ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
གདུང་སེམས་ཡིག་འབྲུའི་སྐྱེལ་མ།
ང་རང་མཚམས་ནང་ན་ཡོད་དུས། ཕུན་ཚོགས་རྒྱུག་ཡོང་ནས་ཨ་ཁུ་རབ་རྒྱས་གཤེགས་སོང་ཟིག་ཟེར། ཁོའི་ངོ་མདངས་ལ་བལྟས་པས་གཏམ་ངན་དེ་བདེན་པ་ཡིན་པའི་ངེས་ཤེས་སྐྱེས་སུ་བཅུགས། གྲྭ་ཚང་གི་ཕལ་ཆེ་བ་མཚམས་ལ་བཞུགས་ཡོད་པས་ད་ནི་ཅི་བྱ་ཨང་དྲན། ལྷ་མདུན་ལ་མཆོད་མེ་རྐོང་བུ་གང་བསྒྲོན་ནས་གང་གི་ཤེས་ཚོད་ཀྱིས་སྨོན་ལམ་དང་སྐྱབས་འཇུག་ཞུས། ལྷ་རྣམས་ཀྱི་ཞལ་ལ་གསེར་འོད་འཁྱུག་པ་དང་སྤྱན་ནི་དྭངས་ཤིང་གསལ་བས་ངའི་སྨོན་ལམ་དང་སྐྱབས་འཇུག་གསན་སོང་བ་དང་འདྲ། ངའི་བར་མེད་དུ་ཡིད་ལ་འཁོར་ཡོང་བ་ནི་ཆོས་གྲོགས་ཁོང་གི་རྣམ་པ་དག་རེད། འདུས་མཐར་བྲལ་བ་དང་། སྐྱེ་བའི་ལན་དུ་འཆི་བ་ཞིག་ཡོད་པ་ནི་ཚེ་སྲོག་ཡོད་དོ་ཅོག་གི་ཆོས་ཉིད་ཅིག་ཡིན་ན་ཡང་། ཆོས་གྲོགས་ཁོང་ལོ་ན་གཞོན་པར་བསམ་ན་ངས་འཆི་བདག་ལ་ལེ་བདའ་དང་འཁང་ར་ཞིག་ཀྱང་བྱེད་འདོད་བྱུང་། མི་ཚེ་ལ་མོར་འགོས་པའི་ལམ་ཡིག་ཏུ་ཆོས་གྲོགས་ཁོང་གིས་ང་ལ་བརྗེད་ཐུབ་པའི་དྲན་ཤིང་རེ་རེ་བཞག་ཡོད་པས་ཡིན་ངེས། ཕྱི་དྲོ་ཞིག་ལ་གྲྭ་ཚང་གི་སྐད་འཕྲིན་ཚོགས་པའི་ནང་སང་ཉིན་སྔ་མོར་མཚམས་གྲོལ་དགོས་པའི་གློར་བརྡ་བརྒྱབ་སོང་། ཞོགས་པ་སྔ་མོར་མཚམས་གྲོལ་ནས་གྲྭ་ཚང་དང་ལྷན་དུ་རྒྱུན་ལྡན་ལྟར་སྦྱིན་སྲེག་བླུགས། གྲྭ་ཚང་ནང་ལ་དོན་དག་མི་ལེགས་པ་ཞིག་བྱུང་ཡོད་པ་ཀུན་གྱི་ངོ་མདངས་ལས་ཚོར་ཐུབ། ཆོས་གོས་དང་ཞྭ་མོ་ནང་ལ་བཞག་རྗེས་མཆོད་མེ་མཚན་ཐུབ་ཅིག་བཟུང་ནས་ཆོས་གྲོགས་ཁོང་གི་གྲྭ་ཤག་གི་ཕྱོགས་སུ་བྲེལ་འཚུབ་ཀྱིས་སོང་བ་ན། སྒོ་དང་ར་ནང་དུ་ཕར་ཕྱོགས་ཀྱི་ཁོ་ཚོའི་སྡེ་མི་དང་གྲྭ་བ་དག་གིས་འཚང་ཁ་ཤིག་ཤིག་བྱེད། ནང་དུ་སོང་བ་ན་གདུང་བཞག་ཡོད་སའི་ཁང་བའི་དྲ་ཡོལ་བརྒྱབ་ཡོད་ཅིང་སྒོ་ཡང་དམ་པོར་བརྒྱབ་འདུག