ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
ཟབ་དོན་དྲན་པའི་མགུར་ཚིག་བྱིས་པའི་རྡོལ་གཏམ་ཞེས་བྱ་བ།
དགེ་འདུན་བསྟན་འཛིན།
ན་མོ་མ་དྷྱ་མ་ཀཱ་ཡ།
རྟེན་འབྲེལ་གྱིས་སྟོང་བ་རྗེན་པར་གཟིགས།།
སྟོང་ཉིད་ཀྱིས་རྟེན་འབྱུང་ངང་གིས་འདྲེན།།
སྣང་སྟོང་གཉིས་གྲོགས་སུ་འཇུག་པའི་གཏམ།།
རང་དབང་དུ་འདོམས་པ་དེ་ལ་འདུད།།
དེ་འཛིན་གྱི་ཐུ་བོ་འཇམ་དབྱངས་དང་།།
ཀླུ་སྒྲུབ་དང་ཟླ་བ་གྲགས་པའི་ཞབས།།
གངས་ཅན་གྱི་སྟོན་པ་བློ་བཟང་གྲགས།།
བླ་མ་རྣམས་ཟབ་མོ་གླུ་ཡིས་མཆོད།།
ལས་ཉོན་གྱིས་དཀྲིགས་པའི་སྡུག་བསྔལ་ཀུན།།
དགྲ་བདག་འཛིན་འགོང་བོས་བསྐྱེད་པས་ན།།
དེ་ཡེ་ནས་འབྱིན་པའི་ཐབས་ལམ་ལ།།
དུས་ད་ནས་བརྩོན་པ་བགྱིད་པར་འཐད།།
ཆོས་བརྒྱད་ཁྲི་བཞི་སྟོང་སྙིང་བོའི་བཅུད།།
དབྱིིངས་སྤྲོས་བྲལ་ཟབ་མོ་དབུ་མའི་ལམ།།
དོན་འདི་ལ་དོན་འགྱུར་ཐེ་ཚོམ་ཡང་།།
སྲིད་འཁོར་བ་ཧྲུལ་པོར་བྱེད་པར་གསུངས།།
ལར་ཨ་འཐས་རྨོངས་པའི་ཞེན་པ་འདིས།།
ཆོས་ཅི་ཙམ་འབད་པས་བསྒྲུབས་ན་ཡང་།།
རྒྱུ་ཀུན་འབྱུང་རང་དུ་འཁོར་བ་ལས།།
མཆོག་ཐར་བའི་ལམ་ཞིག་རྙེད་པར་དཀའ།།
དོན་དེ་ཕྱིར་གདོད་མའི་གནས་ལུགས་ལ།།
གདེང་ཟབ་མོའི་སྐབས་ཤིག་མ་རྙེད་ན།།
གནས་སྲིད་པ་གསུམ་གྱི་གྲོང་ཁྱེར་འདིར།།
མགལ་མེ་ཕུང་བཞིན་དུ་བརྒྱུད་མར་འཁོར།།
ནང་ཚོགས་དྲུག་སྣང་བ་གང་མཆིས་དེ།།
ཡུལ་རང་ནས་གྲུབ་གྲུབ་ལྟ་བུ་ལ།།
བདེན་བདེན་དུ་བཟུང་བ་འདི་ལྟར་ན།།
རྒྱལ་བས་ཀྱང་སྐྱོབ་ཐུབ་མི་འདུག་པས།།
མཚན་འཛིན་གྱི་དམིགས་གཏད་མ་ལུས་པ།།
རྟེན་འབྱུང་གི་རིགས་པས་མཐིལ་བཤིག་ནས།།
ཆོས་ཉིད་ཀྱི་ཞལ་རས་མཛེས་མའི་གདོང་།།
ད་ལྟ་ནས་མཐོང་ན་དགའ་བ་ལ།།
ཡོངས་ཕོངས་སུ་འཇུག་པའི་འགོང་བོའི་བུ།།
རང་ཚུགས་སེ་འཛིན་པའི་བློ་ཉེས་པོ།།
ཆོས་རྟེན་འབྲེལ་རིགས་པའི་རྒྱལ་བོ་ཡིས།།
