང་གི་བླ་གནས་དོར་ནས་གཞན་རྗེས་སུ་གཡམ་རྒྱུགས་ཁོ་ནར་བྲེལ་བ་ནི་སྟོང་པའི་དབྱིངས་ནས་འཇའ་ཚོན་གྱི་ཕོ་བྲང་བཞེངས་པ་དང་གཉིས་སུ་མ་མཆིས་པར་ཁོ་བོས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲའོ། ། གསར་གཏོད་ཅེས་པ་ནི་སྔར་ཡོད་ཀྱི་སྲོལ་རྒྱུན་གང་ཞིག་ལ་བལྟོས་ཏེ་བཞག་པ་ཡིན་པས། རྒྱུ་འབྲས་ཀྱི་ངོས་ནས་སྲོལ་རྒྱུན་དང་གསར་གཏོད་གཉིས་ནི་ཕན་ཚུན་རྟེན་བྱུང་འབྲེལ་དུ་གྲུབ་ཡོད། དེ་བས་སྲོལ་རྒྱུན་མེད་ཚེ་གསར་གཏོད་མཚན་ཉིད་པ་མེད་ཅིང་། གསར་གཏོད་ལ་མ་བརྟེན་ན་སྲོལ་རྒྱུན་གྱི་རྒྱུན་བསྲིང་ཐབས་མེད་པ་ཤེས་དགོས། འོ་སྐོལ་གྱིས་ད་ལྟར་སྲོལ་རྒྱུན་དུ་རྩི་བཞིན་པའི་བརྩམས་ཆོས་ཡོད་དོ་ཅོག་ནི་འདས་པའི་དུས་ཀྱི་གསར་གཏོད་ཀྱིས་བསྐྱེད་པ་ཡིན་ལ། ད་ལྟ་བའི་དུས་ཀྱི་གསར་གཏོད་ཀྱི་ཆར་གཏོགས་པའི་བརྩམས་ཆོས་རིགས་ཀྱང་མ་འོངས་པའི་དུས་ནམ་ཞིག་གི་ཚེ་ན་སྲོལ་རྒྱུན་དུ་འགྱུར་ངེས་པ་མ་ཡིན་ནམ།
ད་ནི་ཚིག་གི་རོ་མ་སྤངས་ཏེ་དོན་གྱི་རྡོག་ཁར་གཞོལ་ན། སྲོལ་རྒྱུན་དང་གསར་གཏོད་གཉིས་ནི་བོད་ཀྱི་སྙན་ངག་གི་ཁྱུང་ཆེན་ལ་མེད་དུ་མི་རུང་བའི་གཤོག་པ་ཆ་གཅིག་ཡིན་ཞིང་། དེ་གཉིས་ཡ་བྲལ་དུ་མ་བཏང་བར་ཟུང་དུ་སྦྲེལ་བའི་ཐབས་ལམ་རྒྱུན་འཁྱོངས་བྱས་པ་ཡིན་ན། ད་གཟོད་གངས་ཅན་པའི་རྩོམ་རིག་གི་བྱ་རྒྱལ་ཇི་སྲིད་བསྐལ་བའི་བར་དུ་འཕེལ་རྒྱས་ཀྱི་མཁའ་དབྱིངས་སུ་འཕུར་ཐུབ་པའི་ཆོས་ཉིད་ཀྱི་སྲོག་ཤིང་འདོར་བར་མི་རིགས་སོ། །
མཇུག་མཐར<<ནོར་བུ་ཁྱུང་བསྐྱུགས>>ལས་ལག་ལ་གང་ཡོང་ལྟར། སརྒ་རེ་གཉིས་ཤིག་ཉི་གཞོན་འདྲེན་པའི་སྐྱ་རེངས་ལྟ་བུའི་དོད་དུ་ཀློག་པ་པོའི་དང་བ་འདྲེན་པའི་གསོས་སུ་བཀོད་དེ། སྐབས་བབ་ཀྱི་གཏམ་སྦྱོར་རེ་ཞིག་མདོ་བསྒྲིལ་བར་བྱའོ། །
སྤྱི་ལོ༢༠༢༥ལོའི་ཟླ༡ཚེས༢༦ཉིན།
