属于我们共同的文学大舞台
༄༅།།མདོ་སྨད་སྒྲུབ་པའི་གནས་མཆོག་ཀོའུ་བ་བཤད་སྒྲུབ་དར་རྒྱས་གླིང་ལ་བསྔགས་པའི་རབ་ཏུ་བྱེད་པ་དྲི་ཟའི་འཇིག་རྟེན་འདར་བྱེད་ངག་རིག་གཎྚིའི་དབྱངས་སྙན་ཞེས་བྱ་བ།
གཅན་རང་སད།
༄༅།།སྲིད་ཞིའི་མཚར་སྡུག༵་སྡུག༵་མའི་རྣམ་རོལ་མཚན་དཔེའི་གཟུགས་སྐུ་ཟླ་ཤེལ་སྙེ་མ་ཚོགས་གཉིས་འཆི་མེད་ལམ་ལ་རབ་འཕགས་སྨིན་འཁྱོག་དབང་བོའི་གཞུ་རིས་འཛུ༵མ།།
འཛུ༵མ་དཀར་གེ་ས༵ར་ས༵ར་བའི་ཚོགས་དགོད་ཨུཏྤལ་ཞལ་ཁྱིམ་བཞད་པའི་ལྟེ་བར་དྲུག་སྐྱེས་ས་འཛིན་གླུ་ཡིས་ངེས་བཅིངས་ངག་རིག་བུང་བའི་གཤོག་རླབས་གཡོ༵།།
གཡོ༵་མེད་ཏིང་འཛི༵ན་འཛི༵ན་ཆགས་ཀུན་བྲལ་སྣང་སྟོང་ཟུང་འཇུག་སྦྲང་རྩིའི་ཆང་གིས་ལྷར་བཅས་སྐྱེ་འཕགས་མ་ལུས་བཟི་བྱེད་རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ༵།།
མ༵་རིག་སྒྲིབ་གཉིས༵་གཉིས༵་སྣང་མུན་པ་སྟོང་ཆེན་ཡེ་ཤེས་འོད་ཀྱིས་རབ་བསལ་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོས་བདག་མགྲིན་ནམ་མཁའ་དགེ་བར་མཛོད།།
བློ༵་བཟང་བློ༵་གྲོས་རྒྱ་མཚོའི་གན་མཛོད་མདོ་སྔགས་རིན་ཆེན་ཚོགས་ཀྱིས་གཏམས་ཤིང་ལུང་རིགས་རླབས་ཕྲེང་ཆལ་ཆིལ་གཡོ།།
ཐུག༵ས་བསྐྱེད་ཐུག༵ས་རྗེའི་རླུང་གིས་རབ་བསྐྱོད་སྒྱུ་འོད་ཟུང་འཇུག་ནོར་བུའི་གླིང་དུ་བདེ་བར་སོན་པའི་རིགས་བརྒྱའི་བདག།
ཀུན༵་མཁྱེན་ཀུན༵་བཟང་གཏན་བདེའི་ས་ལ་འགྲོ་རྣམས་འགོད་པའི་ཐབས་ཤེས་གྲུ་གཟིངས་གཞན་ཕན་མཐུ་སྟོབས་རྫོགས་པ་ཅན།།
གྲག༵ས་སྙན་གྲག༵ས་པའི་བ་དན་སྟོང་འཕུར་དམ་པའི་ཆོས་ཀྱི་ཚད་མའི་དེད་དཔོན་ཙོང་ཁའི་སྟོན་པ་ལན་བརྒྱར་མཆོད།།
སྣང་སྲིད་འཁོར་འདས་ཆོས་ཀུན་རང་གཟུགས་མཁྱེན་པའི་མེ་ལོང་གཅིག་ལ་རྫོགས།།
རིམ་གཉིས་ནམ་མཁའི་རྣལ་འབྱོར་ཟབ་མོས་ཆོས་ཉིད་དོན་གྱི་ཟད་སར་འཁྱོལ།།
འཇམ་དབྱངས་བྱིས་པའི་ཅོད་པན་ལ་ནི་ཞབས་སྐྱེས་རྩེ་དགའ་བསྒྱུར་བ་པོ།།
རབ་འབྱམས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་གཞོ༵ན་ནུ༵་བྱ༵ང་ཆུབ༵་དེ་ལ་འདུད།།
བདེ་བ་གསལ་ལ་མི་རྟོག་བསམ་གཏན་གཞུ།།
མཉམ་བཞག་རིག་སྔགས་སྟོབས་ཀྱིས་ཡོངས་བཀུགས་ནས།།
དག་པ་རབ་འབྱམས་མཁའ་སྤྱོད་ཞིང་ཁམས་སུ།།
སྒྱུ་ལུས་ཉག་ཕྲན་སྤུར་བའི་འཕྲིན་ལས་རྨད།།