རྒྱུན་ས་བོན་བཅས་པ་ཁེགས་ན་སྙམ།།
སྔོན་གོམས་པ་མེད་པའི་གང་ཟག་ལ།།
ཟབ་སྟོང་ཉིད་གཏམ་དེ་བསྐལ་ན་ཡང་།།
ཡིད་མོས་གུས་རུམ་པའི་ཉམ་ཐག་ལ།།
ཕ་བླ་མས་བྱིན་རླབས་རྒྱང་ནས་སྩོལད།།
དབྱིངས་རྟེན་འབྱུང་ལྟ་བའི་ལྷ་ལམ་ངོས།།
སྤྱོད་འཚེ་མེད་ཕིབས་པའི་འཇའ་ཚོན་དབུས།།
ཐབས་ཤེས་རབ་ཉི་ཟླ་འབར་བའི་སྟེང་།།
ཐུགས་བརྩེ་ཆེན་ཀྱོ་བས་མ་གཏོང་ཞིག།
གཡང་སྲིད་ཞིའི་མཐའ་ལས་སྒྲོལ་བ་ལ།།
མགོན་ཁྱེད་ལས་རེ་ས་གཞན་མེད་པས།།
རིངས་མྱུར་བའི་སྟབས་ཀྱིས་རྗེས་བཟུང་ལ།།
དགྲ་བདག་འཛིན་གཡུལ་ལས་རྒྱལ་དུ་གསོལ།།
རང་སོ་སྐྱེས་ས་ལ་སྣང་བ་འདིར།།
ཐོ་མ་རིག་རང་དགར་རློམ་པ་ཡི།།
བློས་བཅོས་པའི་དགག་བྱ་འགོག་པ་འདིས། །
བདག་ལྷན་སྐྱེས་རྨང་ནས་བརྟན་པར་བྱས། །
ཡུལ་རང་གི་སྟེང་ནས་ལིང་ལིང་དུ། །
བློ་གདོད་མའི་ངོ་ལ་འཆར་བ་གང་། །
བཏགས་དངོས་པོའི་ལུས་ལ་མ་རེག་པར། །
དེས་སྟོང་པའི་ཆོས་ཤིག་རྙེད་མ་ཡིན། །
བྱད་མེ་ལོང་ངོས་ལ་ཤར་བ་བཞིན། །
སྤྲོས་དངོས་ཀུན་རྟོག་པས་བཏགས་ཙམ་ལས། །
ཡུལ་དངོས་པོོ་རྡུལ་ཙམ་མ་མཆིས་པ། །
སྣང་རྟེན་འབྱུང་སྟོང་བའི་གཤིས་སུ་འཁུམས། །
ལར་རྒྱུ་འབྲས་ལ་ལྟོས་རྟེན་འབྱུང་ཙམ། །
འདི་དངོས་པོ་སྨྲ་བ་ཀུན་འདོད་ཀྱང་། །
ཀུན་ཕན་ཚུན་ལྟོས་པའི་བཏགས་ཡོད་ནི། །
དཔལ་ཀླུ་སྒྲུབ་དགོངས་པ་མཐར་ཐུག་ཉིད། །
ཡུལ་སྣང་བའི་དངོས་པོ་གང་ཤར་ལ། ། །
མཚན་འཛིན་གྱིས་སྤྲོས་པས་མ་བསླད་པར། །
རང་ཀུན་རྫོབ་བརྫུན་པར་སྣང་བ་ལ། །
བློ་རྟག་འཛིན་མཐའ་ལས་ངང་གིས་གྲོལ། །
དབྱིངས་སྤྲོས་བྲལ་ངེས་པའི་ངེས་ཤེས་ཀྱིས། །
ལས་བྱ་བྱེད་བསླུ་བ་མེད་མཐོང་བས། །
ཆོས་སྡིག་སྤོང་དགེ་སྒྲུབ་ལྷུར་ལེན་པ། །
འདིས་ལྟ་ངན་ཆད་མཐའི་གཡང་ལས་འདྲོངས། །
སྣང་སྟོང་བ་རེས་སུ་མ་བཞག་པར། །
གང་སྣང་བ་སྟོང་བའི་གཤིས་སུ་ཤེས། །
རང་སྟོང་བས་སྣང་བ་གང་ཤར་ལ། །