ཁག་གཉིས་པ།
གང་ཞིག་སྲིད་པའི་སྡུག་བསྔལ་ཚེར་མ་དྲུངས་ནས་འབྱིན་བྱེད་སྐྱེ་དགུ་བདེ་ལ་སྦྱོར་བའི་རྒྱུ།།
གང་དག་འཁོར་བའི་དུག་མཚོར་རབ་བྱིང་མ་ལུས་འགྲོ་འདིའི་ཐར་བའི་ཟམ་སྟེགས་བླ་ན་མེད།།
གང་ཡང་སེམས་ཅན་གྲངས་མཐའ་ཡས་ལ་བདེ་གཤེགས་བདེ་བ་མངོན་འདོད་བཞིན་དུ་རྫོགས་བྱེད་པ།།
གང་གང་བདག་ཉིད་ཆེ་རྣམས་སྙིང་སྟོབས་ཀྱིས་རྙེད་སེམས་ཀྱི་དམ་པ་རིན་ཆེན་དེ་ཀོ་བསྔགས།།
མཐོ་རིས་མཛེས་མའི་ལག་པས་བསྐྱོད་བྱ་གདུགས་མཛེས་རྔ་ཡབ་གཡོ་བའི་ལྷ་དབང་ཁྲི་འཕང་དང་།།
རབ་དྲགས་བསོད་ནམས་སྟོབས་ཀྱི་དཔུང་བས་ས་གསུམ་ས་ལ་དབང་བསྒྱུར་འཁོར་བསྒྱུར་རྒྱལ་པོའི་སྲིད།།
ཏིང་འཛིན་རིག་སྔགས་འཕྲུལ་གྱི་གོམ་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐེམ་སྐས་ཟིན་གྱུར་པ།།
ལྷ་ཡི་དྲང་སྲོང་ལོངས་སྤྱོད་ཚོགས་ཀྱིས་བསྐལ་བར་འགྲན་ནུས་མ་ཡིན་བྱང་ཆུབ་སེམས་མཆོག་རྨད།།
གང་ཞིག་རྟོགས་ན་མཐའ་བརྒྱད་མུ་བཞིའི་བདེན་ཞེན་ལྕགས་ཀྱི་རི་བོའི་རྐང་།།
གནམ་ལྕགས་འཁོར་ལོའི་ཟིལ་གྱིས་རེག་པའི་ཨརྫ་ཀ་ཡི་དོག་པ་བཞིན།།
རྟེན་འབྱུང་སྟོང་པའི་དབྱིངས་སུ་རྒྱས་འདེབས་མིང་གི་ལྷག་མར་འགོད་བྱེད་པ།།
རིགས་པའི་རྒྱལ་པོ་བདག་མེད་ལྟ་བའི་རྡོ་རྗེའི་མཚོན་ཆ་ཨེ་མ་ཧོ།།
གང་ཕྱིར་དམིགས་མེད་བརྩེ་བའི་བདག་ཉིད་རྒྱལ་བའི་གོ་འཕང་ཡོངས་འདུ་ལྷ་ཡི་འཁྲི་ཤིང་ཆེ།།
བསོད་ནམས་གསེར་གྱི་ར་བར་འཁྲུངས་ལ་མེད་མི་རུང་བའི་ས་བོན་དང་ནི་འཕྲིན་ལས་ཀྱི།།
ཡལ་འདབ་ཀུན་ནས་འཕེལ་ཞིང་རྒྱས་ལ་ཆུ་བོ་དང་འདྲ་འབྲས་བཟང་འབྱིན་པའི་གཉེན་གྱུར་བ།།
ཡུན་རིང་ལོངས་སྤྱོད་གནས་ལ་ལེགས་སྨིན་སེམས་ཅན་དོན་བྱེད་སྙིང་རྗེའི་སེམས་མཆོག་བསྟོད་པར་བགྱི།།
ཁ་དོག་ལྔ་བའི་རྟ་ལ་ཉེར་བཅིབས་ཏེ།།
ཟག་པའི་སྒོ་དྲུག་དག་ཏུ་རྒྱུ་བྱེད་པ།།
ཉམས་པ་བདུན་ལྡན་རྟོག་པའི་བུ་ཆུང་ནི།།
མཐའ་བརྒྱད་མུ་བཞིའི་རྫོང་ལ་རིང་ཞིག་འཁྱམས།།
སྣང་བ་ཡུལ་གྱི་མེ་ཏོག་ཚལ་ཡངས་སུ།།
དབང་མེད་འཕུར་བའི་ཚོགས་དྲུག་ཕྱེ་མ་ལེབ།།
མྱོང་སྣང་སྦྲང་རྩིའི་བཅུད་ཀྱིས་བཟི་འགྱུར་བས།།
བསུང་ཞིམ་ཚད་གྲུབ་མིན་པར་ཡིད་རྟོན་དཀའ།།
རྨི་ལམ་གནས་སྐབས་དག་ཏུ་ནི།།
རིགས་པའི་དབང་ཕྱུག་དབྱིག་གི་གཉེན།།
དངོས་ཀྱི་ཆུ་ཀླུང་བརྒལ་ལགས་ན།།
ཡང་ལོག་ཁ་ཚོན་སུ་ཡིས་གཅོད།།
ཟླ་གྲགས་སོར་མོའི་ཕྱག་རྒྱ་ཡིས།།
རི་མོའི་བ་ཡི་ནུ་མ་ལས།།
འོ་མ་བཞོས་པའི་གཏམ་རྒྱུད་ཀྱིས།།
བྱིས་པའི་བློ་ལ་ངལ་བ་སྦྱིན།།
མ་ནོགས་སྲིད་པའི་ཤོག་དཀར་ངོས།།
དགེ་འམ་གཞན་གྱི་མཚན་མ་ཡི།།
རི་མོ་སྣ་ཚོགས་འབྲི་མཁས་པ།།
སེམས་ཀྱི་པིར་སྨྱུག་གཅིག་ཉིད་དོ།།
དཀར་ནག་ལས་ཀྱི་གྲོང་ཁྱེར་ཆེ།།
བསྐྲུན་པའི་བྱེད་པོ་དེ་ཡང་ནི།།
སྟོབས་དང་ལྡན་པའི་རྗེ་བོ་སྟེ།།
ལུས་དང་ངག་ནི་འབངས་སུ་ཟད།།
སྟོང་ཁམས་ལྡེག་པའི་གནས་མེད་ཅིང་།།
ཕྱོགས་ལའང་འགྱུར་བ་མ་མཆིས་མོད།།
སེམས་ཀྱི་གོ་ལ་འགུལ་བ་ཡིས།།
འཇིག་རྟེན་ཐམས་ཅད་གཡོས་པར་གྱུར།།
སེམས་ནི་ནམ་མཁའ་འདྲ་མོད་ཀྱི།།
ནམ་མཁའ་མ་ཡིན་བྱ་བྱེད་ཅན།།
ཉོན་མོངས་བྱང་ཆུབ་ས་བོན་ཏེ།།
གནས་ལུགས་སངས་རྒྱས་ཉིད་དུ་རྟོག།
སེམས་ནི་རྣམ་པ་སྣ་ཚོགས་ཏེ།།
ངོ་བོ་ཕན་ཚུན་འགལ་བ་མིན།།
སེམས་ལ་གཡོལ་ནས་སེམས་གཞན་འཚོལ།།
ནམ་འཚོའི་བར་དུ་སེམས་མི་མཐོང་།།
བག་འཁུམ་ས་རྡོས་རབ་མནན་ནང་སེམ༵ས་ཀྱི༵།།
གསང་བའི་བ༵ང་སོ༵་སྤོབས་པས་སྔོག༵་པ་ལས།།
ལེགས་དང་ཉེས་པ༵འི་དངོས་པོའི་ཁྱད་པར་དག།
ཨ་སྨྱོན་མགུར༵་གྱི་སྦུབས་ལས་དལ་གྱིས་དམྱུགས།།
རྫུ་བག་སྐྱི་མོས་བཀབ་པའི་ནང་གི་མེ།།
ཐ་སྙད་ཚིག་གི་མདག་མས་དྲུངས་ཕྱུངས་ཏེ།།
སྒྱུ་རྩལ་གོ་ཁར་སྤུངས་པའི་དམར་འོད་ཀྱིས།།
