ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
ཐེག་ཆེན་ལུང་གི་ཆོས་འཁོར་གྱི་དོགས་དཔྱོད་ཟབ་དོན་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག །
རྡུལ་བྲལ་དྭངས་པའི་ཀུན་གསལ་ངོགས་སུ་མངོན་མཐོ་ལྷུན་སྡུག་མཚན་དཔེས་གཏམས། །
སྙིང་རྗེའི་ལྗགས་ལས་སྟོང་ཉིད་སྒྲ་སྒྲོག་དབྱངས་ཀྱི་ཡན་ལག་རྫོགས་པའི་མདངས། །
མ་རུང་བདུད་ཀྱི་ཀུན་རྟོག་མཚན་མའི་སྤྲོས་འཛིན་མུན་པའི་དཔུང་བཅོམ་པ། །
ཐུབ་པའི་དབང་པོའི་ཐུགས་རྗེའི་ཉི་འོད་སྙིང་གི་པད་མོར་འཇུག་པར་མཛོད། །
དམར་སེར་འཛམ་བུ་ན་དའི་ལྷུན་པོ་ལ། །
ངོ་མཚར་ཉི་མ་འབུམ་གྱི་གཟི་བྱིན་འབར། །
ཟག་མེད་ཡོན་ཏན་བྱེ་བས་བསྐྲུན་པའི་སྐུ། །
འཇམ་དབྱངས་སྨྲ་བའི་རྒྱལ་པོས་དགེ་ལེགས་སྩོལ། །
ཐུབ་གསུང་ཟབ་དང་རྒྱ་ཆེན་གང་གཱའི་རྒྱུན། །
མ་ལུས་ཐུགས་ཀྱི་བུམ་པར་ལེགས་བསྐྱིལ་ནས། །
གདུལ་བྱའི་དུག་ལྔའི་མེ་དཔུང་འཇིལ་མཛད་པའི། །
དགའ་ལྡན་བཞུགས་པ་དེ་ལ་རབ་ཏུ་འདུད། །
གཞན་ཕན་སྙིང་རྗེའི་ཀཻ་ལ་ཤ་ཡི་སྤོར། །
རྨད་བྱུང་འཆད་རྩོད་རྩོམ་པའི་གཡུ་རལ་གཟེངས། །
ཡུམ་དོན་རྟོགས་ལ་རྩལ་གསུམ་རབ་རྫོགས་པའི། །
གདོང་ལྔའི་དབང་པོ་སེང་བཟང་ཞབས་ལ་བཏུད། །
རྒྱལ་བསྟན་སྲོག་གི་ཕྱི་མོ་སྔ་འགྱུར་བའི། །
བསྟན་པའི་གསལ་བྱེད་རོང་ཀློང་རྣམ་གཉིས་དང་། །
དེའི་སྲོལ་སྐྱོང་མཁས་འཇིགས་གླིང་མི་ཕམ་སོགས། །
དངོས་བརྒྱུད་དྲིན་ཆེན་བླ་མས་དགེ་ལེགས་སྩོལ། །
མདོ་ལས། རྣམ་དཀར་ལས་རྣམས་གང་བྱས་པ། །དེ་ཡི་ཐོག་མར་རྒྱལ་བ་མཆོད། །ཅེས་གསུངས་པ་ལྟར་ཤིས་བརྗོད་ཚིག་གི་ཕྲེང་བས་ངག་འཕར་ཡངས་པོར་ཕྱེས་ཏེ་གང་ཞིག་གླེང་སློང་བ་ནི། ཇི་སྐད་དུ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་དང་། གཏམ་བྱ་རིན་ཆེན་ཕྲེང་བ་ལས། བརྡ་སྤྲོད་པ་དག་ཇི་ལྟ་བུར། །ཡི་གེའི་ཕྱི་མོ་གློག་འཇུག་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་བསྟན་ཏོ། །ཞེས་གསུངས་པ་ལྟར་སྟོན་པ་ཐུགས་རྗེ་ཅན་གྱིས་འགྲོ་བ་རྣམས་དེ་ཁོ་ན་ཉིད་ལ་རྨོངས་པའི་དབང་གིས་འཁོར་བ་ལ་འཁྱམས་པར་གཟིགས་ནས། ཐེག་པ་སྣ་ཚོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སོ་སོའི་སྐལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་ལ་འགོད་ཅིང་དགོད་པར་མཛད་དོ། །དེ་ལྟར་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱི་ནང་ནས་སྙིང་པོ་ལྟ་བུ་དང་མཐར་ཐུག་པར་གྱུར་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདི་ཉིད་ཡིན་པར་གསུངས་ལ། འདིའི་བརྗོད་བྱ་ལའང་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ལས། ཕྱི་མ་འདི་ཉིད་རྒྱལ་བའི་རྒྱལ་ཚབ་མ་ཕམ་མགོན་གྱིས། བརྗོད་བྱ་མངོན་རྟོགས་བརྒྱད་དུ་བསྡུས་ཏེ་རྗོད་བྱེད་སྐབས་བརྒྱད་ཀྱིས་གཏན་ལ་ཕབ་ཡོད་པ་ལས་འདིར།
ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །
འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །
གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །
ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །
ཞེས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཤེགས་པའི་ཤུལ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་སྔོན་དུ་བཏང་སྟེ་མཆོད་པར་བརྗོད་པའི་ཚིག་རྐང་གསུམ་པའི་སྐབས་ཀྱི་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ་ཞེས་པ་ལས་འཕྲོས་ཏེ། ཐེག་པ་ཆེན་པོའི་ལུང་གི་ཆོས་འཁོར་གྱི་རྣམ་བཞག་ཅུང་ཙམ་བཤད་པ་ལ་གསུམ་སྟེ། ལུང་གི་ཆོས་འཁོར་གྱི་ངོ་བོ་དང་། བཀའ་ཡི་དྲང་ངེས། རིམ་དང་ཅིག་ཆར་གྱི་རྣམ་བཞག་བཤད་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་དང་དབྱེ་བའོ། །དང་པོ་ནི། སྤྱིར་ཆོས་འཁོར་གྱི་ངོ་བོ་ནི་ལུང་རྟོགས་གང་རུང་གིས་བསྡུས་པའི་སྟོན་པའི་དམ་ཆོས་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ལས་སྐབས་བབ་ལུང་གི་ཆོས་འཁོར་གྱི་ངོ་བོ་ནི། ཀུན་མཁྱེན་ཆེན་པོའི་གྲུབ་མཐའ་མཛོད་ལས་བཀའི་ངོ་བོ་བཞག་པ་ལྟར། གསུང་པ་པོ་སྟོན་པ་སངས་རྒྱས་ཀྱི་བདག་རྐྱེན་ལས་མིང་ཚིག་ཡི་གེར་སྣང་བ་གང་ཞིག་མདོའམ་རྒྱུད་སྡེར་གནས་པ། ཡང་ན་སྤོབས་པ་བཞི་དང་ལྡན་པའི་སངས་རྒྱས་ཀྱི་གསུང་རབ། སྤོབས་པ་བཞི་ནི། བརྗོད་བྱ་དོན་ལྡན་གྱི་ཆོས་ལྷག་པའི་བསླབ་པ་གསུམ་དང་ཉེ་བར་འབྲེལ་ཞིང་བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་པ་མཐོང་སྒོམ་ལམ་གྱིས་སྤང་བྱ་ཐམས་ཅད་སྤོང་བར་བྱེད་པ་དང་། འབྲས་བུ་ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་སྟོན་པར་བྱེད་པ། བདག་རྐྱེན་རྫོགས་པའི་སངས་རྒྱས་ཀྱི་རྣམ་རིག་ལས་བྱུང་བའོ། །དེ་སྐད་དུ་ཡང་། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན། ཞེས་སོ། །འོ་ན་སྒྲ་ཚིག་རང་མཚན་པ་ཞིག་ཡིན་ནམ་སྙམ་ན་མ་ཡིན་ཏེ། སྒྲ་ཚིག་ཏུ་སྣང་བའི་རྣམ་པ་ཙམ་སྟེ། གདུལ་བྱའི་མོས་པ་དང་། སངས་རྒྱས་ཀྱི་བྱིན་རླབས་། དུས་སུ་ཚོགས་པའི་རྐྱེན་གསུམ་འཛོམ་པ་ལས། སྒྲ་ཚིག་ཏུ་སྣང་བའོ། །དེ་སྐད་དུ་ཡང་། རྒྱུད་བླ་མ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །ཕྱི་དང་ནང་ལ་གནས་མ་ཡིན། །ཞེས་སོ། །དེ་ནས་འདི་ཉིད་གདུལ་བྱའི་ཡིད་ཤེས་ལ་འཆར་བའི་མིང་ཚིག་གི་རྣམ་པ་ཙམ་དུ་བཞག་པས་གཞན་དག་ལམ་ཞུགས་ཀྱི་མངོན་རྟོགས་ཀྱིས་ཁྱབ་པར་སྨྲ་ཡང་། ཁོ་བོས་དེར་མ་ངེས་པར་སྙམ་སྟེ། སྟོན་པའི་བྱིན་རླབས་དང་། གདུལ་བྱའི་མོས་པ་དང་། དུས་སུ་ཚོགས་པའི་རྐྱེན་གསུམ་འཛོམས་པ་ལས་ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ལའང་མིང་ཚིག་གི་རྣམ་པ་ཅན་གྱི་མདོའམ་རྒྱུད་སྡེ་གང་རུང་ཡོད་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ནི། དབྱེ་བའི་ཚུལ་མང་དུ་ཡོད་པ་ལས། དུས་ཀྱི་སྒོ་ནས་དབྱེ་ན་རྣམ་པ་གསུམ་སྟེ། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་དོན་དམ་ཡང་འཕགས་ཀྱི་ལེའུ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་ར་ཎཱ་སི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པར་བསྟན་པའི་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། ཞེས་གསུངས་པ་ལྟར་གནས་ཝཱ་ར་ཎཱ་སིར་འཁོར་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ། འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་དགུང་ལོ་སུམ་ཅུ་རྩ་དྲུག་ནས་བཞི་བཅུ་རྩ་གཉིས་ཀྱི་བར་གསུངས་སོ། །དེ་ནས་རིམ་བཞིན་ཏེ། མདོ་སྡེ་དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཞེས་པ་ནས། སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། ཞེས་གསུངས་པ་ལྟར། གནས་བྱ་རྒོད་ཀྱི་ཕུང་པོའི་རིར་དགེ་སློང་དང་དགེ་སློང་མ་སོགས་ས་ཆེན་པོ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། འཁོར་ལོ་གཉིས་པ་སྟོང་ཉིད་སྨོས་པའི་ཆོས་འཁོར་རམ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དགུང་ལོ་ཞེ་གསུམ་ནས་བདུན་ཅུ་རྩ་གཉིས་བར་དུ་གསུངས་སོ། །དེ་བཞིན་དུ། མདོ་སྡེ་དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཞེས་པ་ནས། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། ཞེས་པའི་བར་དུ་གསུངས་པ་ལྟར། འཛམ་བུའི་གླིང་སོགས་གནས་ངེས་མེད་རྣམས་སུ་དགེ་སློང་དང་དགེ་སློང་མ་སོགས་འཁོར་གྲངས་མེད་པ་ལ། ཆོས་ཀྱི་འཁོར་ལོ་མཐའ་མ་སྟེ།ལེགས་པར་རྣམ་པར་ཕྱེ་བའི་ཆོས་གསུངས་སོ། །འདི་ནི་ཐེག་ཆེན་ཐུན་མོང་དུ་གྲགས་པ་ལྟར་བཤད་པ་ལས་འདི་ཁོ་ན་ལྟར་ངེས་པ་ནི་མེད་དོ། །གཞན་ཡང་འདི་ལ་བཤད་པ་མང་ཡང་འོག་ཏུ་འཆད་པར་འགྱུར་བའོ། །བདག་རྐྱེན་གྱི་སྒོ་ནས་དབྱེ་ན། ཞལ་ནས་གསུང་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་དང་གསུམ་ལས། དང་པོ་ནི། མདོ་སྡུད་པ་ལྟ་བུ་སངས་རྒྱས་ཉིད་ཀྱིས་ཞལ་ནས་གསུངས་པ་དང་། གཉིས་པ་འདི་ལའང་ནང་གསེས་ཀྱིས་དབྱེ་ན་གསུམ་ལས། དང་པོ་སྐུས་བྱིན་གྱིས་བརླབས་པའི་བཀའ་ནི། རྣམ་པར་གྲོལ་བའི་ཟླ་བས་དྲིས་པའི་མདོ་ལྟ་བུ་དང་། གཉིས་པ་གསུང་གིས་བྱིན་གྱིས་བརླབས་པ་ནི། འཇམ་དཔལ་གྱིས་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལྟ་བུ་དང་།གསུམ་པ་ཐུགས་ཀྱིས་བྱིན་གྱིས་བརླབས་པ་ནི། ཤེས་རབ་སྙིང་པོ་ལྟ་བུའོ། །གསུམ་པ་ནི། སངས་རྒྱས་ཉིད་ཀྱིས་བཀའ་བསྡུ་མཁན་དག་ལ་རྗེས་སུ་གནང་བའི་མདོ་རྣམས་ཀྱི་གླེང་གཞི་དང་མཚམས་སྦྱོར་ལྟ་བུ་སྟེ། མྱ་ངན་ལས་འདས་པའི་མདོ་ལས། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྡུ་བ་བྱེད་པའི་ཚེ། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན་ཞེས་པས་གླེང་བསླངས་ལ། བར་དུ་མཚམས་སྦྱར་བའི་ཚིག་དང་། མཐར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བའི་བར་དུ་སྡུས་ཤིག་ཅེས་པ་ལྟ་བུའོ། རྗོད་བྱེད་ཀྱི་སྒོ་ནས་དབྱེ་ན། གསུང་རབ་ཡན་ལག་བཅུ་གཉིས་ཏེ། ཀུན་མཁྱེན་ཆོས་རྗེའི་སེམས་ཉིད་ངལ་གསོའི་རྩ་བར། དེ་ཡང་གསུང་རབ་ཡན་ལག་བཅུ་གཉིས་ཏེ།།མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད ། །ཆེད་བརྗོད་རྟོགས་པ་བརྗོད་དང་དེ་ལྟ་བྱུང་། །གླེང་གཞི་ཤིན་ཏུ་རྒྱས་དང་སྐྱེས་རབས་བཅས། །གཏན་ཕབ་རྨད་དུ་བྱུང་བའི་སྡེ་རྣམས་སོ། །ཞེས་གསུངས་པ་ལྟར་རོ། །གཉེན་པོའི་སྒོ་ནས་དབྱེ་ན། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། ། འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་སོ། །བརྗོད་བྱ་བསླབ་པ་གསུམ་དུ་སྟོན་པའི་སྒོ་ནས་ཀྱང་གསུམ་སྟེ། ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བ། སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེ། ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པ་རྣམས་སོ། །དེ་ལྟར་དབྱེ་བ་དང་འདོད་ཚུལ་ཀྱི་བྱེ་བྲག་རྒྱ་ཆེར་ཡོད་ཀྱང་འདིར་ཡི་གེ་མང་དུ་འཇིགས་པས་དེ་ཙམ་མོ། །
རྩ་བའི་དོན་གཉིས་པ་བཀའ་ཡི་དྲང་ངེས་ལ། མདོ་དང་བསྟན་བཅོས་ལས་འཁོར་ལོ་གསུམ་གྱི་ཐ་སྙད་དང་དྲང་ངེས་ཇི་ལྟར་བསྟན་པའི་ཚུལ་དང་། སྔ་འགྱུར་རང་བཞེད་དགོད་པ། དཀའ་བའི་གནས་ལ་དཔྱད་པ་གསུམ་ལས། དང་པོ་ལ་གཉིས་སྟེ། མདོ་ལས་བསྟན་ཚུལ་དང་། བསྟན་བཅོས་ལས་བསྟན་ཚུལ་ལོ། དང་པོ་ནི། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་གསུངས་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམས་ཅན་གང་དག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་པ་དང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས།ངེས་པའི་དོན་གྱི་མདོ་སྡེ་ནི་གང༌། དྲང་པའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པར་བསྟན་པ་དེ་དག་ནི་དྲང་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་བདག་དང་། སེམས་ཅན་དང་། སྲོག་དང་།གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བདག་དང་། བྱེད་པ་པོ་དང་།ཚོར་བ་དང་། སྒྲ་རྣམ་པ་སྣ་ཚོགས་སུ་བཤད་པ་དང་། བདག་པོ་མེད་པ་ལ་བདག་པོ་དང་བཅས་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། བདག་པོ་མེད་པ་ནས། རྣམ་པར་ཐར་པའི་སྒོའི་བར་དུ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱ་སྟེ། ཞེས་གཤིས་ཀྱི་གནས་ལུགས་ཆོས་ཉིད་དེ་བཞིན་ཉིད་ལ་ངེས་པའི་དོན་དང་དེ་སྟོན་པའི་བཀའ་ལ་ངེས་དོན་གྱི་མདོ་དང་། ཆོས་ཅན་སྣང་ཚོད་པ་སྐྱེ་བ་དང་འགག་པ་སོགས་ལ་དྲང་བའི་དོན་དང་དེ་སྟོན་པའི་བཀའ་ལ་དྲང་དོན་གྱི་མདོ་ཉིད་དུ་གསུངས་སོ། །