འོག་མིན་ཞིང་ལ་བྱ་རྒོད་འཕུར་བ་བཞིན།།
འཇའ་ལུས་འོད་སྐུར་གྲོལ་བའི་བླ་མ་ལྷས།།
རྐང་པས་བཀྲ་ཤིས་གྱུར་བའི་རྡུལ་དག་ཀྱང་།།
འདི་ན་བསོད་ནམས་བྱེ་བའི་སྙིང་བོར་འཛིན།།
འཇུག་དང་ལྡང་བ་བྲལ་བའི་སྐྱེ་མེད་ཨ།།
བརྒྱད་ཁྲི་བཞི་སྟོང་གདངས་སུ་སྒྲོག་པའི་གླུས།།
འགྲོ་ཀུན་རྨོངས་པའི་གཉིད་ལས་སློང་མཛད་པ།།
འཇ༵མ་དབྱང༵ས་མངོ༵ན་པ༵ར་དག༵འ་བ༵འི་སྡེ༵་ལ་བསྟོད།།
ཀུན་རྟོག་བརྒྱད་ཅུའི་གནོད་སྦྱིན་ཁྲོས་པའི་མགོ།།
ཡེ་ཤེས་རལ་གྲིའི་མཚོན་གྱིས་བཅད་པའི་ཁྲག།
དབྱིངས་རིག་གཅིག་གྱུར་ཐུན་མཚམས་དབང་པོའི་གཞུར།།
ཤར་བའི་རང་མདངས་མཁྱེན་པའི་མཁའ་ལ་བཀྲ།།
ཨ་ཧོ་ཀུན་ཁྱབ་ཀུན་གྱི་གཤིས།།
བརྗོད་བྲལ་བརྗོད་པ་ཡོངས་ཀྱི་གནས།།
གཅིག་མིན་གཅིག་གྱུར་ཡེ་ཤེས་སྐུ།།
དཔའ་ཆེན་དཔའ་བོ་ཁྱོད་མིན་སུ།།
གཞན་དུ་ཁྲག་འཐུང་སྒྱུ་འཕྲུལ་དྲ་བའི་གར།།
སྣང་སྲིད་འཁོར་འདས་ཀུན་ལ་དབང་འབྱོར་བ།།
དགེ༵་འདུ༵ན་བསྟ༵ན་པ༵་དར༵་ཞིང་རྒྱས༵་པའི་སྡེ།།
འཇིགས་མཛད་མགོན་པོ་མི་ཡི་གར་གྱིས་བྱོན།།
གང་གི་བཀའ་ལས་རབ་བཙན་པ།།
དེ་ནི་མཁའ་ཡི་པདྨོ་བཞིན།།
གསང་གསུམ་འཕྲོག་བྱེད་རོལ་བ་ཡིས།།
རང་བསྟན་གངས་ཀྱི་ལྷུན་པོ་སྐྱོང་།།
མི་མཐུན་ཕས་རྒོལ་གདོང་བ་ལ།།
བཀའ་ལན་མཚོན་ཆ་འབུམ་སྤྲོ་བའི།།
འཇིགས་མེད་བརྟུལ་ཞུགས་གྲུབ་པའི་དབང་།།
བཙན་པོའི་དབུ་རྨོག་རི་བས་མཐོ།།
ནམ་ཞིག་ནག་ཕྱོགས་བདུད་ཀྱི་དཔུང་།།
འཕར་སྤྱང་གཡོ་སྒྱུས་ཟླ་བསྒྲིལ་ནས།།
སེང་ཆེན་སྐུ་སྲོག་འཕྲོག་ན་ཡང་།།
དཔའ་སྐད་སྲིད་པའི་བྲག་ལ་འཆའ།།
བློ༵་བཟ༵ང་གསང་བ་གསུམ་གྱི་མེ་ཏོག་གི།།
སྙེ་མ་ཡོངས་གྲོལ་གདེངས་ཀ་མཐོ་བའི་དཔྱིད།།
བཤ༵ད་སྒྲུབ༵་སྦྲང་རྩི་སར་བའི་དོག་པ་ཡིས།།
རྒྱ༵་མཚོ༵འི་གོས་ཅན་བརླན་པའི་མགོན་དེ་རྒྱལ།།
འཛམ་གླིང་ཤར་ནུབ་རིག་གཞུང་ལི་ཁྲིའི་ཚོན།།
རྣམ་དཔྱོད་པིར་གྱིས་འཐུང་བ་དྲན་པའི་དབང་།།
སཾགྷ་ངྷརྨའི་ངག་རིག་དྲེགས་པའི་གདོང་།།
གང་ལ་འདུད་པའི་གསང་བ་ཁོ་བོས་མཐོང་།།
དབྱངས་ཅན་ཟླ་མཚན་འཐུང་བ་དགེ་བའི་དབང་།།
དུས་མཐར་མདོ་རྒྱུད་མཚོ་ལ་མངོན་རོལ་ནས།།
ཐུན་མཚམས་གར་གྱིས་ལེགས་བཤད་སྤྲོ་བ་པོར།།
ལེགས་བཞེངས་སྨྲ་བའི་ཉི་མ་འདི་ན་རྒྱུ།།
ཁྱད་པར་ལྔ་བདོ་སྙིགས་མའི་ཡང་ཐ་འདིར།།