འཇིག་རྟེན་ཕོ་མོའི་ལུས་སེམས་མྱོས་པར་བྱེད།།
ཁག་ཉི་ཤུ་པ།
འཇིགས་བཅས་རི་དྭགས་མིག་འབྲས་རབ་གཡོ་ན་ཆུང་ཞལ་གྱི་མཆུ་སྒྲོས་མཆོག།
རྒུན་འབྲུམ་དམར་པོའི་ཉིང་ཁུས་གཏམས་པའི་ཆང་ཕོར་ཉིད་དུ་རྣམ་འཁྲུལ་བས།།
ཁྲུས་ཀྱིས་དག་ཅིང་གཡོ་བའི་ལན་བུ་འདར་ལྡན་ལག་པའི་སོར་མོ་ཡིས།།
འགྲམ་པའི་ངོས་ལས་དལ་གྱིས་བཏེགས་ནས་བདུད་རྩིའི་ལོངས་ལ་ཅིས་མི་རོལ།།
ཀ་ཡེ་ཡིད་གཉིས་རྣམ་སྤོངས་ལ།།
ཐུངས་ཤིག་ཐུངས་ཤིག་དགའ་མགུར་ཐུངས།།
འདི་ནི་འཁོར་བའི་སྦྲང་རྩི་སྟེ།།
ཞི་བའི་ས་ནས་རྙེད་པ་མིན།།
ལང་ཚོའི་བཅུད་ཀྱིས་རྒྱགས་གྱུར་པ།།
དགའ་བའི་རོ་ལྡན་ནུ་བུམ་ཟུང་།།
འདོད་པའི་དབུགས་ཀྱིས་ལྡེམ་པ་ཡང་།།
རེག་པར་བྱ་བའི་ནོར་བུ་ཉིད།།
གྲུབ་རིགས་བུ་མོའི་རྗེས་བསྙེགས་པ།།
གསེར་གྱི་རྣ་ལུང་འདར་བ་མོ།།
སྐད་ཅིག་མཆན་ལ་བསྡམས་བྱས་ཏེ།།
སྙིང་གི་འཕར་སྒྲ་དག་ལ་ཉོན།།
དེ་ནས་མྱོས་པའི་བཟི་ཁ་སྟེར་བའི་འཛིན་བྱེད་འོད་ཀྱི་ཐུར་མ་ཡིས།།
ཆགས་པའི་བརླན་གྱིས་བཤེར་བ་དང་ལྡན་བསུང་ཞིམ་ངད་ཀྱི་དྲི་མ་ཅན།།
དགའ་བའི་པདྨ་འཛུམ་པའི་ཟེའུ་འབྲུ་ཡང་ཟོར་རྩལ་གྱིས་སྤྲུགས་ཤིག་དང་།།
བརྒྱ་བྱིན་རྣམ་རྒྱལ་ཁྲི་ལས་ལྷུང་བྱེད་སྲིད་པའི་རོལ་མོ་འཁྲོལ་བར་འགྱུར།།
ཤུབ་བུའི་སྒྲ་བཅས་ཚིག་ལན་གསལ་མིན་ཡང་།།
གདོང་ལ་གདོང་ཕྱོགས་དབུགས་དྲོན་སྦྱིན་མཛོད་དང་།།
ཐུན་མཚམས་འོད་ཆགས་ནུབ་ཀའི་སྦྲང་ཆུང་བཞིན།།
འཇམ་པའི་མལ་སྟན་དག་ཏུ་འགྱེལ་བར་ངེས།།
མེ་ཏོག་གཞུ་ལས་ཤོར་བ་འདོད་པའི་མདའ།།
དགའ་ཆེན་གསང་བ་ནོར་བུའི་ཐིག་ལེ་ཅན།།
སྐྱེ་བའི་ལམ་ལ་གནད་དུ་སྣུན་པའི་གར།།
འཁོར་བའི་ངལ་བརྒྱ་འཇོམས་པའི་གསོས་སུ་སྒྱུར།།
ཅི་འདི་འདོད་པའི་ས་པ་ཡི།།
ཕོ་མོའི་གཡུལ་གྱི་སྦྱོར་བ་སྟེ།།
སིད་སྒྲ་རབ་སྒྲོག་དྲག་ཤུལ་མ།།