གཞན་ཡང་། གཟུངས་དབང་གིས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བའི་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་དེ། འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ་དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ་དེའི་འོག་ཏུ་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞེས་བདེན་བཞིའི་ཚུལ་དང་། སྟོང་པ་ཉིད་ཀྱི་ཚུལ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཞེས་གསུངས་པ་དང་། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་ཏུ་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ།བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ།བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར། བར་བ་སྟོང་པ་ཉིད་སྨོས་པའི་ཆོས་འཁོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཞེས་གསུངས་ཏེ། མདོ་དེ་རྣམས་ལས་སྔོན་མ་གཉིས་ཀྱིས་བཀའ་བར་བ་ངེས་དོན་དང་བཀའ་དང་པོ་སོགས་ཀུན་རྫོབ་བརྗོད་བྱ་གཙོ་བོར་བྱེད་པའི་མདོ་དག་དྲང་དོན་དུ་གསུངས་པ་དང་། མདོ་ཕྱི་མ་གཉིས་ལས་བཀའ་ཐ་མ་ངེས་དོན་དང་གཞན་གཉིས་དྲང་དོན་དུ་སྨྲའོ། །མདོ་ཕྱི་མ་གཉིས་ལས་ཕྱི་མས་བཀའ་མཐའ་མ་ངེས་དོན་དུ་གསུངས་པ་གསལ་ཡང་། སྔོན་མ་དེ་ལས་ཇི་ལྟར་གསུངས་སྙམ་ན། དཔེ་ལ་བལྟས་ན་གོ་སྟེ། མདོ་དེ་ཉིད་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་སྤྱོད་པའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ་ལན་ཚའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ།།དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ལྭ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་ཡང་སྦངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻ་ཌཱུརྻའི་རིགས་ཆེན་པོ་ཞེས་བརྗོད་དོ། །ཞེས་ནོར་བུ་ཡོངས་སུ་སྦྱོང་བར་བྱེད་པའི་དཔེ་བཞིན་འཁོར་ལོ་ཐ་མས་ཡུམ་ལ་ཡོངས་སུ་འཇུག་པར་མཛད་པ་སྟོན་པས་སོ། །
གཉིས་པ་བསྟན་བཅོས་ལས་བསྟན་པའི་ཚུལ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་ནི། རིན་ཆེན་ཕྲེང་བ་ལས།ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་ཕྱིར་ཆོས་སྟོན་ཏེ། །ཁ་ཅིག་བསོད་ནམས་འགྲུབ་བྱའི་ཕྱིར། །ཁ་ཅིག་ལ་ནི་གཉིས་བསྟེན་པ། །ཁ་ཅིག་ལ་ནི་གཉིས་མི་བསྟེན། །ཟབ་མོ་ཁུ་འཁྲིག་ཅན་འཇིགས་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་དང་པོ་བདག་སྟོན་པའི་འཁོར་ལོ། བར་དུ་བདག་མེད་སྟོན་པའི་འཁོར་ལོ། ཐ་མར་ལྟ་བ་ཀུན་ཟློག་གི་འཁོར་ལོ་ཞེས་གསུངས་སོ། ཚུལ་དེས་དབང་གིས། སློབ་དཔོན་ཨཱརྱ་དེ་བས་དེའི་དགོངས་པ་འགྲེལ་བ་ན། བཞི་བརྒྱ་པ་ལས བསོད་ནམས་མིན་ལས་དང་པོར་བཟློག ། བར་དུ་བདག་ནི་བཟློག་པ་དང༌། །ཕྱི་ནས་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་མདོ་སྔོན་མ་གཉིས་ཀྱི་འགྲེལ་བྱེད་དུ་ཐ་སྙད་དེ་ལྟར་མཛད་པ་དང་། རྗེ་བཙུན་བྱམས་པས་རྒྱུད་བླ་མ་ལས། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །ཞེས་ཞི་བའི་ལམ་ལ་འཇུག་པའི་འཁོར་ལོ་དང་། རབ་ཏུ་སྨིན་པའི་འཁོར་ལོ་དང་། ལུང་སྟོན་པའི་འཁོར་ལོ། ཞེས་གསུངས་པ་དང་། དཔལ་ལྡན་ཟླ་བས་ནི། དབུ་མ་འཇུག་པ་ལས། མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །དྲངས་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང༌། །སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས། །ཞེས་མདོ་སྔོན་མ་གཉིས་ཀྱི་རྗེས་སུ་འབྲང་སྟེ་གསུངས་སོ།རྒྱུད་བླ་མ་སོགས་ལས། དྲང་ངེས་ཀྱི་ཐ་སྙད་དངོས་སུ་མི་གསལ་ཡང་། བཀའ་ཐ་མའི་བརྗོད་བྱ་འོད་གསལ་དོན་དམ་བདེན་པ་བརྗོད་བྱ་གཙོ་བོའི་ཚུལ་དུ་གསུངས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་རྡོ་རྗེའི་གནས་བདུན་ལས་བཞི་བ་ཁམས་བདེ་གཤེགས་སྙིང་པོ་ནི། དེ་ཉིད་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། ། རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་རིགས་པ་གསུམ་དང་། དེ་ཉིད་ལས། དེ་ལྟར་རྒྱལ་བའི་སྙིང་པོ་ནི། །རྣམ་གཞག་རྣམ་པ་བཅུ་ཞེས་བརྗོད། །ཅེས་ངོ་བོ་དང་རྒྱུ་དང་འབྲས་བུ་སྟེ། རྣམ་གཞག་བཅུས་སྒོ་ནས་བཤད་པའོ། ། དེ་བཞིན་དུ་དཔེ་དགུའི་སྒོ་ནས་ཏེ། ཉོན་མོངས་སྦུབས་ནང་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་སྨྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །ཞེས་སོགས་ཀྱིས་ཁམས་བདེ་བར་གཤེགས་པའི་སྙིང་པོ་བྲི་གང་དང་བྲལ་བའི་ཚུལ་གྱིས་སེམས་ཅན་ཀུན་གྱི་རྒྱུད་ལ་ཡེ་ནས་ཡོད་པར་བསྟན་ཏེ། གནས་བདུན་མདོ་སོ་སོའི་རྗེས་སུ་འབྲང་ན་འཕེལ་འགྲིབ་མེད་པའི་མདོ་དང་། མདོ་གཅིག་ལས་ཆ་ཚང་བསྟན་པའི་རྗེས་འབྲང་ན་གཟུངས་དབང་གིས་ཞུས་པའི་མདོ་སྟེ། དེ་ཉིད་ལས། གོ་རིམས་ཇི་བཞིན་གཟུངས་ཀྱི་རྒྱལ་པོའི་མདོར། །གླེང་གཞི་ལས་ནི་གནས་གསུམ་རིག་བྱ་སྟེ། །གཞི་ནི་བློ་ལྡན་རྒྱལ་ཆོས་དབྱེ་བ་ལས། །ཞེས་གསུངས་པ་ལྟར་གླེང་གཞི་ལས་མཆོག་གསུམ་བསྟན་ཏེ། ལུས་ཀྱི་སྐབས་སུ། བྱང་སེམས་ཀྱི་ལམ་གྱིས་དྲི་མ་ཡོངས་སུ་སྦྱོང་བ་དྲུག་ཅུ་བསྟན་པས། དང་པོར་སངས་རྒྱས་ཀྱི་ཁམས་གསལ་བར་མཛད་དེ། ཆོས་དབྱིངས་བསྟོད་པ་ལས། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་ངལ་བ་ཙམ་དུ་ཟད། །ཅེས་གསུངས་པ་ལྟར། དྲི་མ་སྦྱང་བར་བྱ་བའི་གཞི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་སྙིང་པོར་ཡོད་པ་ལས། དེ་མངོན་དུ་འགྱུར་ཆེད་ཡོངས་སྦྱོང་གི་ཚུལ་སྟོན་པའི་ཕྱིར་རོ། །དེས་ན་དོན་དམ་བདེན་པ་བརྗོད་བྱ་གཙོ་བོར་བསྟན་པའི་མདོ་ལ་ཀུན་གྱིས་ངེས་དོན་དུ་བཞེད་པས་བཀའ་ཐ་མ་ངེས་དོན་དུ་བཞེད་པ་ཡིན་ནམ་སྙམ་སྟེ་དཔྱད་པར་བྱའོ། །