ཁོའི་ཨ་མའི་ཞེ་སྐྱོ་བའི་རྣམ་པ་མཐོང་བས་སེམས་ལ་ཆུ་འཁྱག་ཟོ་གང་བྱོ་བ་དང་མཚུངས་པར་འཁྱག་སིབ་སིབ་བྱེད། ད་ནི་ལྷག་བསམ་རྣམ་དག་གིས་འདས་མཆོད་ཀྱི་ཆོ་ག་ལ་ཞུགས་རྒྱུ་ལས་ཅི་ཡང་མེད་པ་ཤེས། མཆོད་ཁང་ནང་དུ་སྐུ་གསུང་ཐུགས་རྟེན་གྱ་ནོམ་པ་ཡོད་པའི་མདུན་སར་མཆོད་པ་ཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས་འདུག་ལ། གློག་མཆོད་དག་གིས་མཆོད་ཁང་ལ་གཟི་བྱིན་གསར་བ་ཞིག་འཕྲོ་བཞིན་འདུག དེ་ནི་མཆོད་ཁང་འདིའི་ནང་ཆོས་གྲོགས་ཁོང་གིས་བརྩོན་འགྲུས་ཆེན་པོས་བཀའ་འགྱུར་དག་ཚར་ཞིག་ཞལ་འདོན་བྱས་པས་ཀྱང་ཡིན་སྲིད།
དོ་དམ་ཁང་གི་ཨ་ཁུ་དགེ་འདུན་ཁོའི་སར་ཐོག་མར་འགྲོ་མཁན་ཡིན་པས་གནས་ཚུལ་ཞིབ་པར་དྲིས་པར། ང་ལ་བརྡ་ཡོང་དུས་ཕྱི་དྲོའི་ཆུ་ཚོད་བརྒྱད་པ་རེད། མཚམས་ཐོ་བླངས་ནས་གམ་ལ་སོང་དུས་སྐུ་གཤེགས་འདུག མཚམས་ནང་ཡིན་པས་རྒྱབ་ལ་ཅུང་ཟད་སྔས་ནས་ལག་ལ་ཕྲེང་བ་བཟུང་འདུག་ཅིང་དཔེ་ཆའི་མཚམས་ལ་བལྟས་པས་སྔགས་ཀྱི་ནང་རེད་ངོ་མ་ཡ་མཚན་རེད་ཟེར། མཚམས་ལ་སྐོར་ཁག་གཉིས་ཡོད་པ་ལས་ཁོ་འཇིགས་བྱེད་ཀྱི་བསྙེན་མཚམས་ལ་བཞུགས་པ་ཡིན་འདུག དུས་རབས་ཉེར་གཅིག་པའི་ཟང་ཟིང་གི་སྤྱི་ཚོགས་འདིའི་ཁྲོད་དུ་དགེ་སློང་གི་ཆ་བྱད་ཆོས་གོས་རྣམ་གསུམ་གྱི་གཟི་འོད་ཀློང་ནས་མི་ཚེ་འཕེན་པ་རྫོགས་རྒྱུ་ནི་ལས་སླ་མོ་ཞིག་གང་ནས་ཡིན་མོད། ཆོས་གྲོགས་ཁོང་གིས་ཞི་དུལ་བག་ཡོད་དང་། གཉོམ་ཆུང་ཚུལ་མཐུན་གྱི་ཡོན་ཏན་བསྣམས་ནས་འདི་ལྟར་མི་ཚེ་འཕེན་པ་རྫོགས་སོང་། ཆོས་གྲོགས་དམ་པ་ཁོང་ནི་ལོ་བཅུ་གྲངས་ཙམ་ནས་རང་རེ་གཏེར་ལུང་དགོན་འདིར་རབ་ཏུ་བྱུང་སྟེ་རྒྱུད་པ་གྲྭ་ཚང་ཞིག་ལ་ཡོད་འོས་པའི་བདེ་གསང་འཇིགས་གསུམ་སོགས་འདོན་ཆ་ཡོངས་རྫོགས་བློར་འཛིན་གྱི་སློབ་སྦྱོང་རྡོ་རུས་གཏུགས་པ་བྱས། ཞོར་དུ་སུམ་རྟགས་དང་སྙན་ངག འདུལ་བ། ཐིག་རྡུལ་ཚོན། ཕྱག་རྒྱ། དབྱངས་བར་རྟ། ཡིག་གཟུགས་སོགས་ལའང་སྦྱངས་པ་མི་དམན་པ་བྱས། ལོ་བཅུ་དྲུག་སྟེང་ཁོ་དང་ཆོས་གྲོགས་གཉིས་བྲོས་བྱོལ་ལྟ་བུའི་ངང་ཉི་མ་ལྷ་སར་ལམ་དུ་ཆས། སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་པའི་ཁོ་ཚོ་ལ་མཚོན་ན་སྟོད་ཉི་མ་ལྷ་ས་ནི་ཐག