བློ༵་བཟ༵ང་ཐུབ༵་བསྟ༵ན་གསེར་གྱི་ལྷུན་པོའི་ཁུར།།
འདེགས་པའི་སྙིང་སྟོབས་དར་བབས་སེམས་དཔའ་ཆེ།།
དབ༵ང་ཕྱུག༵་བརྒྱད་ལྡན་མི་ཡི་སེང་གེ་བྱོན།།
གང་གི་ཐུགས་བསྐྱེད་ཤིང་རྟ་རྩིབས་སྟོང་བས།།
བསྟན་དང་འགྲོ་ལ་ཕན་བདེ་ནོར་བུའི་དཔྱ།།
ནམ་མཁའ་སྲིད་དུ་འདྲེན་པའི་རྣམ་པར་ཐར།།
སར་གནས་དཔའ་བོས་བརྗོད་པའི་ཡུལ་ལས་འགོངས།།
དེ་དེའི་ཞབས་སྐྱེས་ཉི་འོད་ཞུན་མའི་རྡུལ།།
ལྷུང་བས་ཆོས་སྤྱོད་པད་མ་དཀར་པོའི་ནགས།།
རབ་རྒྱས་གྲགས་པའི་བསུང་ཞིམ་མ་རྙིང་བ།།
གྲུབ་པའི་དགའ་ཚལ་དམ་པའི་བྱུང་བ་འཛུམ།།
འདི་ལྟར་ཐོས་སོ་བགྲང་བྱའི་ཁུགས་པར་རབ་བྱུང་དྲུག་པའི་རྡོ་རྗེའི་མདུད་ཆིངས་དུས་ཀྱིས་བསྣོལ་བའི་བར་གླགས་སུ།།
གཞོ༵ན་ནུ༵་ཉིད་ནས་མདོ་རྒྱུད་མན་ངག་ཡོངས་རྫོགས་བྱང༵་ཆུབ༵་མཛད་འཕྲིན་འོ༵ད་ཟེ༵ར་ཕྱོགས་མཐར་སྤྲོ་བ་རིགས་བརྒྱའི་མགོན།།
བྲག་དཀར་ཐོར་ཅོག་མཛེས་ལྡན་ལྷུན་པོ་དྲང་སྲོང་བསམ་གཏན་རོལ་བའི་ཕ་ཁྱིམ་སེངྒེ་རི་ཁྲོད་ཅེས་བྱ་བར།།
བྱོན་བཞུགས་ཐུགས་དམ་ཉམས་བཞེས་ཟབ་མོས་ཏིང་འཛིན་སྒོ་མོ་བརྒྱ་ཕྲག་ལ་ནི་འཇུག་ལྡང་གར་གྱིས་རོལ་བར་གྲགས།།
མཁས་དང་གྲུབ་པའི་ཡོན་ཏན་ལྕགས་ཀྱུ་ཡིས།།
སྒང་བ་སྟོད་ཕྱོགས་ཧོར་མོག་ཁག་གཉིས་ཀྱི།།
སྐྱེ་རྒུའི་ཡིད་དབང་གཟུགས་ཅན་བཞིན་དྲངས་པས།།
བླ་དཔོན་གཅིག་ལྕོགས་ཡོན་གནས་དམ་པར་བཀུར།།
འབྲས་དཀར་ཚོམ་བུར་སྤུངས་འདྲའི་རི་བོ་ལ།།
ཚང་ཚིང་ནགས་མའི་སྟོད་གཡོགས་ལྡེམ་པའི་གསེབ།།
ཀོའུ་བ་བཤད་སྒྲུབ་དར་ཞིང་རྒྱས་པའི་གླིང་།།
ལྷར་བཅས་འགྲོ་བས་མཆོད་པའི་ཞིང་དུ་བཞེངས།།
ཐབས་ཀྱི་ཕྱོགས་སུ་ས་སྤྱོད་རྗེ།།
གདན་ལ་བཞུགས་པའི་འགྱིང་བག་ཅན།།
ཨ་མྱེས་བེ༵འུ་དོར༵་མཐོན་པོ་ནི།།
གཡུ་འབྲུག་དགུང་ལ་འཕྱོ་བར་རྟོག།
བཀྲ་ཤིས་བྱ༵་དེ་དམ༵འ་མོ༵་སྒང༵་།།
བཙུན་མོ་རིན་ཆེན་སྒེག་པའི་ཉམས།།
ལྷུན་གྲུབ་གཡུ་ལོའི་རྔ་ཡབ་ཀྱིས།།
དྲང་སྲོང་མགྲོན་དུ་འབོད་པ་བཞིན།།
གླང་ཆེན་བྲེས་ལ་ཉལ་བ་ལྟའི།།
རྒྱབ༵་རི༵་རྩི་ལྗོན་དབང་སྔོན་གྱི།།
དབའ་རླབས་མངོན་མཐོར་བརྩེགས་པ་ཡིས།།
སྡེ་འདིར་ལེགས་ཚོགས་ཆར་བ་འབེབས།།
ཚེ་བསོད་རླུང་རྟ་རྒྱས་པའི་བརྡར།།
མདུན་རི་བྱ༵་ཕུག༵་སྒང༵་རྒྱུད་ཀྱིས།།
གཡུ་ཞུན་མཎྚལ་ཚོམ་བུ་མང་།།
ཕྲེང་བར་བསྟར་བའི་མཛེས་པ་འགོག།
