ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
༄༅།།དུང་མདོག་གི་ཟླ་བ་ལྟ་བུའི་སྐྱེས་ཆེན་ཞིག
སྦྲ་སྲས། རྨ་ལྷོ།
སྐྱ་ཐང་ཐང་གི་དགུན་དུས་ཤིག་ལ། རི་བོ་ཧི་མ་ལའི་དབུ་རྩེ་ནས་འཚེར་བའི་དུང་མདོག་གི་ཟླ་བ་དཀར་པོ་ཞིག གཟའ་རྒོད་རཱ་ཧུ་ལའི་འདོད་ཧམ་གྱིས་མིད་པ་བཞིན།
གློ་བུར་ཏུ་ནམ་མཁའི་མཐོངས་ཡངས་ནས་གཟིམ་སྟེ་སྤྲིན་ནག་གི་གསེབ་ཏུ་ཡིབ་པ་ནས་བཟུང་།
བར་སྣང་གི་ཁམས་ཆེན་མོ་འདིར་འོད་ཟེར་མེད་པར་མཁའ་དབྱིངས་ཡོད་ཚད་ནག་སྟོང་ངེར་ཆགས།
མི་ལོ་སུམ་ཅུ་ལྷག་འདས་པའི་མཚན་ལྗོངས་ཁྲོད་ཀྱི་ཡུལ་ཁམས་འདིའི་སྲོག་ལྡན་ཡོད་ཚད།
ཆུང་ཞིང་རྒྱང་ཐག་རིང་བའི་སྐར་འོད་དག་ལ་བརྟེན་ནས་ཤི་མ་གསོན་གྱིས་འཚར་དགོས་བྱུང་།
སྐབས་དེ་ནས་བཟུང།
གངས་དཀར་ལྕགས་རི་མཐོན་པོས་ས་སྒང་ཧྲིལ་བོ་འདིའི་ཕྱེད་ཀ་བསྐོར་བའི་ནང་ཚན་ཀུན་ལ།
མཚན་མོ་མ་ཡིན་པའི་སྨག་རིམ་གྱི་ན་བུན་ཞིག་འཁོར་འགོ་བརྩམས།
མུན་ནག་དང་དཀའ་སྡུག་གི་སྨག་རིམ་གཏོར་བའི་ལྷ་ཟླ་དཀར་པོ།
པཎ་ཆེན་ལགས། སྣང་བ་མཐའ་ཡས།
ཁྱེད་རང་འདི་ལྟར་བཞུད་སོང་བས།
གངས་དཀར་པོ་སྐྱོ་ཉམས་ཀྱིས་གཡོ་འགུལ་ཐེངས་གཅིག་བྱས་སོང་།
ས་ཆེན་པོས་འཕགས་འཚག་གི་བྲེལ་ཤ་ལན་ཅིག་བརྒྱབ་སོང་།
ཆུ་གཙང་བོ་མྱ་ངན་གྱིས་མནར་བས་བཞུར་རྒྱུན་རེ་ཞིག་འཇགས་སོང་།
ཁྱེད་རང་དེ་ལྟར་ཕེབས་ཟིན་པའི་མི་ལོ་བཞི་བཅུར་ཉེ་བའི་ལོ་ཟླ་འདི་དག་གི་ནང་དུ།
སྤྲིན་གསེབ་ཀྱི་ཉི་མ་ཁོ་ནས་ཆོལ་གསུམ་གྱི་བདེ་སྡུག་ཁུར་ནས་རྒས་ཤིང་འཁོགས།
པཎ་ཆེན་ལགས། ཆོས་ཀྱི་རྒྱལ་མཚན།
འཇགས་མས་ཤུག་གླུ་གྱེར་ཞིང་། སྐར་མས་འདུ་རྒོད་བྲེལ།
སོ་སྲུང་བའི་མེ་མདའ་ཆག་པ་ཤེས་པ་ལྟར། རི་སྤྱང་གིས་མགོ་བོ་བཀྱགས་ཤིང་ངུ་ཟུག་བར་མེད་དུ་བསྒྲགས། མི་འདོད་པའི་རྐྱེན་ངན་ལས་ལ་བསྐོས་ཤིང་། ས་གཞི་ལ་མྱ་ངན་གྱི་གྲང་རླུང་ལྡང་། སང་ལོར་དབྱར་གསུམ་ཁུ་བྱུག་གི་གསུང་སྙན་སུ་ལ་སྒྲོག འདབ་ལྡན་མེ་ཏོག་གི་མཛེས་པའང་སུ་ལ་སྟོན།
པཎ་ཆེན་ལགས། འགྲོ་བའི་མགོན་པོ།
ལས་འབྲས་བླང་དོར་གྱི་ལེགས་ཉེས་སྟོན་པའི་བླ་གྲྭ་སྤྲུལ་གསུམ་གྱི་གསུང་ལ་མཉན་ན།
ཁྱེད་ནི་ཐུབ་བསྟན་གྱི་མཁའ་དབྱིངས་ན་འོད་ཟེར་གྱི་ཟེགས་མ་རེ་རེར་སྤྲུལ་ནས་བཞུགས་ཡོད་ཟེར།