འདི་ཡིས་འདུལ་བར་ནུས་པ་ཙམ།།
སོ་དང་སེན་མོས་འདེབས་པ་སོགས།།
དབང་བོའི་ཉི་ཟླ་ཁ་སྦྱོར་བའི།།
བྱེ་བྲག་སྒྱུ་རྩལ་ཕྲ་མོ་རྣམས།།
ཡུལ་དུས་ཁམས་དང་བསྟུན་པར་མཛོད།།
བདེ་ཆེན་སྦྲང་རྩི་ཚིམ་པར་སྤྱད་པའི་མོད།།
དཔུང་བའི་འཁྲི་ཤིང་དག་ལ་འཁྱུད་བྱས་ནས།།
གཡོ་མེད་ཟིམ་བུར་ལྟ་བའི་འདྲེན་བྱེད་ཀྱིས།།
ནང་གི་དགའ་བ་ཡང་དག་མཚོན་པར་བྱེད།།
ངག་གི་ཟླ་བ་འདི་ཡིས་མ་བསྡམས་པའི།།
ཉེས་བཤད་ར་རིའི་དྲི་མ་འཛིན་ན་ཡང་།།
རང་བཞིན་གཤིས་ཀྱི་བདེ་འབྱུང་རལ་བ་ལས།།
བདེན་པའི་འོད་དཀར་སྤྲོ་བ་སུ་ཡིས་འགོག།
ཁག་བརྒྱ་དང་བདུན་པ།
གང་གི་ཆེད་དུ་སྲིད་ན་དྲེགས་ལྡན་དགའ་བྱེད་བུས་ཀྱང་ཤ་ཝ་རི་ཡི་བརྟུལ་ཞུགས་བླངས།།
གང་གི་སླད་དུ་སྡེ་བཞིའི་དབང་ཕྱུག་ནོར་བཟང་རྗེ་བོས་ཕྱོགས་བྲལ་ལྡོམ་བུའི་དཀའ་ཐུབ་བསྟེན།།
ཁམས་གསུམ་ཟིལ་གནོན་གེ་སེར་རྒྱལ་པོས་མགར་ཕྲུག་ཐང་རྙེད་དམན་ས་བཟུང་བའང་གང་གི་ཕྱིར།།
སྣང་སྲིད་ཀུན་བདག་ལྷ་ཆེན་པོར་ཡང་ཁ་ལོ་བསྒྱུར་ནུས་བུད་མེད་འཕྲུལ་འཁོར་འདི་རེ་འཇིགས།།
སྣ་ཞགས་འཁོར་ལོས་མཚོན་གྱི་ཆར་འབེབས་པའི།།
གླང་ཆེན་སྨྱོན་པའི་གདོང་སྣ་བཟློག་ནུས་ཀྱི།།
སྒེག་པའི་ཉམས་ཀྱིས་སྙིང་ལ་འཛུལ་བྱེད་པའི།།
མཛེས་མའི་བསླུ་བྲིད་བཟློག་པ་དེ་ལྟ་མིན།།
རབ་འབར་མེ་ལྕེའི་ཕྲེང་བ་གཟུང་བར་ནུས།།
གཡོ་བྱེད་ལུས་མེད་རླུང་བུ་གཟུང་བར་ནུས།།
ཁྲོས་གྱུར་འཁྱོག་འགྲོ་སྦྲུལ་ཡང་གཟུང་བར་ནུས།
བུད་མེད་སེམས་འདི་གཟུང་བར་ནུས་མ་ཡིན།།
ནར་མར་གཞན་འདོད་ཁོ་ན་ལ་ཆགས་ཤིང་།།
གཟུགས་དང་ལང་ཚོ་ཉམས་པའི་སྐབས་སུ་ནི།།
བདག་པོ་ཉིད་ལ་བཏུད་ཅིང་བརྟེན་འགྱུར་བ།།
དེ་འདྲ་ངེས་པ་དོན་གྱི་གཡོན་མ་ཉིད།།
མཆོག་ཏུ་བརྟན་པ་ལེགས་པར་གཟིགས་གྱུར་ཏེ།
ཕྱི་ཐག་ཚེ་ཡི་མཐའ་རུ་སྲུང་བྱེད་ཅིང་།།