གཉིས་པ་སྔ་འགྱུར་རང་བཞེད་ནི། དེ་ལྟར་མདོ་དང་བསྟན་བཅོས་དག་ལས་འཁོར་ལོ་གསུམ་དང་དེ་དག་ལ་དྲང་ངེས་ཀྱི་རིམ་པ་གཉིས་སུ་བྱུང་བས་བོད་འདིར་ཡང་བཞེད་ཚུལ་མི་འདྲ་བ་གསུམ་ཙམ་ཞིག་མཆིས་ཏེ། བཀའ་དང་པོ་ལ་དྲང་ངེས་གཉིས་དང་། བར་བ་ངེས་དོན་དང་། མཐའ་མ་དྲང་དོན་འབའ་ཞིག་པ་དང་། ཐ་མ་ཁོ་ན་ངེས་དོན་དུ་བཞེད་ནས་གཞན་གཉིས་དྲང་དོན་དུ་འདོད་པ་དང་། བཀའ་བར་བ་དང་། ཐ་མའི་གཤེགས་སྙིང་བསྟན་པའི་མདོ་རྣམས་ངེས་དོན་དུ་བཞེད་ནས་གཞན་དག་དྲང་དོན་ཉིད་དུ་སྨྲ་ཞིང་། ཐུན་མོང་གིས་འཁོར་ལོ་དང་པོ་བདེན་བཞི་བསྟན་པའི་མདོ་དག་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་བསྟན་པས་དྲང་དོན་ཡིན་པར་བཞེད་དོ། །དེ་དག་ལས་རང་ལུགས་ཀྱི་བཞེད་པ་ནི་ཕྱི་མ་དེ་ཁོ་ན་ལྟར་ཡིན་ཏེ། ཀུན་མཁྱེན་ཆོས་རྗེའི་སེམས་ཉིད་ངལ་གསོའི་འགྲེལ་བ་ཤིང་རྟ་ཆེན་པོ་ལས། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དབྱིངས་རང་བཞིན་གྱིས་དག་པ་སེམས་ཉིད་འོད་གསལ་བའི་དགོངས་པ་ནི་རང་བཞིན་གྱིས་དག་ཅིང་འཕོ་འགྱུར་མེད་པ་སྐྱེ་འགག་གནས་གསུམ་ལས་འདས་པ་ནམ་མཁའི་ངོ་བོ་ནི་ངེས་པའི་དོན་ཡིན་ལ། དེ་སྟོན་པའི་བཀའ་དང་བསྟན་བཅོས་མ་ལུས་པ་ངེས་པའི་དོན་གྱི་ཁོངས་སུ་བསྡུའོ་ཞེས་དང་། དེ་ཉིད་ལས། མདོར་ན་གཤིས་ཀྱི་གནས་ལུགས་དང་དེ་སྟོན་པའི་མདོ་རྣམས་ལ་ངེས་པའི་དོན་དང་དེའི་མདོ་སྡེ་ཞེས་བྱའོ། །ཞེས་དང་། འཇམ་མགོན་མི་ཕམ་པས། སྟོང་ཐུན་སེང་གེའི་ང་རོ་ལས། འཁོར་ལོ་བར་བ་དང་མཐའ་མའི་ངེས་དོན་གྱི་སྐོར་རྣམས་དབྱེ་གསལ་མེད་པར་གཉིས་ཀ་ངེས་དོན་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་བཞེད་པ་འདི་ཁོ་ན་ལྟར་བཟུང་བར་བྱ་སྟེ། ཞེས་བཀའ་འཁོར་ལོ་བར་ཐ་དགོངས་པའི་གནད་གཅིག་ཏུ་གཏན་ལ་ཕབ་ནས་གཉིས་ཀ་ངེས་པའི་དོན་གྱི་མདོ་སྡེ་རུ་བཞེད་ནས་ཅིག་ཤོས་ངེས་དོན་དུ་བཞེད་པའི་ཚེ་གཞན་དེའི་ངེས་དོན་གྱི་རི་མོ་བསུབ་སྟེ་དྲང་དོན་དུ་ཁས་ལེན་དགོས་པར་མ་ཡིན་པར་གཉིས་ཀས་ཐེག་ཆེན་དབུ་མའི་ལུགས་ཀྱི་དོན་དམ་བདེན་པ་སྤྲོས་བྲལ་དབུ་མ་ཆེན་པོ་གཏན་ལ་ཕབ་ཚུལ་མི་འདྲ་བ་ཙམ་ལས་བརྗོད་བྱའི་གཙོ་བོར་དེ་ཉིད་དུ་གནས་པས། དོན་དམ་བདེན་པ་དངོས་ཀྱི་བརྗོད་བྱའི་གཙོ་བོར་བསྟན་པའི་མདོའམ། སྒྲ་ཇི་བཞིན་པའི་བསྟན་དོན་ལ། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་མེད་པའི་མདོ་ཡིན་པའི་ཕྱིར་རོ། །འདིར་རང་ལུགས་སྨྲ་བར་འདོད་པ་ཁ་ཅིག་གིས། བཀའ་འཁོར་ལོ་བར་ཐ་དགོངས་པ་འགལ་མེད་ཡིན་ཀྱང་། འཁོར་ལོ་བར་བ་ངེས་དོན་དུ་བཞེད་པའི་ཚེ་ཐ་མ་དྲང་དོན་དུ་ཁས་ལེན་དགོས་ཏེ། བདེ་གཤེགས་སྙིང་པོ་དེའི་ལུགས་ལ་ཀུན་རྫོབ་ཡིན་པའི་ཕྱིར་རོ། །འཁོར་ལོ་ཐ་མ་ངེས་དོན་དུ་བཞེད་པའི་ཚེ་བར་བ་དྲང་དོན་དུ་འདོད་དགོས་ཏེ། མདོ་སྡེ་དགོངས་འགྲེལ་ལས། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་གསུངས་པའི་ཕྱིར་རོ་ཞེས་གསུངས་ཀྱང་དོན་ལ་མི་གནས་པར་སེམས་ཏེ། འཁོར་ལོ་བར་བའི་དབང་དུ་བྱས་ན། སྟོང་པ་ལ་དོན་དམ་དང་། སྣང་བ་ལ་ཀུན་རྫོབ་ཏུ་བཞེད་པ་བདེན་ཡང་། སྐབས་དེའི་སྣང་བ་ཞེས་པ་ནི་མ་དག་གཉིས་སྣང་སོགས་ཀྱི་ཡུལ་ཡུལ་ཅན་ནམ་རྒྱུ་རྐྱེན་འདུས་བྱས་པ་ལས་གསར་དུ་བྱུང་བའི་སྣང་བ་དག་ལས།གདོད་མའི་འོད་གསལ་ཆེན་པོ་སེམས་ཀྱི་ཆོས་ཉིད་ལ་གོ་རྒྱུ་མ་ཡིན་ཏེ། ཁྲི་བརྒྱད་སྟོང་པ་ལས། འདི་ལྟར་སེམས་དེ་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་རོ། །ཞེས་སྣང་ཆ་འོད་གསལ་བ་སེམས་ཀྱི་ཆོས་ཉིད་དུ་གསུངས་པ་དང་།
ཆོས་དབྱིངས་དེ་བཞིན་ཉིད་ནི། བཀའ་བར་བའི་སྐབས་ནས་བསྟན་པའི་སྟོང་ཉིད་དང་། ཐ་མའི་སྐབས་ནས་བསྟན་པའི་འོད་གསལ་བ་གཉིས་ཟུང་དུ་ཆུད་པ་ཞིག་ལས་དེ་གཉིས་གང་རུང་གི་ཕྱོགས་སུ་ལྷུང་བའི་དོན་དམ་དབུ་མ་ཆེན་པོ་ཞིག་མི་སྲིད་དོ། ། འོན་ཀྱང་བཀའ་བར་བ་དང་དེའི་དགོངས་འགྲེལ་དག་ལས་ཏེ། ཁྲི་བརྒྱད་སྟོང་པ་ལས། གཟུགས་མེད་ཚོར་བ་མེད་ཅིང་འདུ་ཤེས་སེམས་པ་མེད། །དེ་ལ་རྣམ་ཤེས་གནས་ནི་རྡུལ་ཙམ་ཡོད་མ་ཡིན། །དེ་ཆོས་ཀུན་ལ་མི་གནས་གནས་པ་མེད་པར་སྤྱོད། །ཡོངས་སུ་གཟུང་མེད་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་འཐོབ། །ཅེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། རྩ་ཤེར་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སྟོང་པའི་ཆ་ནས་རྩལ་འདོན་མཛད་པ་དང་། བཀའ་ཐ་མ་དང་དེའི་དགོངས་འགྲེལ་དག་ལས། སྣང་ཆ་འོད་གསལ་བའི་ཆ་ནས་རྩལ་འདོན་མཛད་དེ། ཕལ་བོ་ཆེའི་མདོ་ལས།སྟོང་གསུམ་དར་ཡུག་ཆེན་པོའི་དཔེ་དང་བཅས་དེ་གསུངས་པ་དང་། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་སྟོང་བ་འོད་གསལ་བའི་ཆ་ནས་དོན་དམ་དབུ་མ་ཆེན་པོ་བསྟན་ཚུལ་མི་འདྲ་བ་ཙམ་སྟེ། དང་པོས་སྟོང་ཉིད་དོན་སྤྱོད་ཚད་མས་རྙེད་དོན་ལྟར་ཅི་ཡང་མ་གྲུབ་པའི་ཚུལ་དང་། ཕྱི་མས་ཐ་སྙད་དག་ཟིག་ཚད་མས་རྙེད་ཚུལ་ལྟར་སྣང་བ་འོད་གསལ་བའི་ཆ་ནས་བསྟན་པ་ལས། བསྟན་བྱའི་གནས་ལུགས་གཅིག་ཏུ་གནས་པ་སྟེ། བཀའ་བར་བའི་སྐབས་ན་བསྟན་པའི་ཟབ་མོ་ཆོས་དབྱིངས་ཉིད་རང་བཞིན་སྟོང་པའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་སྙིང་པོ་འོད་གསལ་བའི་ཁྱད་པར་དུ་བྱས་ནས་བསྟན་པའི་ཕྱིར་རོ། །དེ་སྐད་དུའང་།སྟོང་ཐུན་སེངྒེའི་ང་རོ་ལས། དེས་ན་འཁོར་ལོ་བར་པའི་བསྟན་དོན་ཀུན་བྱང་གི་ཆོས་ཐམས་ཅད་སྟོང་པར་བསྟན་པ་ནི་དེ་དེ་བཞིན་དུ་གྲུབ་སྟེ་བདེ་གཤེགས་སྙིང་པོའང་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཀྱང་སྟོང་པའི་རང་བཞིན་ཅན་གྱི་སྐུ་དང་། ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་ཁྱད་པར་དུ་བྱས་པའི་སྙིང་པོ་བསྟན་པ་འདི་འཁོར་ལོ་ཐ་མའི་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་དགོངས་པ་ཡིན་པས་ཚུལ་དེ་ཙམ་གྱི་ཆ་ནས་འཁོར་ལོ་བར་པ་ལས་ལྷག་པའི་ཕྱིར། ཞེས་དང་། དེ་ཉིད་ལས། དེས་ན་འཁོར་ལོ་བར་བ་རུ་བསྟན་པའི་སྟོང་ཉིད་དང་། ཐ་མར་བསྟན་པའི་སྐུ་དང་ཡེ་ཤེས་དག་སྣང་སྟོང་ཟུང་དུ་ཆུད་པར་བྱ་དགོས་པས། ཞེས་གསུངས་སོ། །ཚུལ་དེ་དང་མཐུན་པར་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མས་སྟོང་ཐུན་གནད་ཀྱི་ཟིན་ཐུན་ལས། དེའི་ངོ་བོ་མདོ་ལས་ཇི་ལྟར་བསྟན་པའི་ཚུལ་ཡང་། བཀའ་བར་བས་ངོ་བོ་སྟོང་ཉིད་བསྟན་ཚུལ་ཆོས་ཅན་གྱི་དབྱེ་བས་སྟོང་ཉིད་ཉི་ཤུ་ལ་སོགས་པར་བསྟན་ཀྱང་།ཆོས་ཉིད་ཀྱི་ཆ་ནས་ངོ་བོ་དབྱེར་མེད་ཀྱི་ཆོས་དབྱིངས་རང་བཞིན་གནས་རིགས་སུ་བསྟན་པས་ངོ་བོ་སྟོང་པ་གསལ་བར་མཛད། བཀའ་ཐ་མས་སེམས་ཀྱི་རང་བཞིན་འོད་གསལ་བའི་ལྡོག་ཆ་ནས་སྐུ་དང་ཡེ་ཤེས་སུ་བསྟན་པས། ཞེས་སོགས་མང་དུ་གསུངས་སོ། །དེའི་ཕྱིར་བཀའ་བར་པའི་དྲང་ངེས་འཇོག་ཚུལ་གྱི་དབང་དུ་བྱས་ཀྱང་གཤེགས་སྙིང་བསྟན་པའི་མདོ་དག་ངེས་དོན་གྱི་མདོ་ཡིན་ཏེ། བདེ་གཤེགས་སྙིང་པོ་དེའི་ལུགས་ལ་དོན་དམ་བདེན་པ་གང་ཞིག་དེ་བརྗོད་བྱ་གཙོ་བོར་བྱེད་པའི་མདོ་ཡིན་པའི་ཕྱིར། རྟགས་གཉིས་ཆར་སྔར་བསྒྲུབས་ཟིན་ནོ། །དེའི་ཕྱིར་སྟོང་ཐུན་གནད་ཀྱི་ཟིན་ཐུན་ལས། སྔ་མ་ལྟར་ན་བདེན་པ་གཉིས་ཀའི་ཆ་ཡོད་ཀྱང་། ཞེས་བཀའ་བར་བ་དོན་དཔྱོད་ཚད་མས་རྙེད་དོན་ཡིན་མིན་གྱི་སྒོ་ནས་བདེན་གཉིས་བཞག་ནའང་བཀའ་ཐ་མའི་དོན་དམ་ལ་དོན་དམ་ཡིན་མིན་གཉིས་སུ་གསུངས་པ་དང་། གཞན་ཡང་དེ་ཉིད་ལས། དེས་ན་མདོ་ཏིང་འཛིན་རྒྱལ་པོ་སོགས་ཀྱི་དགོངས་པ་ལྟར། ཟླ་བས་དོན་དམ་དཔྱོད་བྱེད་ཀྱི་ཚད་མའི་གནོད་པ་ཡོད་མེད་ཀྱི་སྒོ་ནས་དོན་དམ་སྟོང་ཉིད་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་དེ་ངེས་དོན་དང་། ཐ་སྙད་ཀུན་རྫོབ་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་དྲང་དོན་དུ་བཞེད་དེ། མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །ཀུན་རྫོབ་གསུངས་པའང་ཤེས་ནས་དྲང་བྱ་ཞིང་། །སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས། །ཞེས་གསུངས་སོ། །དེས་ན་བརྗོད་བྱའི་དབང་གིས་དཀའ་དང་པོ་དྲང་དོན་དང་། བར་བ་ངེས་དོན། ཐ་མ་དྲང་ངེས་ཕྱེད་མའི་ཚུལ་གྱིས་འཇོག་གོ །ཞེས་བཀའ་བར་པའི་དྲང་ངེས་འཇོག་ཚུལ་གྱི་དབང་དུ་བྱས་ཀྱང་ཐ་མ་དྲང་ངེས་ཕྱེད་མ་གསུངས་པའི་ཕྱིར་རོ། ། མདོར་ན་བཀའ་བར་བའི་སྐབས་ནས་བསྟན་པའི་སྟོང་པ་ཆེན་པོ་དང་ཐ་མའི་སྐབས་ནས་བསྟན་པའི་འོད་གསལ་དོན་དམ་གཉིས་ཟུང་དུ་འཇུག་པའི་ངེས་དོན་བདེ་གཤེགས་སྙིང་པོ་དེ་ཉིད་སྤྲོས་བྲལ་དབུ་མ་ཆེན་པོར་བཀའ་བར་ཐ་གཉིས་ཀྱིས་འགལ་མེད་དུ་ཁས་བླངས་པའི་གནད་ཀྱིས་དགོངས་པ་འགལ་མེད་དུ་འགྱུར་གྱི། དེ་ལས་གཞན་དུ་ན། མྱང་འདས་དང་གཟུངས་དབང་གིས་ཞུས་པའི་མདོ་ལས་འོ་མའི་སྨན་གྱི་དཔེ་དང་།ནོར་བུ་སྦྱོང་བའི་དཔེ་སོགས་ལས་གང་ཟག་བཀྲི་ཚུལ་གྱི་རིམ་པ་དང་སྦྱར་ནས་གསུངས་པ་ལྟར། འཁོར་ལོ་གསུམ་པོ་དགོངས་པའི་བབ་སོ་གཅིག་ཏུ་གནས་པ་ལས་འགལ་བའི་གཞི་ཇི་ལྟར་ཡོད་དེ་ཚད་མའི་སྐྱེས་བུ་གཅིག་གིས་གསུངས་པའི་བཀའ་ཡིན་པའི་ཕྱིར་རོ། ། འདིར་དངོས་ལ་གནོད་བྱེད་ཡོད་མེད་ཀྱི་དོན་ནི། ཁ་ཅིག་དོན་དཔྱོད་ཚད་མས་གནོད་པ་ཡོད་མེད་ཀྱི་དོན་ཡིན་ཞིང་། དེས་ན་སྟོང་ཉིད་དོན་དམ་བདེན་པ་ལ་གནོད་པ་མེད་ཅིང་འོད་གསལ་དོན་དམ་བདེན་པ་ལ་གནོད་པ་ཡོད་པས་ཕྱི་མ་འདི་ཉིད་དྲང་པའི་དོན་དང་དེ་བརྗོད་བྱའི་གཙོ་བོར་བྱས་པའི་མདོ་ལ་དྲང་དོན་གྱི་མདོ་སྡེ་ཁོ་ནར་སྨྲ་བ་དང་། ལ་ལ་ཡང་དོན་དཔྱོད་ཚད་མས་གནོད་པ་ཡོད་མེད་ཀྱི་དོན་ལ་བཞག་སྟེ་འོད་གསལ་དོན་དམ་བདེན་པ་དོན་དཔྱོད་རིགས་པས་དཔྱད་བཟོད་དུ་གྲུབ་པ་རྟག་བརྟན་ཐེར་ཟུག་ཏུ་གནས་པ་འགྱུར་མེད་ཡོངས་གྲུབ་ཉིད་རིགས་པས་གནོད་མེད་ཀྱི་དོན་དུ་གྲུབ་པས་དེ་ཁོ་ན་ངེས་པའི་དོན་དང་དེ་སྟོན་པའི་བཀའ་ལ་ངེས་དོན་གྱི་མདོ་ཞེས་གསུངས་པ་སྔར་བཤད་པ་ལྟར་གཉིས་སུ་ཡོད་ཀྱང་། མི་འཐད་དེ། གཟུངས་དབང་གི་ཞུས་པའི་མདོ་ལས། གང་སྟོང་པ་ཞེས་བྱ་བ་དེ་ནི། མངོན་པར་ཞེན་པ་མེད་ཅིང་འཛིན་པ་མེད་པའི་ཚིག་བླ་དྭགས་ཏེ། དོན་དམ་པར་གང་སྟོང་པ་ཞེས་བྱ་བའི་ཆོས་གང་ཡང་དམིགས་སུ་མེད་ཀྱང་སྟོང་པ་ཞེས་ཀྱང་བརྗོད་དོ། །ཞེས་སྟོང་པ་ཉིད་ཅེས་པའང་། ཅི་ཡང་མ་གྲུབ་པ་སྟོན་པའི་ཚིག་ཙམ་སྟེ་དོན་ལ་སྟོང་ཉིད་ཅེས་པའང་མ་གྲུབ་སྟེ། གང་དང་གང་དུ་འདུ་ཤེས་འཇུག་ན་ཐ་ན་སྟོང་ཉིད་དོ་སྙམ་པ་དེའང་རློམ་སེམས་ཏེ་དགེ་སྦྱོང་དུ་བྱེད་པའི་ཆོས་མ་ཡིན་པར་གསུངས་པ་དང་། འཕགས་པ་ལང་ཀར་གཤེགས་པ་ལས།འདི་ལ་བློ་གྲོས་ཆེན་པོ། མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། ། ཞེས་བདེ་གཤེགས་སྙིང་པོ་བདག་ཏུ་མ་གྲུབ་པར་གསུངས་པ་དང་། མདོ་དེ་ཉིད་ལས། འདི་ལྟ་སྟེ། གང་ལ་གང་མེད་པས་སྟོང་པ་ནི་གཅིག་གིས་གཅིག་སྟོང་པ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་དཔེར་ན། མྲྀ་ག་ལའི་མའི་ཁང་པ་ན་གླང་པོ་ཆེ་དང་། རྟ་དང་།བ་ལང་དང་། ལུག་ལ་སོགས་པ་མེད་ཀྱང་དགེ་སློང་གི་དགེ་འདུན་མེད་པ་ནི་མ་ཡིན་ནོ། །དེ་ནི་དེ་དག་གིས་སྟོང་ངོ་ཞེས་བྱ་བ་ཡང་ཁང་པ་ཁང་པའི་དངོས་པོས་སྟོང་པ་མ་ཡིན། དགེ་སློང་དགེ་སློང་གི་དངོས་པོས་སྟོང་པ་མ་ཡིན་ལ། གནས་གཞན་ན་གླང་པོ་ཆེ་དང་རྟ་ལ་སོགས་པ་མེད་པ་ཡང་མ་ཡིན་ནོ། །དེ་ནི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་དེ། གང་ལ་གང་མེད་པ་དེ་ནི་གཅིག་གིས་གཅིག་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་སྟོང་པ་ཉིད་རྣམ་པ་བདུན་ཏེ། གཅིག་གིས་གཅིག་སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་ཀྱི་ནང་ན་དམན་པ་ཡིན་ཏེ། ཁྱོད་ཀྱིས་ཡོངས་སུ་སྤང་བར་བྱའོ། །ཞེས་རང་གིས་ངོ་བོར་མི་སྟོང་པར་གཞན་གྱིས་གཞན་སྟོང་པ་དེ་ལྟ་བུ་ནི་སྤང་བྱར་གསུངས་པའི་ཕྱིར་རོ། །བསྟན་བཅོས་དག་ལས་ཀྱང་། རྩ་བ་ཤེས་རབ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་དང་།མགོན་པོ་བྱམས་པས། རྒྱུད་བླ་མ་ལས། བདག་དང་བདག་མེད་སྤྲོས་པ་དག ། ཉེ་བར་ཞི་ཕྱིར་དམ་པའི་བདག །ཅེས་དང་། དཔལ་ལྡན་ཟླ་བས། ཚིག་གསལ་ལས། ནམ་མཁའི་མེ་ཏོག་གི་ཕྲེང་བ་ལྟར་སྟོང་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་བྱའོ། ། ཞེས་ཡོད་མེད་ཡིན་མིན་སོགས་ཀྱི་མཐའ་གང་དུའང་མ་གྲུབ་ཅིང་དེ་དག་ཏུ་འཛིན་ན་རྟག་མཐའ་དང་ཆད་མཐའ་རུ་ལྟུང་བ་གསུངས་པས་སྟོང་ཉིད་ཅེས་པ་དབུ་མའི་རིགས་པས་མི་ཁེགས་པ་ཞིག་འདོད་མི་རིགས་སོ། ། དེས་ན་འདི་དག་གིས་སྟོང་པ་དང་བདེ་གཤེགས་སྙིང་པོ་མེད་དགག་དང་མ་ཡིན་དགག་ཏུ་ཁས་བླངས་ནས་རིགས་པས་དཔྱད་བཟོད་དུ་འདོད་པའི་གནད་ཀྱིས་ལུང་དེ་དག་གིས་གནོད་དོ། །དེ་ལྟར་ན་ཆོས་ཉིད་དབུ་མའི་རིགས་པའི་རྙེད་དོན་དུ་ཇི་ལྟར་འགྱུར་ཞེ་ན་ཅི་ཡང་མ་རྙེད་པའི་ཚུལ་གྱིས་རྙེད་པ་ཆེན་པོའི་དོན་རྟོགས་ན་འདི་ཡི་འགག་རང་གྲོལ་དུ་འགྱུར་རོ། ། རང་བཞེད་ནི། རང་ཉིད་དོན་དམ་ནམ་སྟོང་ཉིད་མཐར་ཐུག་དུ་བསྟན་པ་ལ་གནོད་བྱེད་ཡོད་མེད་ཀྱི་སྒོ་ནས་ཏེ་རྡུལ་དང་ཤེས་པ་ཆ་མེད་དང་སྟོང་རྐྱང་མེད་དགག་རྣམས་དོན་དམ་མཐར་ཐུག་ཏུ་ཁས་ལེན་པ་ལ་འགོག་བྱེད་ཀྱི་རིགས་པ་ཡོད་པ་བཞིན་ནོ། །