ཤེས་རིག་གི་བདུད་རྩིའི་ཆབ་རྒྱུན་དྭངས་མོ་བསིལ་ལྗོངས་ལ་གཏོར་བའི་དགེ་རྒན་ཚོས་བཤད་ན།
ཁྱེད་ནི་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུའི་སྐད་ཡིག་གི་རུས་རྐང་ལ་ཐིམ་ཡོད་ཟེར།
རིགས་ཞེན་གྱི་དཔུང་བ་གཤིབ་པའི་འདས་མ་ད་གསུམ་གྱི་གཞོན་སྐྱེས་ཚོས་བཤད་ན།
ཁྱེད་ནི་རླུང་རྟ་སྡེ་བཞིའི་མངའ་ཐང་དང་འགྲོགས་ཏེ་རྔམས་བརྗིད་ལྡན་པའི་གསེར་དངུལ་གྱི་གླེགས་བམ་བར་ན་མངོན་ཡོད་ཟེར།
མི་རིགས་ཀྱི་བདེ་སྡུག་ཁུར་བའི་ཡབ་ཆེན་ཚོས་བཤད་ན།
ཁྱེད་ནི་མི་མངོན་པའི་ནམ་མཁའི་དབྱིངས་སུ་བཅོ་ལྔའི་དུང་ཟླ་རུ་སྤྲུལ་ནས་གངས་རིའི་ལྗོངས་སུ་རྨོངས་མུན་གྱི་སྨག་རུམ་བཅོམ་བཞིན་བཞུགས་ཡོད་ཟེར།
རིགས་ཞེན་གྱི་བུ་ཚ་གཉོར་བའི་མ་ཡུམ་ཚོས་བཤད་ན།
ཁྱེད་ནི་གཟུངས་མཆོག་ཡི་གེ་དྲུག་མའི་བྱིན་རླབས་དང་འགྲོགས་ནས་བོད་མི་ས་ཡ་དྲུག་གི་སེམས་ཁོང་ལ་ཞི་བདེ་ཡི་ས་བོན་སྐྲུན་བཞིན་སིམ་ཡོད་ཟེར།
པཎ་ཆེན་ལགས། ཆོས་ཀྱི་རྒྱལ་མཚན།
དོན་གྱིས་ཁྱེད་ཀྱི་སྐུ་ལུས་གསེར་ཞུན་ལྷུན་པོ་གང་དུ་བཞུགས་ཡོད།
ཁྱེད་ནི་ཐང་ཆེན་པོ་འདིའི་ས་རྡུལ་གྱིས་མ་ཐེག་ཅིང་།
བོད་ཆེན་པོ་འདིའི་བསོད་ནམས་ཀྱིས་མ་ནོན་པར་ཁ་བ་གངས་ཅན་པའི་མིང་བྱང་ཁུར་ནས་རྨོངས་མུན་གྱི་མགོ་བོ་འཐོམ་པའི་གདུལ་བྱ་ཁ་འཐོར་བ་དག་བསྐྱུར་ནས་ཕེབས་པ་སྔ་སོང་བ་མ་ཡིན་ནམ།
དེ་རིང་ངས་འདི་ལྟར་ཕྱིར་དྲན་གྱི་སྒོ་མོ་དལ་གྱིས་ཕྱེས་ཏེ་ལོ་རྒྱུས་ཀྱི་མེ་ལོང་ལ་ཐེངས་གཅིག་བལྟས་ན།
མཐའ་ཡས་པའི་ཡུལ་གྲུ་ཆེན་པོ་འདིར་ལུས་མེད་འབྱུང་བོས་གདུག་རྩུབ་ཀྱི་མདའ་མཚོན་རྣོན་པོ་སེར་པ་ལྟར་འབབ་དུས།
ཁྱེད་ནི་ཡུལ་ཁམས་ཀྱི་སྐྱེ་འགྲོ་སྲུང་བའི་སྙིང་སྟོབས་ཞུམ་མེད་ཀྱི་སྲ་མཁྲེག་གོ་ཆ་ཞིག་རེད།
ཀླ་ཀློའི་དཔུང་ཁག་གི་མེ་ལྕེ་དམར་པོའི་ཚ་རླབས་ས་སྟེང་ནས་འཕྱུར་དུས།
ཁྱེད་ནི་བརྟན་བརླིང་འཇིགས་མེད་ཀྱི་རྡོ་བརྩེགས་ལྟ་བུའི་ལྕགས་མཁར་སྒོ་མེད་ཅིག་རེད།
དུས་ངན་འཐབ་འཛིང་གི་ཛ་དྲག་ཆེས་ཆེར་རྒོད་པའི་གཡུལ་ས་བཤམས་དུས།
ཁྱེད་ནི་ཀ་མད་སུམ་བཅུའི་བདེན་དོན་གྱི་དར་ཆ་མཐོན་པོར་སྒྲེང་བའི་རུ་འདྲེན་གྱི་དཔའ་བོ་ཞིག་རེད།