ཉེས་པ་ཕྲ་མོས་གོས་པར་མ་གྱུར་བ།།
བུད་མེད་དམ་པ་སྲིད་འདིའི་རིན་ཆེན་གཅིག།
ཇི་ལྟར་རླུང་གིས་བསྐུལ་བའི་མེ་བཞིན་དུ།།
ཉོན་ཡིད་བསྐྱེད་པས་སྡུག་བསྔལ་ཚ་བ་མྱོང་།།
གང་ཞིག་དྲག་འབར་མེ་ལ་ཆུ་བཞིན་དུ།།
གཉེན་པོ་བསྟེན་པས་ཞི་བའི་བདེ་རྙེད་འགྱུར།།
རེ་དོགས་ཆུ་འཛིན་རླུང་གི་ཕོ་ཉར་སྐུར།།
འདོད་ཆགས་ཟླ་བ་སྒྲ་གཅན་ཟས་སུ་བྱིན།།
ཡེ་ཤེས་ཉི་མ་དམིགས་མེད་དབྱིངས་ལ་དྲོངས།།
དོན་དམ་ནམ་མཁའ་གཞན་ཞིག་མཐོང་བར་ངེས།།
སྤྲིན་རྣམས་མཁའ་ལས་བྱུང་མཐར་མཁའ་ལ་ཐིམ།།
རླབས་དག་མཚོ་ལས་ལངས་ཤིང་མཚོ་ལ་འདྲེས།།
དེ་བཞིན་རྣམ་རྟོག་འཕྲོ་འདུའི་རོལ་བ་ཀུན།།
མཐའ་མར་སེམས་ཉིད་སྐྱེ་མེད་ཀློང་ལ་སྲེས།།
མཁས་བླུན་བློ་གྲོས་ཆུ་བུར་འདྲེན་བྱེད་ཀྱིས།།
མ་རྙེད་སེམས་ཀྱི་བང་སོ་ངོ་མཚར་བ།།
ལྷུན་གྲུབ་རིག་བྱེད་རིག་པའི་སྦྱག་མ་ཡིས།།
ལན་གཅིག་བསྔོགས་པའི་གཟིགས་མོ་འདི་ན་ལྷམ།།
བྱིས་རྣམས་མགུལ་བ་མཛེས་པའི་རྒྱན།།
ཚིག་གཏེར་རིམ་པར་ཕྱེ་བ་ལས།།
དུས་ཀྱི་ས་ཡིས་ཐེག་མིན་པའི།།
སྣ་ཚོགས་རྒྱུ་ཆ་ཐང་མར་བརྡལ།།
རྒུད་པའི་རབས་ཀྱི་རྩོམ་པའི་དབང་།།
ཅའེ་ཁོ་ཁའེ་ལུའུ་ཨ་ཁོ་ཡིས།།
ལམ་གྱི་ཐོག་གི་རྩོམ་འགྲོས་གང་།།
འདི་ཡི་དཔེ་ཟླར་འོས་པ་ཉིད།།
རིན་ཐང་གཅིག་ཏུ་མི་སྣང་ལ།།
གོ་རིམ་དག་ཀྱང་མ་ངེས་པའི།།
འཁོར་ལོ་བརྒྱ་དང་བརྒྱད་པོ་ནི།།
ཅི་མ་ཡིན་ལ་བདག་གིས་སྐོར།།
བག་ཉལ་ཚོར་བའི་འཇིག་རྟེན་ལ།།
གློ་བུར་འབར་གས་བྱུང་བ་ལས།།
རབ་བྱེད་བརྒྱ་རྩ་བརྒྱད་ཀྱི་ནི།།
སྐར་རྡོ་དུས་ཀྱི་མཁའ་རུ་འཕུར།།
ནམ་ཞིག་ཆོས་ཉིད་ནག་ཁུང་གིས།།
སྲོག་གི་ཉི་གཞོན་མ་བསྒྲིལ་བ།།
དེ་སྲིད་ངག་རིག་སྣང་བའི་རླབས།།
གསེར་ཞུན་མདངས་ཀྱིས་འགྱེད་པར་བརྩོན།།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!