བསིལ་བ་ཚལ་གྱི་ངོ་མཚར་ཆོས།།
བྱེད་པོས་གནས་འདིར་བཀོད་པ་བཞིན།།
མི་ཆེ་མི་ཆུང་དུར་ཁྲོད་ནི།།
དངོས་གྲུབ་གཏེར་དུ་རྫོགས་པ་ཡོད།།
མཐོ་ལྡན་ནོར་འཛིན་ལྷ་མོའི་གདེངས་ཀ་ལ།།
ལྗང་མཛེས་ནགས་མའི་རྔ་ཡབ་གཡོ་བའི་ཚལ།།
དྲང་སྲོང་དགྱེས་པའི་བསྟི་གནས་ཉམས་དགའ་བ།།
བས༵མ་གཏ༵ན་རྩེ༵་མོའི་དགེ་མཚན་བླ་ན་འཕགས།།
ཕྱོགས་དང་ཕྱོགས་མཚམས་རི་ཀླུང་དགའ་མའི་མགྲིན།།
རྩི་ལྗོན་མར་གད་གསར་བའི་དོ་ཤལ་གྱིས།།
ཅི་ཡང་སྤུད་པའི་མཛེས་སྡུག་ལོངས་སྤྱོད་ནི།།
གཡུ་ལོ་བཀོད་པའི་ཞིང་གི་དཔལ་ལ་ལྟ།།
རྐང་འཐུང་ཡལ་གའི་བསིལ་ཡབ་གཉིས་སྐྱེས་ཀྱིས།།
དལ་བུར་གཡོབ་བཞིན་དྲུག་འགྱུར་སྙན་པའི་གླུ།།
དུས་སུ་སྒྲོག་པས་ཚངས་སྤྱོད་དགེ་འདུན་པར།།
ཡང་དག་འཇོག་པའི་དྲིལ་བརྡ་དཀྲོལ་བ་འདྲ།།
རྣལ་འབྱོར་དཔའ་བོས་རིམ་གཉིས་ཀྱི།།
ཉམས་རྟོགས་རྐང་བྲོ་རྡུང་བའི་གནས།།
ཁྲ༵་ཚ༵ང་བྲ༵ག་གི་སྒྲུབ་ཕུག་ཅེས།།
གྲུབ་པའི་བྱ་སྐྱིབས་བག་རེ་དྲོ།།
ཀླུ་དབང་འདབ་མའི་རྔ་ཡབ་ཀྱིས།།
ལེགས་ཚོགས་གཡང་དུ་བསྐྱིལ་བའི་ཆབ།།
གཅོད་པ་རྒྱ་མཚོའི་ཆུ་མིག་མཆོག།
བདུད་རྩིའི་ཟིལ་བ་ཁྲོམ་མེར་འབབ།།
སྲིན་པོའི་རི་ལག་བརྐྱངས་པ་གདོང་སྣའི་ཆར།།
དམར་ཆེན་གཏོར་མའི་རང་དབྱིབས་ལྷུན༵་གྲུབ༵་པ།།
བྲག་གི་མདའ་ཡབ་བྲེས་པའི་ལྡིང་ཁང་དུ།།
ཆོ༵ས་རྫོང༵་སྒྲུབ་པའི་དགའ་ཚལ་བྱིན་དུ་ཆགས།།
དེ་རུ་ཡབ་རྗེ་རྣམ་པར་རྒྱལ་བའི་སྡེས།།
མཉམ་བཞག་གར་གྱིས་བཤད་སྒྲུབ་མི་ནུབ་པའི།།
རྒྱལ་མཚན་དང་པོར་བསྒྲེངས་པའི་རྟེན་འབྱུང་གི།།
དགེ་ལེགས་མཚན་མ་ཀུན་དགའི་དཔྱིད་དུ་གྲོལ།།
ཆོས་སྡེ་གཞན་གྱི་ཟུར་ཕུད་ལ།།
རྐང་སེན་དཔལ་གྱི་ལྕིད་ཕབ་པ།།
བཤ༵ད་སྒྲུབ༵་དར༵་ཞིང་རྒྱས༵་པའི་གླིང་།།
འོག་མིན་ས་ལ་འཕོས་པས་མཚོན།།
འཁྲི་ཤིང་འདབ་མའི་རྒྱ་གྲོལ་བའི།།
ས་ཡི་མྱོས་བུམ་མཐོ་ལྡན་པར།།
གཙུག་ལག་སེན་མོའི་ཁ་རིས་ནི།།
ལུང་རིགས་འོད་ཀྱིས་སྒེག་པ་འཛིན།།
ལེགས་བྱས་ཕ་མཐའ་བྲལ་བ་ཡི།།
དགུ་ཚིགས་ཞགས་པའི་ཁྱིམ་ཡངས་པོར།།
རྟེན་གསུམ་རྒྱུ་སྐར་སྙེ་མའི་འབྲུ།།
ཚོམ་བུར་སྤུངས་པའི་མཐའ་མ་རིག།
ཟླ་ཤེལ་བརྩེགས་པའི་མུ་ཁྱུད་ལ།།
བཞད་གད་འཁྲུངས་པའི་སྤོང་ཁང་སྟེ།།
དཀར་མཛེས་གྲྭ་ཤག་བསྟར་བའི་ཕྲེང་།།
བྱེད་པོས་པིར་གྱིས་བྲིས་པར་རྟོག།
སུམ་རྩེན་ལྭ་བ་དཀར་པོ་ཡི།།
རང་མདངས་མོག་པོར་སྒྱུར་བྱེད་པ།།
མཆོད་པའི་རྟེན་གྱི་བཀོད་པ་ནི།།
འབྲས་དཀར་སྤུངས་པའི་མཆེད་པོར་སྙེམས།།
ལུང་རྟོགས་དཔལ་གྱི་འབྱོར་ཚོགས་ཅན།།
མཁས་གྲུབ་མུ་ཏིག་དཀར་པོའི་ཕྲེང་།།
བསྟན་ལ་མྱ་ངན་མེད་པ་ཡི།།
བྱ་བའི་ཁུར་ཆེན་རིམ་པར་ཁྱེར།།
གདུལ་དཀའི་སེམས་ཀྱི་ཐིག་ལེ་ཅན།།
ལམ་རིམ་ལྕགས་ཀྱུའི་གཟེར་རྣོན་གྱིས།།
འཕགས་ཆེན་དགྱེས་པའི་ལམ་པོ་ཆེར།།
བཀྲི་བའི་ངོ་མཚར་ཟིལ་དུ་རྫོགས།།
བདེ་སྟོང་ཟུང་དུ་སྦྱོར་བ་ཡི།།
དགའ་སྟོན་རོལ་བ་དཔའ་བོའི་ཚོགས།།
རིམ་གཉིས་རྣལ་འབྱོར་ཉམས་ལེན་གྱིས།།
ཟུང་འཇུག་བརྙེས་པའི་གྲངས་མ་རིག།
འཇམ་དཔལ་སྙིང་བོའི་བཞེད་པའི་མཐིལ།།
ཆོས་ཀུན་སྟོང་དང་རྟེན་འབྱུང་ལམ།།
མཐའ་བྲལ་དབུ་མ་ཆེན་པོའི་དོན།།
སྨྲ་བའི་སེང་ཆེན་རིམ་པར་བྱོན།།
བསླབ་གསུམ་ནོར་བུས་རྒྱུད་གཏམས་ཤིང་།།
སྡེ་སྣོད་གསུམ་གྱི་རྒྱན་འཆང་བའི།།
ལྔ་ཟུང་རིག་པ་སྨྲ་བའི་བཤེས།།
གཅིག་ལས་གཅིག་ལྷག་བགྲང་མི་ལང་།།
ལུང་རིགས་གསེར་གྱི་མེ་ཏོག་གི།
རལ་བ་བསྐྱོད་པའི་རྡུལ་ཚོགས་ཀྱིས།།
ཕྱོགས་ཀྱི་བློ་གསལ་བྷྲ་མ་རའི།།
གཤོག་རླབས་རང་དབང་མེད་པར་འགོག།
གཡས་སུ་མདོ་སྔགས་འཁོར་ལོས་བསྒྱུར་བའི་རྗེ།།
ངང་རོང་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་ཡི།།
གདན་ས་ཆོས་སྤྱོད་པདྨོ་འཕེལ་བའི་གླིང་།།
འོག་མིན་པྲ་རུ་ཕབ་པའི་མཛའ་བོར་བསྡེབས།།
གཡོན་དུ་གསང་སྒྲོགས་སྐུ་ཕྲེང་རིམ་བྱོན་གྱིས།།
ལེགས་བསྐྱངས་བཤད་སྒྲུབ་འཕེལ་ཞིང་རྒྱས་པའི་གླིང་།།
འཁོར་ལོ་གསུམ་གྱི་ཉི་གཞོན་འབར་བའི་ལྕེས།།
དུས་མཐའི་རྒུད་མུན་ཁམ་དུ་ཟ་བ་ཡོད།།
སྨད་ན་ཀུན་གསལ་གཡུ་ཡི་མེ་ལོང་ནི།།
ཁྲི་གདུགས་འོད་ཟེར་རྩེ་དགས་བཞུས་པའི་རྒྱུན།།
ལྷོ་འབྲུག་དར་མའི་ཟོལ་གྱིས་འཁྱུག་པའི་ཆབ།།
རྨ་ཀླུང་སྔོན་མོ་སྒེག་པའི་ཉམས་ཀྱིས་འགྱུ།།
བར་བར་གསེར་ལྡན་དགའ་མའི་ཐོང་ག་རུ།།
བསྟན་ལ་དད་པའི་འོད་རིས་མ་རྙིང་བ།།
གྲོང་དང་གྲོང་རྡལ་མུ་ཏིག་སྙེ་མའི་འབྲུ།།
དུམ་བུར་ཆགས་པའི་ངོ་མཚར་ཟད་མི་ཤེས།།
ཁོ་ར་ཁོར་ཡུག་འབྲུ་ཞིང་ཐེམ་པ་ལ།།
སློབ་མ་བཟང་པོས་མཁན་པོའི་ཕྱོགས་ལ་བཞིན།།
སྙེ་མ་རབ་མཐོ་དུད་པའི་ལོ་ལེགས་ཀྱིས།།
རྫོགས་ལྡན་བསྐལ་བའི་ཉི་མ་ཡང་དག་དྲན།།
འདུལ་བའི་མངའ་བདག་མཁས་པ་མི་གསུམ་དང་།།
ལྷ་ལུང་དཔལ་རྡོར་ས་སྐྱ་པཎ་ཆེན་སོགས།།
ཞབས་བཅགས་བྱིན་རླབས་དྲོད་དུ་འཁྱིལ་བའི་གནས།།
ལོ་བའི་རྡོ་རྗེ་བྲག་ར་ཤར་ན་ལྷམ།།
ལྷོ་རུ་ལུང་རིགས་རླབས་ཕྲེང་གཡོ་བའི་མཚོ།།
དགེ་འདུན་ངང་མོ་འབུམ་ཕྲག་རྩེན་པའི་ཞིང་།།
ལཱ་མོ་བདེ་ཆེན་ཆོས་འཁོར་དར་རྒྱས་གླིང་།།
དྲི་བཞོན་ལྡན་པའི་གུར་ཀུམ་ཚལ་གྱིས་གཞལ།།
ནུབ་ན་སྲིན་པོ་ཁྲོས་པ་གར་དགུའི་ཉམས།།
རབ་རྫོགས་ས་འཛིན་ཁ་བའི་ཐོར་ཅོག་ཅན།།
གནམ་འདེགས་ལྷུན་པོའི་རང་སྟོབས་མ་བྲི་བ།།
འཇམ་དབྱངས་ནཱ་ག་རཀྵའི་གནས་རི་བརྗིད།།
གནོད་སྦྱིན་ཕྱོགས་སུ་མདོ་སྨད་རྫོང་ཆེན་བཞིའི།།
ཡ་གྱལ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་ལྗོངས།།
ཨ་ཆུང་གནམ་རྫོང་ཕྱུག་མོའི་གནས་རི་མཆོག།
མངོན་དགའི་ཞིང་ཁམས་ས་ལ་འཕོས་པས་མཚོན།།
དེ་ལྟའི་ངོ་མཚར་སྣོད་ཀྱི་བཀོད་པ་ཡིས།།
ཕྱོགས་ཀུན་ཁྱུད་མོས་བསྡམས་པའི་སྙིང་བོ་རུ།།
ཀོའུ་བ་བཤད་སྒྲུབ་དར་ཞིང་རྒྱས་པའི་སྡེ།།
གཅན་རོང་ཡུལ་གྲུའི་ལེགས་ཚོགས་ཞིང་དུ་འཛུམ།།
གཙུག་ལག་ཐང་ལ་བག་ཡངས་སུ།།
རྒྱུ་བའི་རྣམ་དཔྱོད་ཅང་ཤེས་ཀྱི།།
རྨིག་མཐིལ་ལ་བསྒོས་ངག་རིག་གི།།
མེ་ཏོག་བསུང་ཞིམ་ངད་དུ་འཐུལ།།
ཞེས་མདོ་སྨད་སྒྲུབ་པའི་གནས་མཆོག་ཀོའུ་བ་བཤད་སྒྲུབ་དར་རྒྱས་གླིང་ལ་བསྔགས་པའི་རབ་ཏུ་བྱེད་པ་དྲི་ཟའི་འཇིག་རྟེན་འདར་བྱེད་ངག་རིག་གཎྚིའི་དབྱངས་སྙན་ཞེས་བྱ་བ་ལས།ཕྱིའི་སྣོད་ཀྱི་བཀོད་པའི་ཆེ་བ་གཙོ་བོར་བརྗོད་པའི་སྐབས་ཏེ་རབ་ཏུ་བྱེད་པ་དང་པོའོ།།
གང་འདུལ་སྒྱུ་འཕྲུལ་རྡོ་རྗེའི་རོལ་བ་རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཡོངས་ཤར་མཚན་དཔེའི་མཛེས་སྡུག་རྫོགས་པའི་སྐུ།།
ཁམས་གསུམ་མ་རིག་གཉིད་ལས་སློང་བྱེད་སྲིད་དང་ཞི་བའི་ཆོས་ཀྱི་གནས་ལུགས་དྲུག་ཅུའི་དབྱངས་ཀྱིས་འདོམས་པའི་གསུང་།།
འཕོ་མེད་བདེ་ཆེན་ཐབས་ཀྱི་གཞུ་མོ་ཡེ་ཤེས་ཉག་ཕྲན་རྩེ་དགའ་ལ་སྦྱོར་དབྱིངས་རིག་ཟུང་དུ་འཇུག་པའི་ཐུགས།།
ཤེས་རབ་རལ་གྲིའི་འོད་ཚོགས་འབར་བས་ཡུམ་དོན་གླིང་བཞིའི་ཁོར་ཡུག་གསལ་མཛད་འཇམ་མགོན་སྨྲ་བའི་ཉི་མས་སྐྱོངས།།