་རིང་ཞིག་ཏུ་མེད་པར་ཉི་མ་ནུབ་སའི་རི་བོ་དེའི་ཕར་རྒྱབ་ཅིག་ཏུ་ཡོད་པ་ལྟ་བུར་སྣང་སྟེ། སྒོར་མོ་བཅུ་གྲངས་ཤིག་བཟུང་ནས་ལམ་དུ་ཆས། ལྷ་སར་ཐོན་ནས་ཁོ་ཚོ་ལ་སྒོར་མོ་ཚར་ནས་འཐུག་པ་ཅ་ནེ་གང་འཐུང་རྒྱུ་ཡང་དཀའ་ངལ་ལ་འཕྲད་སོང་ཟེར། དེ་ལྟར་དཀའ་ངལ་མང་བོར་གདོང་གཏད་དེ་ལྷ་ས་ནས་མཆོད་མཇལ་གྲུབ་མཚམས་ཕྱིར་ལམ་དུ་ཆས་མོད། ལམ་གླ་ཙམ་ཡང་མེད་པས་གཞན་ཞིག་གི་ལྕགས་རྟར་བྱོན་ནས་ཉིན་མོ་ཉིན་མོ་ཡོང་། མཚན་མོ་མཚན་མོ་ས་གཞི་གདན་དུ་བྱས་ཤིང་ཟླ་བ་གོས་སུ་གྱོན་ནས་ན་གོར་མོ་བར་ཡོང་བ་ཡིན། སྐྲ་ཡང་གཞར་མ་ཐུབ་པར་སྐྲ་རིང་བོ་ཆགས་ནས་གཞན་གྱིས་ངོ་མི་ཟིན་པ་ཞིག་ཏུ་གྱུར་ཟེར། འདིའི་སྐོར་གྱི་གཏམ་རྒྱུད་མཚར་ལ་རིང་བ་མང་དུ་ཡོད་ཀྱང་མ་བྲིས། རིམ་གྱིས་དགོན་པའི་འགྲིག་ལམ་ལྟར་ཆབ་རིལ་དང་ཇ་མའི་འགན་ཡང་འཁུར། ཆབ་རིལ་གྱིས་བདག་འཇུག་སྐབས་སུ་ཚོགས་འདབས་ནས་མཎྜལ་དབུ་སྐུལ་དགོས་ལ། ཁོ་སྐད་ཅུང་ཕྲ་བོ་ཞིག་ཡིན་པ་ལ་ཟུར་ཟ་དང་འཕྱ་དམོད་བྱེད་མཁན་ཁ་ཤས་བྱུང་བས། རྗེས་སོར་ཁོས་འཕྱ་བར་དོགས་ནས་མཎྜལ་རྫོགས་སྐད་བྱས་ནས་བྱང་འདྲེན་བཞིན་བཏོན་པས་ཚང་མ་ཧ་ལས་སུ་བཅུགས། ཇ་མ་ཡིན་པའི་སྐབས་ཤིག་ཏུ་ང་ལ། གཉིས་སྐལ་འདི་བཟའ་རྒྱུ་ཞིག་མ་རེད་ངའི་སྤོ་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་རང་གིས་ཀྱང་ཤེས་ཀི་ཟེར། ཁོས་དེ་དཀོར་སྒྲིབ་ཅིག་ཏུ་བསམ་ནས་འཛེམ་གྱིན་འདུག གཞན་དག་ལ་ཡང་དེ་ལྟར་བཤད་ཀྱིན་པ་ཐོས། རྗེས་སུ་ཁོས་རང་རྟོགས་ཀྱི་སྒོ་ནས་བཀའ་འགྱུར་དག་འདོན་བྱེད་པའི་སྦྱོར་བ་བརྩམས། ངེད་ཅག་མི་བཅུ་ཕྲག་ལྷག་ཅིག་གིས་ནང་ཆེན་ཚོམས་ཆེན་གྱི་བཀའ་འགྱུར་དབུས་དཔར་མ་དེ་སྤོས་སྣ་བྱས་ནས་ཁོའི་མཆོད་ཁང་དུ་གདན་དྲངས། ཁོས་མི་ལོ་དྲུག་བེད་སྤྱད་ནས་རང་གི་ཞེ་དམ་བཞིན་སྒོ་ལ་མཚམས་ཐོ་བཞག་ནས་བཀའ་འགྱུར་དག་འདོན་གནང་། འདི་ནི་ཆོས་སྒོ་ཕྱེས་པ་ནས་དགོན་པ་འདིའི་བཀའ་འགྱུར་སྒེར་ནས་འདོན་མཁན་གྱི་ཐོག་མ་ཡིན། ངས་ཁོ་ལ་ཀུ་རེ་ཚུལ་དུ། ཁྱོད་ནི་ང་ཚོའི་དགོན་པའི་ཆོས་སྒོ་ཕྱེས་པ་ནས་ད་ལྟའི་བར་གྱི་ལོ་རྒྱུས་ཁྲོད་བཀའ་འགྱུར་འདོན་མཁན་ཐོག་མ་ཡིན་པས་ཨ་ཁུ་བཀའ་འགྱུར་བ་ཞེས་འདོགས་རུང་ངམ་ཞེས་པས། མི་རུང་མི་རུང་ཟེར།