མཐའ་གཉིས་ཀའི་གཡང་ལས་ཅིག་ཅར་གྲོལ། །
གང་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །
དེར་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །
རྐྱེན་གཞན་ལ་ལྟོས་པས་སྟོང་བ་ཞེས། །
གསུང་འདི་ལས་ཡ་མཚན་གང་ན་ཞིག། །
རྒྱུད་མཚན་འཛིན་འཁྲུལ་བ་ཀུན་རྟོགས་ནས། །
བདེན་སྣང་བའི་བག་ཆགས་སྦྱོང་བའི་ཐབས། །
མཐའ་བྲལ་བའི་དབུ་མའི་ལམ་བསྟེན་ན། །
ས་ཆེན་པོའི་འཕགས་ལམ་རྙེད་པར་གསུངས། །
ལང་ཚོ་ནི་པདྨའི་མདངས་ལྟར་གཡོ། །
འདོད་ཡོན་ནི་སྒྱུ་མ་བཤིག་འདྲ་བས། །
རང་གཅེས་སུ་འདོད་ན་ད་ལྟ་ནས། །
ལམ་སྣེ་ཞིག་ཟིན་ན་མི་ལེགས་སམ། །
སྤྱིར་སྙིགས་མས་སྦགས་པའི་དུས་མཐའ་འདིར། །
ཆོས་ཚུལ་བཞིན་སྒྲུབ་པ་ཤིན་ཏུ་དཀོན། །
སྒོས་ཆོས་གཟུགས་སྙེག་པའི་སྐྱེ་བོ་རྣམས། །
ཆོས་རྣལ་མར་འཇུག་པ་ཉིན་སྐར་ཙམ། །
ནང་རྟོག་གེར་རློམ་པ་བདག་འདྲ་ཡང་། །
ཚིག་འགྲིག་འགྲིག་འདྲ་ཞིག་བསྒྲིགས་ནའང་། །
རྒྱུད་གྱོང་པོ་རྭ་ལྟར་མཁྲེགས་པོར་ལུས། །
འདིས་ཤིན་ཏུ་སྐྱོ་ཞིང་ངོ་ཡང་གནོངས། །
ལུས་འདུ་འཛིས་ཁོལ་བོར་ལུས་པ་འདིས། །
ཆོས་སྒྲུབ་པའི་གོ་སྐབས་ཕྲ་བ་འདི། །
ཕ་བླ་མའི་བྱིན་མཐུས་མྱུར་བསལ་ནས། །
ཚེ་ལྷག་མ་དོན་ལྡན་ཡོང་བར་ཤོག། །
རང་ཉམས་མྱོང་ཅུང་ཙམ་མེད་པའི་ཁར། །
ལར་ཧམ་བཤད་ཆུ་ཡི་ཝུ་བ་འདི། །
རོ་འཛིན་མའི་འདབ་མ་གྱི་ནར་དུ། །
གཡོ་བརྡར་ལས་སྐལ་བ་བཟང་སྙམ་དྲན། །
དེ་ལྟར་དུ་བླ་མའི་བཀའ་དྲིན་ལས། །
རང་ཉིད་ལ་དྲན་པའི་གསོས་སུ་བཏབ། །
དགེ་གང་མཆིས་དོན་དམ་ཡེ་མེད་པའི། །
རང་ཞལ་དེ་རྗེན་པར་མཐོང་ཕྱིར་བསྔོ། །
ཞེས་ཟབ་དོན་དྲན་པའི་མགུར་ཚིག་བྱིས་པའི་རྡོལ་གཏམ་ཞེས་པ་འདི་ནི་ལས་ཀ་ཙག་ཙིག་གིས་ཅུང་ཟད་སུན་སྣང་སྐྱེས་པའི་སྐབས་ཤིག་ལ་འཕྲལ་དུ་བྲིས་པ་དགེ་བར་གྱུར་ཅིག།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!