གཞོ༵ན་ནུ༵་ཉིད་ནས་ཐུགས་གསང་ཟླ་བའི་ཁམས།།
བྱང༵་ཆུབ༵་ཞི་བའི་བདུད་རྩིས་རྣམ་རྒྱགས་པ།།
སྤངས་རྟོགས་འོད་ཟེར་ཕྱོགས་མེད་སྤྲོ་བའི་གཉེན།།
གདུལ་བྱ་རྒྱ་མཚོ་སྐྱོང་བའི་མགོན་དེ་རྒྱལ།།
ཐུབ་དབང་སྙན་བརྒྱུད་གདམས་པའི་བདུད་རྩིའི་བཅུད།།
ལྷག་མེད་འཐུང་བའི་རྩེ་དགའ་དང་འགྲོགས་པས།།
ཚེ་གཅིག་ཉིད་ལ་འཇའ་ལུས་རྡོ་རྗེའི་སྐུ།།
བརྙེས་པའི་གྲགས་དཀར་སྲིད་པའི་རྩེ་མོར་མཆེད།།
གང་གི་ཐུགས་བསྐྱེད་དཔག་བསམ་གྱི།།
ས་བོན་སྟོབས་སུ་རྫོགས་པ་ལས།།
འདི་ན་དགེ་ཚོགས་ཡལ་ག་ཡིས།།
ལེགས་བྱས་མཆོག་གི་ནམ་མཁའ་འགེངས།།
བཀའ་གདམས་མན་ངག་མགྱོགས་འགྲོའི་འཕྲུལ་འཁོར་གྱིས།།
སྟོབས་བཅུ་ནམ་མཁའི་སྲིད་ལ་དབང་བསྒྱུར་བ།།
ཆོ༵ས་ཀྱི༵་སྣང་བྱེད་བླ་ན་མེད་པའི་སྒྲོན།།
ཕྱོགས་ལས་རྣམ་པར་རྒྱལ༵་བའི་མཚ༵ན་མར་འཛུམ།།
དབེན་གསུམ་དཔལ་རིའི་མགུལ་གྱི་སྙིང་བོ་ལ།།
ཕུལ་བྱུང་གནྡྷོ་ལ་དང་རུང་ཁང་སོགས།།
རྒྱ་བསྐྱེད་རྟེན་བཞེངས་ནོར་བུ་སྤུངས་པ་ཡིས།།
དགོན་གསར་རིན་ཆེན་གླིང་གི་སྙན་པ་འཕུར།།
ནང་དུ་མཚན་འཛིན་སྤྲོས་པ་ཀུན་བཀག་ཅིང་།།
ཕྱི་རུ་གང་སྣང་སྒྱུ་མའི་རོལ་བར་ཤར།།
སྐྱེ་མེད་དོན་དམ་ནམ་མཁའི་རྣལ་འབྱོར་ཆེ།།
ཀུན་མཁྱེན་ཆོ༵ས་ཀྱི༵་རྒྱ༵་མཚོ༵་འདིར་ཡང་མཆོད།།
ཀུན༵་བཟང་ཀུན༵་གྱི་རང་བཞིན་གདོད་མའི་དབྱིངས།།
མཉམ༵་བཞག་མཉམ༵་ཉིད་ཡེ་ཤེས་རྩེ་དགའ་ཡིས།།
སྟོང༵་སངས་སྟོང༵་བའི་ངོ་བོར་རྒྱས་འདེབས་པའི།།
རི༵གས་བདག་རི༵གས་ཀུན་སྤྲོ་བསྡུའི་བྱེད་པོར་བསྔགས།།
འཇ༵མ་དབྱང༵ས་བླ་མའི་ལུང་རྟོགས་ཀྱི།།
ཡོན་ཏན་གསེར་གྱི་ཁུ་བའི་རྡུལ།།
དཔ༵ལ་ལྡན༵་བློ་གྲོས་འདབ་མའི་ལྟོར།།
ལེགས་སྨིན་དུས་ཀྱི་པད་མ་དཀར།།
མདོ་རྒྱུད་འཁོར་ལོས་བསྒྱུར་བའི་རྗེ།།
སྔགས་འཆང་ཞལ་གྱི་བུམ་བཟང་ལས།།
ལེགས་འོངས་མགོན་ཆོས་ཨ་མྲྀ་ཏའི།།
རྒྱུན་བཟང་གནས་འདིའི་བཅུད་དུ་བསྐྱིལ།།
བློ༵་བཟ༵ང་རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི།།
བཤད་སྒྲུབ་བསྟན་པའི་རྒྱལ༵་མཚ༵ན་འཛིན་པ་ཡི།།
སྙིང་སྟོབས་ཕུལ་བྱུང་བསླབ་གསུམ་མཛོད་འཛིན་པ།།
ལུགས་གཉིས་འཁོར་ལོས་བསྒྱུར་བའི་བླ་མ་ལྷ།།
འདྲེན་མཆོག་གནམ་སྔོན་གྲགས་པ་དར་རྒྱས་དང་།།
ཕྱི་ཡི་བསགས་ཕུང་ལྡོག་པ་ཐ་དད་ཀྱང་།།