དེ་ནས་ཡབ་རྗེ་བླ་མ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་སྐུ་དྲུང་དུ་མི་ལོ་དྲུག་རིང་ཉེ་གནས་དང་གསོལ་ཐབ་བྱས་ནས་བསྡད། ཁོས་བླ་མ་རིན་པོ་ཆེར་གསོལ་ཐབ་ཀྱི་ཞབས་ཞུ་བསྒྲུབས་ཤིང་ཐ་ན་སྐུ་བསྙེ་ཚུན་ཆད་ཀྱི་ཞབས་ཞུ་བླ་ལྷག་ཕུལ་བས་ངས་ནི་བླ་མའི་བྱིན་རླབས་ཁོའི་སྤྱི་གཙུག་ནས་ལུས་ཀྱི་ཟུངས་ཁྲག་གི་རྒྱུན་དུ་འདྲེས་ཡོད་པར་བསམ་ཡོད། ཞབས་ཞུར་སྡོད་པའི་སྐབས་སུ་ངས་ཀྱང་ཐེངས་མང་བོར་ཁོར་དཀའ་ལས་གཏད་ནས་བླ་མ་རིན་པོ་ཆེར་ཐུགས་བརྟག་ཞུ་བཅུགས་མྱོང་ཡོད་ལ། དུས་ཀུན་ཏུ་ཆོས་གྲོགས་དམ་པ་ཞིག་གི་འདང་བརྩེ་བསམ་ནས་མ་གི་ཐེངས་གཅིག་ཟེར་མ་མྱོང་། དེ་དག་ནི་ཕྱིར་དྲན་ལ་དབྱར་ཁ་ཚེས་བྱེད་ཀྱི་བགྱི་བ་ཏག་ཏག་ཅི་ལ་མིན། ཀུན་མཁྱེན་རིན་པོ་ཆེ་དང་སྡེ་བ་ཚང་། ཁོང་ཡབ་སྲས་གསུམ་གྱི་སྐུ་པར་མཐོང་ན་ཆོག་མི་ཤེས་པ་རེ་མཇལ་རྒྱུ་ཡོད་པ་འདི་ཡང་ཁོའི་སྙིང་སྟོབས་དང་པར་རྩལ་གྱི་དྲིན་ཡིན། ང་ལན་ཇུར་འགྲོ་ཐེངས་རེ་ལ་ཁོར་ངོ་ཐུག་པ་ཡིན། ཐེངས་གཅིག་ངེད་གཉིས་ལན་ཀྲུའུ་ཟ་ཁང་ཆེ་ཞིག་གི་ཡང་ཐོག་ཏུ་དབྱི་ཐ་ལའི་ཧུབ་རིང་ཕྱེ་ཐུག་འཐུང་བ་ཡིན། ཁོ་ནི་ནམ་རྒྱུན་ཟ་མ་གཞན་དག་ལས་པར་ཚོད་ལྟ་བྱེད་མཁན་ཞིག་ཡིན་པ་མ་ཟད་ཟ་ཁང་དག་ཏུའང་ཟ་མ་གཞན་དག་བདམས་མཁན་ཞིག་ཡིན། མཚམས་ལན་རེར་མི་ཞིམ་ན་ཡང་ཁོས་ཞིམ་གི་ཞེས་ཨུ་ཚུགས་ཀྱང་བྱེད། ངེད་གཉིས་ཁ་བརྡའི་ཁྲོད་ནས་ཁོ་ནི་ཕྱི་གསལ་ནང་གསལ་གྱི་མི་ཞིག་ཡིན་པ་དང་། ངས་ཁ་བརྡ་བྱེད་སྐབས་ཁོས་ཚིག་མཚམས་བཅད་དེ་གསལ་ཁ་འབྱེད་ཀྱི་དྲི་བ་སྣ་ཚོགས་གཏོང་མཁན་ཞིག་ཀྱང་ཡིན། སྐད་ཆ་དེའི་ཧ་མ་གོ་བར་དུ་ཡང་ཡང་དྲི་བ་གཏོང་བར་བྱེད། ངས་ཀྱང་དེ་ཤེས་ནས་དོན་གང་ཞིག་ཡིན་ཀྱང་སྤྱིར་བཏང་གི་སྐད་ཆས་མདུད་པ་བཀྲོལ་ཐབས་བྱས་པ་ཡིན། རང་གི་འགན་འཁུར་རེ་རེ་ས་ལ་ཕོག་རྗེས་ཁོ་ནི་དགའ་བའི་ཉམས་ཀྱིས་རང་གི་གྲྭ་ཤག་ཏུ་ལྷོད་ཤུགས་སེེ་འདུག་མཁན་ཞིག་ཡིན་ལ། དེ་ལ་བསམ་ན་ཁོ་ནི་བསྐོས་པའི་ལས་ལ་མཐའ་གཅིག་ཏུ་གདོང་གཏོད་པ་ཞིག་ཡིན་འདུག