བདག་བློ་དད་པའི་སེམས་ཀྱི་ཞིང་ས་ལ། །
སྨྲ་བའི་སེང་གེ་ཀུན་མཁྱེན་ཡབ་སྲས་ཀྱི། །
ལེགས་གསུང་བདུད་རྩིའི་གྲུ་ཆར་འཛག་པ་ཡིས། །
གཞུང་དོན་འགྲེལ་ལ་སྤོབས་པའི་ལོ་ཏོག་འཁྲུངས། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གསུམ་པ་དཀའ་བའི་གནས་དཔྱད་པ་ལ། བཀའ་བར་མཐའི་སྣང་སྟོང་ཟུང་འཇུག་ལ་དཔྱད་པ་དང་།འཁོར་ལོ་ཐ་མ་ངེས་དོན་དུ་བསྟན་པའི་མདོ་ལ་དཔྱད་པ་གཉིས་ལས་དང་པོ་ནི།
གང་དུ་སྟོང་ཐུན་སེངྒེའི་ང་རོ་ལས། འཁོར་ལོ་བར་བའི་སྟོང་ཉིད་དང་། ཐ་མར་བསྟན་པའི་སྐུ་དང་ཡེ་ཤེས་གཉིས་ཟུང་དུ་ཆུད་པར་བྱ་དགོས་གསུངས་པའི་དོན་ལ་ཞིབ་ཏུ་བསམ་ན་འཁོར་ལོ་བར་བའི་སྐབས་སུ་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་སྟོང་ཉིད་དུ་བསྟན་ལ་དེའི་སྟོང་ཉིད་དེ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་ཇི་ལྟར་ཟུང་དུ་ཆུད་དེ། སྐུ་དང་ཡེ་ཤེས་ཀྱི་འདུས་མ་བྱས་ཆེན་པོ་ནི་སེམས་ཁོ་ནའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །སེམས་ཀྱི་ཆོས་ཉིད་དེ་སེམས་མེད་བེམ་པོ་སོགས་ཀྱི་ཆོས་ཉིད་དང་ཇི་ལྟར་ཟུང་དུ་འཇུག་སྟེ་མི་རིགས་སོ། ། གཞན་ཡང་སྟོང་ཐུན་ཉིད་ལས། བདེན་གྲུབ་མེད་པ་ཡིན་ན་སངས་རྒྱ་བའི་ངེས་པ་མེད་དེ། ས་རྡོ་ལ་སོགས་པ་ཆོས་ཐམས་ཅད་ཀྱང་བདེན་མེད་ཡིན་ཀྱང་། བདེན་མེད་ཡིན་ཚད་སངས་རྒྱ་རུང་བར་སུས་སྒྲུབ་པར་ནུས་ཞེས་སེམས་མེད་བེམ་པོ་དག་ལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཡེ་ལྡན་གྱི་རིགས་ཏེ་སེམས་ཀྱི་ཆོས་ཉིད་དེ་མི་ལྡན་པར་གསུངས་པའི་ཕྱིར་རོ་ཞེ་ན། རིགས་སྨྲ་བ་དག་གིས་ཇི་ལྟར་བརྗོད་དེ་དཔྱད་པའི་གཞིའི་གནས་སོ། ། ཁོ་བོས་ནི་འདི་ལྟར་སྨྲ་བར་འདོད་དེ། ས་རྡོ་སོགས་ཇི་སྲིད་སེམས་མེད་བེམ་པོ་རུ་ཁས་ལེན་པ་དེ་སྲིད་དུ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་བྲལ་ཡང་།བཀའ་བར་ཐ་གང་གི་ལུགས་ཡིན་ཡང་ཐ་སྙད་ཀྱི་གནས་ཚུལ་མཐར་ཐུག་པ་དེ་ནི་སྣང་བ་ཐམས་ཅད་སེམས་ཉིད་དུ་འདོད་ཅིང་། དེའི་ཕྱིར་འཁོར་ལོ་བར་བས་བསྟན་པའི་སྟོང་ཉིད་དེའང་། བོད་པ་སྤྲུལ་སྐུའི་སྟོང་ཐུན་གནད་ཀྱི་ཟིན་ཐུན་ལས། རང་བཞིན་གནས་རིགས་སུ་བསྟན་པས་ཞེས་གསུངས་པའི་གནད་ཀྱང་དེ་ལ་ཐུག་པར་སེམས་སོ། །དེ་ལྟར་ཡིན་པའང་ལུང་གིས་གྲུབ་པར་འདོད་དེ། མདོ་སྡུད་པ་ལས།གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ། །འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་ཉིད་དག་པར་འགྱུར། །ཐམས་ཅད་མཁྱེན་ཉིད་འབྲས་བུ་དག་དང་གཟུགས་དག་པ། །ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་གཅད་དུ་མེད། །ཅེས་དང་། མངོན་རྟོགས་རྒྱན་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང་། །བཅད་དུ་མེད་པས་དག་པར་བརྗོད། །ཅེས་ཡུལ་ཅན་སྒྲིབ་པ་ལས་གྲོལ་བའི་དག་པ་གང་ཡིན་པ་ཡུལ་གཟུགས་ལ་སོགས་པའི་དག་པའམ་རང་བཞིན་དུ་བསྟན་པ་དང་། སྟོང་ཐུན་སེང་གེའི་ང་རོ་ལས། རང་ལུགས་ཆོས་དབྱིངས་འདུས་མ་བྱས་པ་རིགས་སུ་འདོད་ཅིང་། དབྱིངས་དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་ལ་ཞེས་དང་། དེ་ཉིད་ལས། སེམས་ཀྱི་དབང་གིས་ས་རྡོ་སོགས་སྣང་གི་ས་རྡོ་སོགས་ཕྱི་རོལ་གྱི་དབང་གིས་སེམས་བྱུང་བ་མ་ཡིན་པ། རྨི་ལམ་གྱི་སྣང་བ་དང་དེ་དུས་ཀྱི་ཤེས་པའི་དཔེས་མཚོན་ཏེ་ཤེས་པར་བྱ་ལ། ཁམས་གསུམ་གྱི་བྱེད་པ་པོ་སེམས་འདི་ལ་ཆོས་ཉིད་བདེ་གཤེགས་སྙིང་པོ་དོན་དམ་པའི་དགེ་བ་ཟག་མེད་ཀྱི་རང་བཞིན་ཅན་ཉིད། ཆུ་ལ་རླན་ལྟར་ཞུགས་པར་ཤེས་པས་འཁོར་འདས་ཀྱི་སྣང་བ་རྣམས་ནི་རྣམ་ཤེས་དང་ཡེ་ཤེས་དེ་དག་གི་རོལ་པ་ཙམ་ཡིན་པས་ཐ་དད་དུ་མི་དགོས་ལ། ཡང་དག་པའི་དོན་དུ་ཆོས་ཉིད་ཡེ་སངས་རྒྱས་པའི་ངང་ལས་མ་གཡོས་པའི་སྣང་བ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ངང་ཚུལ་ལས་མི་འདའ་བར་ཤིན་ཏུ་ཡང་ཁས་ལེན་ཏེ། ཞེས་དང་། སྟོང་ཐུན་གནད་ཀྱི་ཟིན་ཐུན་ལས། འོ་ན་ཤེས་བྱ་ཐམས་ཅད་སངས་རྒྱས་པའི་རང་བཞིན་ཡིན་ནམ་ཞེ་ན། མཚན་ཉིད་ཐེག་པའི་སྐབས་འདིར་བུམ་སོགས་ཡུལ་སྣང་ཐམས་ཅད་སེམས་ཀྱི་རང་སྣང་ཡིན་པས་དོན་ལ་མ་གྲུབ་ཅིང་སེམས་ཀྱི་རང་བཞིན་ནི། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པས་སོ། ། གནད་ཀྱི་དོན་བསྡུས་ན། འཁོར་ལོ་བར་ཐ་དགོངས་པ་འགལ་མེད་དུ་སྒྲུབ་པ་ནི། སྟོང་གཞི་མཐར་ཐུག་ཆོས་ཅན་ཐམས་ཅད་སེམས་ཙམ་གྱི་སྟེང་དུ་སྟོང་ཉིད་མཐར་ཐུག་ཁམས་བདེ་བར་གཤེགས་པའི་སྙིང་པོ་སྤྲོས་བྲལ་དབུ་མ་ཆེན་པོའི་སྟེང་དུ་སྒྲུབ་དགོས་པ་ནི་སྔ་ཕྱིའི་ལུང་རིགས་ཀུན་པོའི་གནད་ཀྱི་རྩ་བའོ། ། དེ་ལྟར་འཁོར་ལོ་བར་བ་ངེས་དོན་དུ་བཞེད་པའི་ཚེ་ཐ་མ་ངེས་དོན་ཡིན་དུ་ཆུག་མོད། ཐ་མའི་སྐབས་སུ་བར་བ་ངེས་དོན་དུ་བཞེད་མི་རིགས་ཏེ་མདོ་སྡེ་དགོངས་འགྲེལ་ལས་བར་བ་ལ་དྲང་པའི་དོན་དང་ཐ་མར་ངེས་དོན་དུ་གསུངས་སོ་ཞེ་ན། དེར་ངེས་དོན་གསུངས་པ་འཁོར་ལོ་ཐ་མར་གཏོགས་ཚད་མ་ཡིན་པར་སྙིང་པོ་བསྟན་པའི་མདོ་དག་ལ་གསུང་པར་སྟོང་ཐུན་སེངྒེའི་ང་རོ་ལས་གསལ་ལ། དེའི་དབང་དུ་བྱས་ཏེ་བཀའ་བར་བ་ངེས་དོན་དུ་གསུང་པ་ནི་ངེས་དོན་གྱི་དྲང་དོན་ནམ་གནས་སྐབས་ཀྱི་དྲང་དོན་དུ་བཞེད་པའི་ཕྱིར་རོ། །དེའི་དོན་ནི། གནས་ལུགས་དེ་བཞིན་ཉིད་ནི་འཁོར་ལོ་བར་ཐ་གཉིས་ལས་བསྟན་པའི་སྣང་སྟོང་འདུ་འབྲལ་མེད་པ་ཞིག་ཡིན་ལ། དེ་ཉིད་བར་བའི་སྐབས་སུ་སྟོང་པའི་ཆ་ཙམ་ནས་རྩལ་འདོན་མཛད་ཅིང་།ཐ་མའི་སྐབས་སུ་དོན་དམ་སྤྲོས་པ་དང་བྲལ་བ་སྟོང་ཉིད་དུ་གཏན་ལ་ཕབས་ཟིན་པ་དེ་སྣང་བ་འོད་གསལ་བའི་ཆ་ནས་བསྟན་པས། འཁོར་ལོ་ཐ་མ་འདི་ཉིད་བརྗོད་བྱ་རྫོགས་པའི་མདོ་ཉིད་དུ་བཞེད་ཅིང་།དེ་ལ་ལྟོས་ཏེ་བརྗོད་བྱ་མ་རྫོགས་པའི་ཆ་ཙམ་ལས་འཁོར་ལོ་བར་བ་ལ་དྲང་དོན་གྱི་བརྡ་སྦྱར་བའོ། ། དེའང་ལོ་ཆེན་དྷརྨ་ཤྲཱིས་སྡོམ་གསུམ་དཔག་སྙེ་ལས། རང་ལུགས་ནི་བར་པ་དྲང་ངེས་ཕྱེད་མའམ་གནས་སྐབས་ཀྱི་ངེས་དོན་དང་། ཐ་མ་ཉིད་ངེས་དོན་དུ་འདོད་དེ། མདོ་སྡེ་དགོངས་པ་ངེས་འགྲེལ་དང་མྱང་འདས་ཆེན་པོ་དང་། སོར་ཕྲེང་གི་མདོ་སོགས་ལས་གསལ་བར་བཤད་པའི་ཕྱིར་ཞེས་གསུངས་སོ། །འདིའི་དགོངས་པ་བོད་སྤྲུལ་གྱིས་སེམས་ཙམ་དུ་བཀྲལ་ཡང་། འདི་དབུ་མ་དང་ཡང་སྦྱར་ན་གོ་བའི་དོན་ལེགས་པོར་ཞིག་རྙེད་དོ། །