ང་ཚོའི་རྗེས་ལུས་རྨོངས་འཐོམས་ཀྱི་མགོ་བོ་གདན་འོག་ཏུ་གནོན་དུས།
ཁྱེད་ནི་ཡིག་འབྲུ་ཁྲི་བདུན་མའི་ཁྲེས་པོ་ལྡོག་ཅིག་ཁུར་ཏེ་འཇིགས་སྐྲག་མདའ་མཚོན་གྱི་སོ་ཁར་རྒོལ་བའི་རིགས་ཞེན་གྱི་འབྲོང་རྒོད་དར་མ་ཞིག་རེད་ཨང་།
པཎ་ཆེན་ལགས། རིག་པའི་དཔའ་བོ།
དགོན་སྡེ་གསར་རྙིང་དང་གསར་བཙུགས་སློབ་གླིང་གི་སྒོ་འབྱེད་ཀྱི་ཅོང་བརྡ་རྡུང་མཁན་དེ་ཁྱེད་ཡིན།
ཡུལ་ལུང་འདིའི་ཕྱི་ནང་ལ་ཆག་འཇིག་གི་རླུང་དམར་ལྡང་དུས་རྙིང་རལ་དང་ས་རྡུལ་གྱིས་མནན་པའི་རྒྱལ་བསྟན་རིས་མེད་ཀྱི་གསེར་མདོག་གི་སྒོ་གླེགས་ཕྱེ་མཁན་དེ་ཁྱེད་ཡིན།
ཉམས་ལ་ཉེ་བའི་རིགས་མཐུན་གདོང་དམར་བའི་སེམས་ཀྱི་བསྟན་པའི་མེ་རོ་གསོ་མཁན་གྱི་རས་སྣུམ་སྦྱར་བའི་འབལ་འབར་རྐང་གཅིག་དེའང་ཁྱེད་ཡིན།
པཎ་ཆེན་ལགས།
གཉོམ་ཞིང་ཉམ་ཐག་པའི་ལང་མ་གོག་གི་ཁ་བ་གངས་ཅན་པའི་སྐད་ཡིག་གི་ཚེ་སྲོག་ལ་་་དཔའ་ངར་གི་གསོན་ཤུགས་སྩོལ་མཁན་དེ་ཁྱེད་ཡིན།
ཕྱོགས་འཛིན་ཆགས་སྡང་གི་བ་སྤུ་གཟེངས་ཤིང་ཚོད་མེད་དཔའ་ངར་གྱི་ཀུ་ཅོ་སྒྲོག་དུས།
རྒོལ་ངན་ཁྱུ་ཚོགས་ལ་སྙིང་སྟོབས་ཀྱིས་འགྲམ་ལྕག་གཞུ་མཁན་དེ་ཁྱེད་ཡིན།
བཙན་པོའི་གཉའ་ལ་འབབ་པའི་གནམ་ལྕགས་ཀྱི་ཐོགས་མདའ་དེ་ཁྱེད་ཡིན།
གཉོམ་ཆུང་ཕྱག་གིས་སྐྱོར་བའི་བྱམས་ལྡན་གྱི་སེམས་དཔའ་དེ་ཁྱེད་ཡིན།
མཐོ་དམའ་ཀུན་གྱི་རེ་བ་ཁྲི་སྟོང་གི་རྨི་ལམ་དང་ཕུགས་འདུན་བཅོལ་ས་དེ་ཁྱེད་ཡིན།
བར་ཐག་རི་ཆུས་བསྐལ་བའི་ཕྱི་ནང་ཀུན་ལ་མཐུན་སྒྲིལ་གསེར་ནག་གི་ཨ་ལོང་སྦྲེལ་མཁན་དེའང་ཁྱེད་ཡིན།
པཎ་ཆེན་ལགས།
ཁྱེད་ཡོད་དུས་ཁ་བ་གངས་ཅན་པའི་སྲིད་འབྱོར་རིག་གསུམ་གྱི་མཚོ་མོའི་རླབས་ཕྲེང་དགུང་དུ་འཕྱོ།
ཁྱེད་ཡོད་དུས་གདོང་ལ་དམར་མདངས་ཆགས་པའི་རུ་དཔུང་གི་ཀི་སྒྲས་གནམ་ས་འགེངས།
ཁྱེད་ཡོད་དུས་སྒེར་གཞུང་སློབ་གླིང་གི་དབྱངས་གསལ་གྱི་ང་རོ་གངས་དཀར་རི་བོའི་དབུ་རྩེ་ན་གྲགས།
ཁྱེད་ཡོད་དུས་གངས་ཅན་བསྟན་སྲིད་ཀྱི་ཉི་ཟླའི་གཟི་བྱིན་ཇོ་མོ་གླང་མའི་རྣ་ཆ་བཞིན་མཛེས།
པཎ་ཆེན་ལགས། སེམས་ཀྱི་རྒྱབ་རི་སྨུག་པོ།
2024.12.20ཉིན།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!