༢༠༡༤ལོར་ང་ཚོ་ལྷན་དུ་ཁྲིན་ཏུའུ་གླང་ཆེན་འགྱིང་རིར་སོང་། ཧ་ཅང་ཚ་བ་ཆེ་བའི་སྒང་ཡིན་པ་ལ་ཁོ་ལ་ཚོ་བུད་ཡོད་པས་རི་ངོས་སུ་འགོ་སྐབས་རྔུལ་ཆུ་ཡུར་ཆུ་བཞིན་བཞུར། ལག་ཕྱིས་ཤིག་སྐེ་ལ་བཅིངས་པ་བཙིར་ན་ཐང་ཡང་རློན་འགྲོ་བ་ཞིག་བྱུང་། ཡོང་ཁར་ཧི་མ་ལའི་རིག་མཛོད་ཁང་དུ་རྒན་ཟླ་བ་ཐར་གྱིས་གྲོགས་དན་བརྒྱུད་བོ་དོང་པཎ་ཆེན་གྱི་གསུང་འབུམ་པོད་དགུ་བཅུའི་བདག་ཉིད་ཅན་དེ་འཁུར་ཡོང་ནས་དགོན་པའི་དཔེ་མཛོད་ཁང་དུ་བླ་མ་རིན་པོ་ཆེའི་བཞུགས་ཐོག་བཞུགས་སུ་གསོལ།
༢༠༡༦ལོའི་ཟླ་༣ ཚེས་༡༦ ཉིན་ཆོས་གྲོགས་ཁོང་རྩིས་པའི་ང་ཚོ་མི་འགས་ཀུན་མཐུན་གླིང་ཞེས་པའི་ཚོགས་པ་ཞིག་གསར་དུ་བཙུགས་ནས་རང་རེ་གྲྭ་ཚང་གི་གྲྭ་བ་སུ་སྨན་ཁང་ལ་འགྲོ་དགོས་ཐུག་ཚེ་སྨན་ཡོན་བརྒྱ་ཆའི་སུམ་ཅུ་འཁུར་ནས་ད་ལྟའི་བར་ཡོང་བའི་ཐེབས་རྩ་འདི་ལ་ཆོས་གྲོགས་ཁོང་གི་ཀླད་ཤུགས་དང་རྒྱུ་ཤུགས་ཀྱི་རབ་འདེགས་གྱ་ནོམ་པ་ཐེབས་ཡོད།
ཆོས་གྲོགས་ཁོང་གི་གྲྭ་ཤག་གླིང་སྟོད་ན་ཡོད་ལ། གསར་དུ་ཕུབ་པའི་སྡོད་ཁང་ཉིས་ཐོག་ཅན་དེའི་ཕྱིའི་བཟི་བཀོད་ནི་དེང་རབས་ལུགས་ཀྱི་ཨར་འདམ་དང་ངར་ལྕགས་ཀྱིས་བསྐྲུན་ཤིང་ནང་གི་བཀོད་པ་ནི་ཤིང་ཆས་སྤྱད་ནས་བཀྲ་ཤིས་རྟགས་བརྒྱད་དང་། ཚེ་རིང་རྣམ་དྲུག མཐུན་པ་སྤུན་བཞི་སོགས་རི་མོ་པ་ཏྲས་ཀྱང་བརྒྱན་ཡོད། ཅ་དངོས་ཚང་མ་བོད་ལུགས་ཁྱིམ་ཆས་ཡིན་ལ་དེའི་སྟེང་བལ་བོའི་ས་གདན་བཏིངས། དབྱར་བསིལ་ལ་དགུན་དྲོ་ཐུབ་པའི་དྲོད་རླངས་ཚད་མཐོ་ཤོས་ཅན་ཞིག་ཁང་བའི་མཐོ་སར་བཀལ་འདུག ཆ་སྒྲོམ་དེའི་རིམ་པ་མཐོ་སར་བླ་མ་རིན་པོ་ཆེའི་གསུང་འབུམ་དང་བསྟན་བཅོས་ཁག རིམ་པ་གཉིས་པར་རང་ཉིད་ལྟ་རྒྱུར་དགའ་བའི་རྒྱ་དཔེ་མགོ་བཙེམ་མ་སོགས་བསྟར་ཆགས་སུ་བསྒྲིག་འདུག