གཉིས་པ་ནི། འདིར་འཁོར་ལོ་ཐ་མ་གཤེགས་སྙིང་བསྟན་པའི་མདོ་དག་ངེས་དོན་དུ་སྒྲུབ་བྱེད་ཀྱི་མདོ་ལ། དགོངས་པ་ངེས་འགྲེལ་དྲངས་ནས་དེའང་དབུ་མའི་ཚུལ་ལྟར་བཤད་ནས་དེ་ལས་ངེས་དོན་དུ་གསུངས་པའི་མདོའང་། གཤེགས་སྙིང་བསྟན་པའི་མདོ་དག་ལས་སེམས་ཙམ་བསྟན་པའི་མདོ་སོགས་མ་ཡིན་པར་གསུངས་པ་ནི་ཅི་སྟེ། མདོ་སྡེ་དགོངས་འགྲེལ་ནི་སེམས་ཙམ་བསྟན་པའི་མདོ་ཡིན་པས་དེ་ལས་ངེས་དོན་དུ་གསུངས་པ་ནི་སེམས་ཙམ་ཉིད་ཀྱི་མདོ་དག་ལས་གཞན་ངེས་དོན་དུ་འཇོག་པའི་ཚུལ་གང་། གཞན་ཡང་མདོ་སྡེ་དགོངས་འགྲེལ་ཉིད་ལས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགོངས་པ་ངེས་པར་འགྲེལ་བའི་ཆོས་ཀྱི་རྣམས་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་བ། དོན་དམ་ཡང་དག་འཕགས། འདི་ནི་དོན་དམ་པའི་ངེས་པའི་དོན་བསྟན་པ་ཡིན་ཏེ། འདི་ནི་དོན་དམ་པའི་ངེས་པའི་དོན་བསྟན་པ་ཞེས་བྱ་བར་གཟུང་ཞིག དོན་དམ་པ་ངེས་པའི་དོན་བཤད་པ་ན། ཞེས་མདོ་སྡེ་དགོངས་འགྲེལ་རང་ཉིད་ངེས་དོན་གསུངས་པའི་ཕྱིར་རོ། །ཞེས་མདོ་དང་བསྟན་བཅོས་ཀྱི་གཞུང་བཟང་དག་ལ་བློ་གྲོས་གསལ་བའི་མིག་སྒོ་གཟུར་བོ་ཕྱེས་ཏེ་དོགས་པ་ཁོང་ནས་བསུ་བར་བྱས་ན། མཁྱེན་ལྡན་རྟོག་དཔྱོད་པ་དག་གིས་ལེན་ཇི་ལྟར་འདེབས། ཁོ་བོས་ནི་འདི་ལྟར་སྙམ་སྟེ། མདོ་སྡེ་དགོངས་འགྲེལ་གྱི་དངོས་བསྟན་ལྟར་ན་དགོངས་འགྲེལ་ཉིད་ལས་གསུངས་པ་ལྟར་སེམས་ཙམ་བསྟན་པའི་མདོ་དག་ངེས་དོན་ཡིན་ཞིང་། ཚུལ་དེའི་དབང་གིས། ཀུན་མཁྱེན་བོད་པས་རྣམ་བཤད་འཇམ་དབྱངས་དགོངས་རྒྱན་ལས། སློབ་དཔོན་ཐོགས་མེད་ཀྱིས་དྲང་ངེས་སྣ་ཚོགས་འབྱེད་པར་ལུང་བསྟན་པ་ལྟར་བཀའ་ཐ་མ་ལ་དབུ་སེམས་ཀྱི་མདོ་སོ་སོར་ཕྱེས་ཏེ་དགོངས་པ་ངེས་འགྲེལ་སོགས་སེམས་ཙམ་མདོ་བཞིའི་རྗེས་སུ་འབྲངས་ནས་རྒྱ་ཆེན་སྤྱོད་པའི་སྲོལ་ཕྱེས་ཤིང་། དེའི་ལུགས་ཀྱི་མཚན་ཉིད་གསུམ་བརྗོད་བྱའི་གཙོ་བོར་བསྟན་པ་དང་། མཐར་ཐུག་ཐེག་གསུམ་དུ་བསྟན་པའི་མདོ་རྣམས་ངེས་དོན་དུ་བཞེད་ཅིང་། དེ་ལས་ལྡོག་པ་དྲང་དོན་དུ་བཞེད། ཅེས་གསུངས་སོ། །འོན་ཀྱང་དགོངས་འགྲེལ་གྱི་དངོས་བསྟན་ནི་དྲང་དོན་ཡིན་པས་དེའི་དགོངས་གཞི་ལ་བསམ་ནས་འདིར་གཤེགས་སྙིང་བསྟན་པའི་མདོ་དག་ངེས་དོན་དུ་བཤད་ཅེས་སྨྲ་བ་དང་། དེ་ལས་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་ཁྱད་ཆོས་བཞིའི་སྒོ་ནས་བསྔགས་པར་བརྗོད་པའང་གཤེགས་སྙིང་གི་མདོ་དག་ལ་གསུངས་སོ། །དེའང་དངོས་བསྟན་གྱི་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་ནི། དང་པོར། གཤེགས་སྙིང་བསྟན་པའི་མདོ་དག་དང་། གཉིས་པ། ཆོས་ཉིད་ཟབ་མོ་བཀའ་བར་བའི་དགོངས་པ་ཇི་བཞིན་དུ་བསྟན་དུ་མི་རུང་བར་དེ་ལྟར་བསྟན་ན་མི་རྟོགས་པ་དག་ལ་རྒྱུད་སྨིན་པའི་ཕྱིར་དུ་རྣམ་པར་ཕྱེ་སྟེ་བསྟན་པས་དགོས་པ་དེ་ལ་དམིགས་པའོ། །གསུམ་པ་ནི། ཡོངས་གྲུབ་བདེན་གྲུབ་ཏུ་བསྟན་པ་དང་། དགོངས་འགྲེལ་རང་ཉིད་ངེས་དོན་དུ་བསྟན་པ་སོགས་ལ་གནོད་བྱེད་ཀྱི་རིགས་པ་རྣམས་སོ། །རྟོག་དཔྱོད་ལྷ་ཡི་རྫིང་རིང་རྒྱ་ཁྱོན་ཡངས། །
རིག་འཕྲུལ་རི་དྭགས་མཚན་མའི་དཀྱིལ་འཁོར་རྫོགས། །
ཐེ་ཚོམ་ཚ་གདུང་བྲལ་བའི་སྔོ་སངས་མར། །
ངོ་མཚར་གཏམ་གྱི་ཀུ་མུད་འབྱེད་འདི་མཛེས། །
ཞེས་ཀྱང་སྨྲས་སོ། །
སྤྱིའི་ཆིངས་ཆེན་པོ་གསུམ་པ་རིམ་དང་ཅིག་ཆར་གྱི་རྣམ་བཞག་ནི།
དེའང་བདེ་བར་གཤེགས་པས་ཇི་སྙེད་གསུངས་པའི་ཆོས་ཀྱི་འཁོར་ལོ་རྣམས་གདུལ་བྱ་ལ་ཇི་ལྟར་གསུངས་པའི་ཚུལ་ནི་རྒྱ་བོད་ཀྱི་མཁས་པ་སོ་སོས་རིམ་དང་ཅིག་ཅར་གྱི་འདོད་ཚུལ་མང་དུ་བྱུང་ཞིང་།དེ་ལྟར་ཡང་བདེ་བར་གཤེགས་པ་ཉིད་ཀྱིས་གཉིས་ཀ་སྟོན་པས་བྱུང་བ་སྟེ། མདོ་སྡེ་བདུན་བརྒྱ་པ་ལས།ཐུབ་པས་ཆོས་ཀྱི་ཕུང་པོ་རྣམས། །སེམས་ཅན་དོན་དུ་རབ་གསུངས་པ། །གནས་དང་དུས་སོགས་རིམ་གྱིས་ནི། །ཚངས་པའི་དབྱངས་ཀྱིས་བཀའ་སྩལ་ཏོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པ་ཞེས་བྱ་བའི་མདོ་ལས། ཀྱེ་མ་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གཉིས་པ་བྱུང་བར་གྱུར་ཏེ། དང་པོ་ནི་གྲོང་ཁྱེར་བཱ་རཱ་ཎ་སཱིར་བསྐོར་ཏོ། །ཆོས་ཀྱི་འཁོར་ལོ་གཉིས་པ་ནི་བཅོམ་ལྡན་འདས་ཀྱིས་དེ་རིང་འདིར་བསྐོར་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་རྟག་ཏུ་རྒྱུན་མི་ཆད་པར་ཆོས་རིན་པོ་ཆེ་འདི་ལྟ་བུ་འདི་དང་མི་འབྲལ་ཞིང་སྐྱེས་བུ་དམ་པ་འདི་དང་མི་འབྲལ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །ཞེས་དང་། སྟོང་ཕྲག་ཉེར་ལྔ་པ་ལས། འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་། ། ཞེས་དང་། གཟུངས་དབང་གིས་ཞུས་པའི་མདོ་སོགས་ལས་རིམ་གྱིས་གསུངས་པ་ལྟར་བསྟན་པ་དང་། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ཀྱི་རྒྱལ་པོ་ལས། གཞན་ཡང་ང་ཡིས་གསུངས་པའི་བཀའ། །གསུང་གཅིག་ཉིད་དུ་གསུངས་གྱུར་ཀྱང་། །དུ་མ་ཉིད་དུ་སོ་སོར་སྣང་། །ཆོས་ཚུལ་དུ་མའི་བྱེ་བྲག་དང་། །མོས་པ་དུ་མའི་བྱེ་བྲག་དང་། །འདུ་ཤེས་དུ་མའི་བྱེ་བྲག་གིས། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོགས་ཀྱི་མདོ་དག་ལས་ཅིག་ཅར་དུ་གསུངས་པར་བསྟན་པས་སོ། དེ་ལྟར་གཉིས་སུ་བསྟན་པ་དེ་ཡང་། ཐེག་ཆེན་ཐུན་མོང་གི་དབང་དུ་བྱས་ན་རིམ་གྱིས་གསུངས་ཤིང་། མཐའ་གཅིག་ཏུ་དེར་ཡང་མ་ངེས་ཏེ་གང་ཟག་འགའ་ཞིག་གི་ངོར་ཅིག་ཅར་དུ་གསུངས་པའང་ཡོད་དོ། ། དེ་སྐད་དུའང་གྲུབ་མཐའ་མཛོད་ལས། གདུལ་བྱའི་བློ་ལ་ལྟོས་ནས་རིམ་གྱིས་འཇུག་པའི་ལས་ཅན་རྣམས་ལ་འཁོར་ལོ་གསུམ་པོ་རིམ་པས་གསུངས་པར་སྣང་ཞིང་དུས་གཅིག་ཏུ་ཅིག་ཅར་འཇུག་པའི་བློ་ཅན་རྣམས་ལ། བྱ་བ་རྫོགས་པའི་དུས་གཅིག་ལ་བསྟན་པ་ལྟར་སྣང་སྟེ། མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་གདལ་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམས་བསྐངས་པའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་སོ་ཞེས་གསུངས་སོ། །འདིར་ཁ་ཅིག་རང་ལུགས་ལ་ཆོས་འཁོར་ཅིག་ཅར་དུ་སྐོར་བྱས་ཚིག་གསལ་ལྟར་ཕྱོགས་རེ་སྨྲ་བའང་མཐོང་མོད། ཤིང་རྟ་ཆེན་པོ་ཀློང་ཆེན་རབ་འབྱམས་དང་དངོས་སུ་འགལ་ཏེ། ། གྲུབ་མཐའ་མཛོད་ལས། འདིར་སློབ་དཔོན་ཁ་ཅིག་འཁོར་ལོ་གསུམ་པོ་དུས་གཅིག་ཏུ་བསྐོར་བ་ཁོ་ནར་འདོད་པ་དང་། ཁ་ཅིག་རིམ་པས་སྟོན་པར་འདོད་པ་གཉིས་ཀས་ཐུན་མོང་དང་ཐུན་མོང་མ་ཡིན་པ་དབང་པོའི་ཁྱད་ཀྱིས་ཕྱེ་བའི་དོན་ལ་རྨོངས་པར་ཟད་དོ། །ཞེས་དངོས་སུ་དེ་ལྟར་མི་འཐད་པར་གསུངས་པའི་ཕྱིར་རོ། ། དེའི་ཕྱིར་རང་ལུགས་སྔར་བཤད་པ་ལྟར་སྤྱིར་གདུལ་བྱའི་མོས་སྣང་གི་དབང་གིས་ཆོས་གསུངས་པ་སྣང་བ་ལས། སངས་རྒྱས་རང་སྣང་ལ། དེ་བཞིན་གཤེགས་པ་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་དང་། རྟག་ཏུ་མཉམ་པར་བཞག་པ་ཡིན་པས་ཡི་གེ་འབྲུ་གཅིག་ཀྱང་མ་གསུངས་མོད་ཀྱི། དེའི་སྔོན་གྱི་སྨོན་ལམ་གྱི་མཐུ་དང་། སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ཇི་ལྟར་འདུལ་བ་དེ་ལྟར་དེ་བཞིན་གཤེགས་པས་གསུངས་སོ་སྙམ་པ་སྟེ་གདུལ་བྱ་གཞན་སྣང་ལ་དེ་ལྟར་སྣང་ངོ་། །དེ་སྐད་དུའང་།མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་ལས། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ནོ། །ཞེས་གསུངས་སོ། །འོན་ཀྱང་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་འགྲོ་བ་སོ་སོའི་ཁམས་དབང་མོས་པ་དང་མཐུན་པ་ཐེག་པ་ཆེ་ཆུང་གི་ཆོས་སོ་སོར་དང་། དེའང་རིམ་དང་ཅིག་ཅར་དུ་གསུང་ཚུལ་སོ་སོར་སྣང་བའོ། ། འདིར་གཅིག་ཆར་དུ་གསུངས་ཞེས་པ་ནི་བྱ་བ་རྫོགས་པའི་སྐད་ཅིག་ལ་ཡིན་ཏེ། གོང་དུ་བྱ་བ་རྫོགས་པའི་དུས་གཅིག་ལ་བསྟན་པ་ལྟར་སྣང་སྟེ། ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་རང་ལུགས་ནི་རིམ་གྱིས་གསུངས་པར་འདོད་དོ། །འོ་ན་རིམ་གྱིས་གསུངས་པ་དང་ཅིག་ཅར་གསུངས་པ་གཉིས་ཀ་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་གདུལ་བྱར་སྣང་བ་ཡིན་ན། ཅིའི་ཕྱིར་ཆོས་འཁོར་རིམ་གྱིས་བསྐོར་ཞེས་སྨྲ་བར་འདོད་ཅེ་ན། དེ་ནི་ཐེག་ཆེན་ཐུན་མོང་གི་དབང་དུ་བྱས་པ་སྔར་ལྟར་རོ། །དེའི་དོན་ཡང་། གང་ཟག་གཙོ་ཆེར་རམ་མང་ཆེ་བ་ལ་དེ་ལྟར་སྣང་བས་ཡིན་ནམ་སྙམ་མོ། །འོན་ཀྱང་མཐའ་གཅིག་ཏུ་དེར་བཟུང་ནས་ཅིག་ཅར་དུ་བསྐོར་བ་གདུལ་བྱ་ལ་སྣང་བ་ཙམ་ལས་སངས་རྒྱས་ཀྱིས་དེ་ལྟར་མ་གསུངས་པ་ནི་ཁས་མི་ལེན་ཏེ། སངས་རྒྱས་ཀྱི་གསུངས་པའི་དོན་ནི་གདུལ་བྱའི་མོས་པ་དང་། སངས་རྒྱས་ཀྱི་བྱིན་རླབས་དང་། དུས་སུ་ཚོགས་པའི་རྐྱེན་གསུམ་འཛོམ་པ་ལས། མདོའམ་རྒྱུད་སྡེར་གནས་པའི་སྒྲ་ཚིག་གི་རྣམ་པ་གདུལ་བྱའི་ཡིད་ཤེས་ལ་ཤར་བ་ཡིན་ཞིང་། གཅིག་ཆར་པ་ལའང་དོན་དེ་ཚང་པའི་ཕྱིར་རོ། །གཞན་ཡང་དུས་རིམ་གྱིས་པའི་དབང་དུ་བྱས་པར་མི་འཐད་དེ། དེ་ལྟར་ན་སངས་རྒྱས་ཀྱིས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས ། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས།།མི་སྨྲ་གཅིག་པུར་ནགས་སུ་གནས་པར་བྱ། །ཞེས་པའི་མདོ་དེ་བཀའ་དང་པོར་ཐལ། དེ་ལྟར་ན་དྲང་དོན་དུ་ཐལ་ལོ་ཞེ་ན། དེ་བཀའ་དང་པོར་འདོད་ན་བདེན་ཀྱང་། ཁོ་བོས་དེ་བཀའ་དང་པོ་རུ་མི་འདོད་པས་ན་སྐྱོན་མེད་དོ། །འོ་ན་འཁོར་ལོ་དང་པོ་དུས་ཐོག་མར་གསུངས་པར་འདོད་པ་མ་ཡིན་ནམ་ཞེ་ན། འཁོར་ལོ་དང་པོ་བདེན་བཞི་སྟོན་པའི་ཆོས་འཁོར་ཡིན་ཞིང་དེ་ཉིད་དང་པོར་གསུངས་པ་ཡིན་ལ། དུས་ཀྱི་དབང་དུ་བྱས་པའི་དང་པོ་གསུངས་ཚད་བཀའ་དང་པོ་མ་ཡིན་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ལྟ་བུ་དང་། འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་ཡིན་ན་དུས་དང་པོར་གསུངས་པའི་ངེས་པ་ཡང་མེད་དེ། སངས་རྒྱས་ཀྱིས་སྐུ་ཚེའི་སྨད་དུ་གསུངས་པའི་བདེན་གཞིའི་ཆོས་འཁོར་ཡོད་པའི་ཕྱིར་ཏེ། དྲི་ཟ་རབ་དགའ་དང་། ཀུན་ཏུ་རྒྱུ་རབ་བཟང་གཉིས་ལ་གསུང་པའི་ཆོས་དེ་དེ་ཡིན་པའི་ཕྱིར།དེ་གཉིས་ལ་ཆོས་འཁོར་སྐོར་བས་རབ་དགའ་རྒྱུན་ཞུགས་དང་རབ་བཟང་འབྲས་གནས་ཐོབ་པའི་ཕྱིར་རོ། །གཞན་ཡང་། སྐུ་ཚེའི་སྨད་སྐུ་མྱ་ངན་ལས་འདས་ལ་ཉེ་བའི་སྐབས་སུ། གྱད་ཀྱི་ཡུལ་ཤིང་ས་ལ་ཟུང་གི་རྒྱལ་པོ་དང་བཅས་པའི་འཁོར་རྣམས་ལ་ཆོས་འཁོར་གསུམ་ཀ་གསུངས་པར་ཡང་བཤད་པ་ཐོས་སོ། །འོ་ན་དུས་ཀྱི་དབང་དུ་བྱས་ནས་གསུངས་པའི་བཀའ་འཁོར་ལོ་གསུམ་གྱི་ངོ་བོ་ནི་གང་ཞེ་ན། གདུལ་བྱ་ཐེག་པ་དམན་པའི་རིགས་ཅན་གྱི་ཆེད་དུ་བདེན་བཞི་དངོས་ཀྱི་བརྗོད་བྱར་གཙོ་བོར་བྱས་ནས་དུས་དང་པོར་གསུངས་པའི་མདོའམ་དེའི་རིགས་སུ་གནས་པ་དང་པོའི་ངོ་བོ་། གཞན་གཉིས་ལའང་དེ་བཞིན་སྦྱར་བ་བྱའོ། །
སླར་སྨྲས་པ།
མི་ཚེ་གཡེང་བས་ཁྱེར་བའི་བར་གསེང་ནས། །
ཡང་དག་དམ་པའི་གསུང་རབ་བདུད་རྩིའི་རོ། །
མྱོང་བའི་སྐལ་བ་ཅུང་ཟད་ལྡན་པའི་མོད། །
རང་དང་སྐལ་མཉམ་དྲན་པའི་གསོས་སུ་བཞག །
སྔོན་བྱས་བསོད་ནམས་ཕོན་པོའི་བྱིན་མཐུ་ཡིས། །
ཆོས་འཁོར་དོན་ལ་འཇུག་པའི་དཔའ་གདེང་ཐོབ། །
འདི་རུ་ཚིག་གི་སྤྲོས་པ་རྒྱ་ཆུང་ཡང་། །
གཞན་བརྗོད་བྲག་ཆའི་ལད་མོའི་མཐའ་དང་བྲལ། །
ཇི་སྙེད་ཐོས་དང་བསམ་པའི་དགེ་ཚོགས་ཀྱིས། །
ཐུབ་བསྟན་ཆུ་འཛིན་དཀར་པོ་རབ་འཁྲིགས་ཏེ། །
དམ་ཆོས་བདུད་རྩིའི་སྦྲང་ཆར་འཛད་མེད་འབབ། །
འགྲོ་ཀུན་ཡིད་ཀྱི་གསོས་སུ་སྨིན་གྱུར་ཅིག །
ཅེས་བོད་རབ་བྱུང་བཅུ་བདུན་པའི་ཁྲོ་མོ་ཤིང་འབྲུག་གི་ལོར་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་སྐལ་བཟང་ལེགས་སྐྱེས་ཀྱི་རྒྱུགས་སྤྲོད་ཆེན་མོའི་སྐབས་རྫོགས་ཆེན་པ་ཙནྡྲའི་མིང་ཅན་ནས་དཀར་ཕྱོགས་ཟླ་བའི་རེས་གཟའ་ཟླ་བ་ཉིན་རང་ཤག་ལེགས་ཚོགས་གཡས་འཁྱིལ་ནས་མཇུག་རྫོགས་པར་བྱས་པ། མངྒ་ལཾ། །དགེ་ལེགས་འཕེལ།།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!