རིམ་པ་གསུམ་པ་དང་བཞི་བ་བཅས་སུ་ཤེལ་དང་རྡོ་ཡིས་བཟོས་པའི་ཅ་དངོས་སྣ་ཚོགས་བཅས་མཛེས་པར་བཤམས་ཡོད། ཐོག་ཁང་དེ་མཐོ་ལ་སྒེའུ་ཁུང་ཧ་ཅང་ཆེ་བས་མདུན་རིའི་ངོས་ཀྱི་མི་སུ་ཡིན་ངོས་ཟིན་ཐུབ་ཅེས་བཤད་ན་ཡང་ཆོག ཇ་འཐུང་ཡོ་ཆས་(茶吧机) སྟེང་ལ་རྨ་རྒྱལ་གཡང་ཌའི་འཐུང་སྣོད་བདུན་ཚར་གཅིག་ཀྱང་ཡོད་པ་ཁོས་ཐོག་མར་བཀྲུ་བཤལ་གཙང་མ་བྱས་རྗེས་ལྷོག་ལྷོག་གདུ་བའི་ཆུ་ཁོལ་གྱིས་ཕོ་ཨེར་སོགས་ཇ་གང་ཡིན་ལན་གཉིས་སུ་བཤལ་རྗེས་གཟོད་འཐུང་ཆོག་ལ། ཁོས་ཇ་བཟང་ངན་ལྟ་ཤེས་ཤིང་ཇ་འཐུང་ཚུལ་བཅས་ལ་བྱང་ཆ་དོད་པོ་ཡོད། ཐོག་ཁང་དེའི་ཁང་མིག་གཉིས་པའི་ནང་ཇ་ཁང་དང་གཙང་སྤྱོད་ཁང་། ཁྲུས་ཁང་བཅས་ཡོད་པས་སྟེང་འོག་ལ་འདུར་རྒྱུག་བྱེད་མི་དགོས། ཆོས་གྲོགས་ཁོང་ཟ་མ་གཡོས་སྦྱོར་ལ་ཧ་ཅང་མཁས་པས་ལད་པོ་ང་རང་ནམ་ཞར་ཞལ་ཟས་རོ་བརྒྱ་འདོན་པའི་དཀའ་ངལ་ལས་ཅི་ཡང་མེད། ཐོག་ཁང་དེའི་ནང་དབྱར་དགུན་སྟོན་དཔྱིད་ཀྱི་མཛེས་པ་ལག་མཐིལ་དུ་བླངས་པ་ལྟར་ཉམས་སུ་མྱོང་ཐུབ། ཁང་བ་འདིའི་ཇུས་འགོད་དང་ཟ་མའི་གཡོས་སྦྱོར་ལས་ཁོའི་བསམ་བློ་ཧ་ཅང་ཞིབ་ཚགས་དང་ཡུལ་དུས་ཀྱི་ཆོས་ཉིད་དང་བསྟུན་མཁས་ཤིག་ཡིན་པ་ངང་གིས་རྟོགས་ཐུབ། ངས་ཁོ་ལ་ཁྱོད་ཀྱི་ཁང་བ་འདི་སྐྱིད་པ་ལ་ཨང་ཞེས་ཡང་ཡང་བསྟོད་བསྔགས་བྱས་པས། སྐྱིད་པོ་རང་འདུག ཁྱེད་རང་ཁོམ་པ་ནམ་ཡོད་དུ་དཔེ་ཆ་འཁྱེར་ནས་འདི་ནས་ལྟོས་དང་ངས་ཁྱོད་ལ་ཇ་ཞིམ་པོ་བསྐོལ་ཐུབ་ཟེར། ངས་ཀྱང་གྲོགས་པོ་ཞིག་གི་མཛའ་བརྩེ་འཁུར་ནས་ཐེངས་མང་ལ་ཁོའི་ནང་དུ་སོང་ནས་ཇ་སྐྱིད་བརྒྱབ་པ་ཡིན། ཁོ་འདས་རྗེས་ཀྱི་ཉིན་བཅུ་ཕྲག་ལྷག་ཅིག་གི་དེ་རིང་འཇིག་རྟེན་ཁམས་ན་རང་ཉིད་གཅིག་བུ་མ་གཏོགས་མེད་པ་དང་འདྲ་ཞིང་། ཡོད་ཚད་ཁུ་སིམ་མེར་གྱུར་བས། ངས་ཁོའི་ཇ་ཞིམ་པོ་དེ་དག་ལ་ཇ་ལན་སྤྲད་མེད་པ་ཚོར་ཞིང་། དྲང་མོ་དྲང་བཞག་གི་སྐད་ཆ་དེ་དག་ལ་ལན་ཡང་དག་ཅིག་སློག་མེད་པའང་ཚོར། ད་ནི་ཅི་བྱ་ཨང་། ཡི་གེ་འདི་དག་ནི་ཆོས་གྲོགས་ཁོང་གི་ཇ་ལན་ཞིག་ཏུའང་འགྱུར་སྲིད་དམ། པདྨ་ཚེ་བརྟན་གྱི་གློག་བརྙན་གསའ་གསར་དུ་ཐོན་སྐབས་ཆོས་གྲོགས་ཁོང་དང་ང་ཚོ་མི་གསུམ་གྱིས་མཉམ་དུ་ཁོའི་ནང་དུ་དེའི་བརྗོད་སྙིང་ཅི་ཡིན་སྐོར་གླེང་བ་དང་། མ་གཞི་ནས་པད་ཚེའི་གློག་བརྙན་དག་ནི་གབ་ཚིག་ཅིག་དང་འདྲ་བར་བརྗོད་སྙིང་འདི་ཞེས་ཁ་ཚོན་གཅོད་མི་ཐུབ་ནའང་། ཆོས་གྲོགས་ཁོང་གིས་བལྟས་བརྗེས་ཀྱི་མྱོར་ཚོར་ལྷུག་པོར་བརྗོད། དེའི་ཉིན་རེད་དང་མ་རེད་ཀྱི་ཚིག་རྩོད་ཀྱང་མ་བརྒྱབ།
ད་ལོའི་ཟླ་དགུ་བའི་ནང་སྲིད་གཞུང་གི་བཀོད་སྒྲིག་དང་དོ་དམ་ཁང་གི་ཚགས་བཙུགས་པ་ལྟར་ཁོ་ལན་ཇུ་ལ་སྣེ་ཤན་པའི་ཟབ་སྦྱོང་ཞིག་ཏུ་ཞུགས་ཤིང་། ཟླ་གཅིག་ལྷག་ལ་བསྡད་དེ་སྣེ་ཤན་པའི་འཛིན་ཡིག་ཀྱང་བླངས་ནས་ཕྱིར་འབྱོར་ཏེ་དགོན་པའི་ལོ་རྒྱུས་དང་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་རྒྱ་སྐད་ཀྱི་ལམ་ནས་བཤད་པར་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱེད་ཀྱིན་པ་ཐོས། སྔ་ཕྱིར་བླ་མ་གྲྭ་ཚང་ལ་ཐེངས་གསུམ་དུ་གུང་ཚིགས་ཀྱི་སྦྱིན་བདག་བྱས། སང་ལོར་ཡང་རང་རེ་ཆོས་ཐོག་གི་སྦྱིན་བདག་བྱ་བར་ཁས་བླངས་པ་སོགས་ན་ཁ་ནས་སྐམ་བཤའ་ཡང་ལག་ནས་ཤིག་མི་གསོད་པའི་རིགས་ཀྱི་དོ་ཟླ་ག་ལ་ཡིན། གྲྭ་བ་བྱེད་པ་ནི་རང་གི་མི་ཚེ་ཁ་ཡིག་ཅིག་ལ་རག་ལས་འདྲ་སྟེ། དང་ཐོག་ཁྱོད་རང་འདོད་པ་ཡིན་མིན་གང་ཡིན་རུང་ཆེས་མཐའ་མཇུག་ཅིག་ལ་དོན་སྙིང་ཡོད་པའི་འབྲས་བུ་ཞིག་ཅིས་ཀྱང་ཐོབ་སྲིད་པ་འདྲ། ང་ཚོ་དོ་དམ་ཁང་གི་མི་སྣ་དག་གི་སྣེ་ཁྲིད་འོག་ཆོས་གྲོགས་ཁོང་གི་འདས་མཆོད་ལ་ཉིན་བཞིན་བདག་འཇུག་ལེན་པ་དང་། སྨོན་ལམ་གསུངས་པ། ཐ་ན་གདུང་བསྐྱིས་ཚུན་ཆད་དུ་ཞུགས་པ་ཡིན། ངའི་ལྷོག་ལྷོག་ཏུ་ལྡང་བའི་སྙིང་དང་ལག་ཟུང་དྲོན་མོ་འདིས་ཧ་ཅང་འཁྱག་རེངས་སུ་གྱུར་བའི་ཁྱེད་ཀྱི་ལུས་དེ་དྲོ་རུ་འཇུག་མི་ཐུབ་ཀྱང་། བར་དོ་ལ་འཁྱམ་པའི་རྣམ་ཤེས་འཁྱམ་པོ་དེས་ཕྱིར་མིག་ཅིག་བལྟས་ན་ང་ལ་འཛུམ་མདངས་ཤིག་མི་སྟོན་རང་སྟོན་ཆགས་ཡོད་སྙམ། ཉིན་བསྟར་ཆགས་སུ་ཆོས་གྲོགས་ཁོང་གི་འདས་མཆོད་ལ་རྒྱ་བོད་ཀྱི་མགྲོན་པོ་གང་མང་ཞིག་གིས་མཆོད་མེ་བསྣམས་ནས་ཡོང་ཞིང་། སེམས་སྡུག་གིས་ཁེངས་ནས་ཕྱིར་འགྲོ་བའི་རྣམ་པ་དེ་རེད། དེ་ནི་ཇི་འདྲའི་མཐོང་མི་འདོད་པའི་རྣམ་པ་རེ་རེ་རེད་ཨང་། ངས་ཀྱང་གཉིད་ཆག་མང་བོ་ཞིག་ཁུར་ནས་ཆོས་གྲོགས་ཁོང་ལ་སྐྱེལ་མ་བྱས་པ་ཡིན། ཁོས་འདི་ལྟར་༢༠༢༥ལོའི་ཧོར་ཟླ༡ཚེས་༩ཉིན་༨ ཉིན་རང་ལོ་ཞེ་བཞི་ལ་བུད་པའི་མི་ཚེ་ལ་རྫོགས་ཚིག་བཀོད་སོང་། དེ་ནི་ང་ཚོའི་ལྷན་འཛོམས་ནང་དགོད་སྒྲའི་རྒྱུད་སྐུད་ཅིག་ཆད་སོང་བ་ཤེས། ལྷན་འཛོམས་རེ་རེ་ལ་ཁོས་ང་ཚོ་ལ་བརྗོད་གཞི་སློང་ཞིང་། བརྗོད་གཞི་དེ་དག་ལས་འཕྲོས་པའི་ཀུ་རེ་ཁ་མཚར་གྱིས་གྲྭ་ཚང་གང་བོ་དགོད་སྒྲ་ཐག་གེར་བཏང་བའི་གྲངས་ཀ་ཉུང་ཉུང་ཞིག་ག་ལ་ཡིན། དེ་ཡང་ཡོན་ཏན་མ་ཡིན་པའི་ཡོན་ཏན་ཞིག་ཅི་ལ་མིན་ཨང་དྲན། དགོད་སྒྲ་རེ་རེ་འཇགས་ཤུལ་དུ་ངེད་ཅག་ལ་ཅི་ཞིག་ལྷག་ཡོད་དམ། སྟོང་ལྷང་ལྷང་དེ་ཡིན་ནམ། ཡང་ན་ལྷིང་འཇགས་དེ་ཡིན་ནམ། སེམས་ལ་གཟན་པའི་ལྷིང་འཇགས་དེ་ཡིན་ནམ། ངས་ཉི་མ་འདི་དག་ལ་ད་དུང་ཁོས་ང་ལ་ཁ་པར་གྱི་ལམ་ནས། དཔལ་ལྡན་ངའི་ནང་ལ་ཤོག་རེ། ཤོག་ར་ཇ་འཐུང་བ་ཡ་ཟེར་བའི་སྒྲ་དེ་གྲགས་ཡོང་སྙམ་སྐྱེས། ཆེས་སྤྱིར་བཏང་གི་སྐད་ཆ་དེས་ཆེས་སྤྱིར་བཏང་མ་ཡིན་པའི་མཛའ་བརྩེ་དེ་མཚོན་པར་བྱེད་ཡོང་སྙམ། ཀུན་གྱིས་ལོ་སར་གྲ་སྒྲིག་བྱེད་པའི་སྒང་འདིར། ངས་དོར་ཞི་རིན་པོ་ཆེའི་སྟོང་ཉིད་གསར་འགྲེལ་དང་། ཨ་ཁུ་རྒྱ་གྲོལ་ལགས་ཀྱི་ཉི་མ་ལྟ་བུའི་དགེ་བསྙེན་ཞེས་པའི་དེབ་གསར་གཉིས་ལ་མཇལ་ཞོར་དུ་ཆོས་གྲོགས་ཁོང་གི་མི་ཚེ་ལོ་རྒྱུས་ལ་ཕྱིར་དྲན་བྱེད་བཞིན་ཡོད་མོད། མི་ལོ་ཉེར་ལྔའི་རིང་འགྲོགས་ཡོང་བའི་ང་ཚོའི་བར་གྱི་གཏམ་རྒྱུད་བྲིས་ན་པོ་ཏིར་ལོངས་པར་འགྱུར་བས་ད་ནི་འདི་ཙམ་གྱིས་འཐུས་པར་བྱའོ།།
ཞེས་ཆོས་གྲོགས་དམ་པ་དགེ་འདུན་རབ་རྒྱས་ལགས་སྐུ་གཤེགས་རྗེས་ཁོང་གི་རང་བཞིན་ལ་ཡ་ཡོའི་དྲི་མ་མ་བསྒོས་པར་དྲང་བོའི་ངག་གིས་བརྗོད་དེ་གཏེར་ལུང་དཔལ་ལྡན་གྱིས་༢༠༢༥ཟླ༡ ཚེས་༧༦ཉིན་གྱི་མཚན་གུང་གི་ཆུ་ཚོད་བཞིའི་སྟེང་མཇུག་གྲུབ་པར་བྱས།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!