ནང་གི་གསང་བ་གཅིག་ཏུ་བཟླུམས་པའི་གར།།
སྒྱུ་འཕྲུལ་རྡོ་རྗེའི་རོལ་བ་བསམ་མི་ཁྱབ།།
འཇ༵མ་དཔལ་དབྱ༵ངས་དངོས་དགྱེས་པའི་བྱིན་རླབས་ཀྱི།།
མཐུ་ནུས་སྙིང་གི་ཟུངས་སུ་སྨིན་པ་ལས།།
རྒྱལ་བ་གཉིས་པའི་ཆོས་ཚུལ་བསྟ༵ན་པའི་གདུགས།།
དུས་མཐར་འཛི༵ན་པའི་སྨོན་ལམ་སྟོབས་སུ་དར།།
ངུར་སྨྲིག་ཐུན་མཚམས་སྤྲིན་གྱི་སྙིང་བོ་ལ།།
བདེ་གཤེགས་མཁྱེན་བརྩེ་ཉི་མའི་འཛུམ་ཁུགས་པ།།
སྔགས་འཆང་འཇམ་དབྱངས་བླ་མ་ཡབ་སྲས་ཀྱི།།
འཕྲིན་ལས་ཤིང་རྟ་ཕྱོགས་འདིར་ཡང་ཡང་བསྒྱུར།།
བློ༵་གྲོས་བཟ༵ང་པོའི་དཀྱིལ་འཁོར་ཀུན་ནས་རྫོགས།།
ཐེག་གསུམ་ཆོ༵ས་ཚུལ་མཁའ་ལ་རང་དབང་སྤྱོད།།
ལུང་རིགས་འོད་དཀར་དྲ་བ་འགྱེད་པའི་གཉེན།།
དཔལ་ལྡན༵་སྨྲ་བའི་ཟླ་བ་འདི་ན་རྒྱུ།།
ཀློག་སྤོང་གོར་མའི་མལ་སྟན་ནི།།
ཆོས་སྤྱོད་ཞབས་ཀྱིས་མནན་དང་ལྷན།།
བསྡུ་བཞིའི་ཟུར་མིག་ལྕགས་ཀྱུ་ཡིས།།
ཀུན་ཡིད་གཤོག་དྲུག་དབང་མེད་དྲངས།།
དགེ༵་ལ་འདུན༵་ལྡན་ཐེག་མཆོག་དགེ་བའི་བཤེས།།
སྡོམ་གསུམ་ནོར་བུའི་བང་རིམ་རབ་བརྟན་ཅིང་།།
ཐབས་ཤེས་ཉི་ཟླའི་རྣ་ལུང་འཆང་བའི་མགོན།།
དོན་གཉིས་ལྷུན༵་པོ༵འི་དབུ་འཕང་བླ་ན་མཐོ།།
རིགས་བདག་ཆོས་ཀྱི་རྡོ་རྗེ་འཆང་།།
ཁུ་ཆེན་ཟླ་བ་གྲགས་པའི་ཞབས།།
སྤྱན་འདྲེན་ག་བུར་ཆུ་བོ་མས།།
ལུགས་གཉིས་རོལ་མཚོ་གཡས་སུ་བསྐྱིལ།།
བློ༵་ཆེན་ཀུན་བཟ༵ང་རྒྱལ་བའི་བསྟ༵ན།།
འཛི༵ན་པའི་སྨོན་ལམ་མཐུ་གྲུབ་པ།།
ཆོས་ཀྱི་ཉི༵་མ༵་སྐྱེ་དགུའི་གཉེན།།
ཐར་ལམ་སྟོན་པའི་དཔྱིད་དུ་འཛུམ།།
ང༵ག་གི་དབ༵ང་ཕྱུག་བློ༵་བཟ༵ང་བསྟན༵་པའི་བདག།
མདོ་སྨད་ལྷོ་བྱང་འཛི༵ན་མ་མཛེས་པའི་རྒྱན།།
བསླབ་གསུམ་སྒྲུབ་པའི་རྒྱལ་མཚན་འཛིན་པའི་གཙོ།།
ལེགས་ཚོགས་འབུམ་སྡེའི་སྙིང་བོར་གར་གྱིས་བྱོན།།
དགེ༵་ལེགས་འདུན༵་མའི་དཀྱིལ་འཁོར་རྫོགས་པའི་བཞིན།།
ལུང་རྟོགས་བསྟ༵ན་པའི་འོད་བརྒྱས་མཛེས་པ༵་ཅན།།
དྲེགས་ལྡན་བདེ་འབྱུང་གཙུག་ལ་ངལ་གསོ་བ།།
འཕྲིན་ལས་དར༵་ཞིང་རྒྱས༵་པའི་མགོན་དེ་བསྔགས།།
བཙན་བརྗིད་བཀའ་ཡི་རྐང་སྟབས་ཀྱིས།།
ཆེ་རྒུའི་ཅོད་པན་འདར་བྱས་ཤིང་།།
མཁས་མཛངས་རླབས་ཀྱི་རོལ་བ་ཡིས།།
ས་ལ་གཟི་བྱིན་རི་མོ་བྲིས།།
བློ༵་བཟ༵ང་ཐུབ་བསྟན་ཡིད་བཞིན་ནོར།།
བ༵ཤད་སྒྲུབ༵་རྒྱལ་མཚན་རྩེར་མཆོད་ནས།།
ལེགས་མཛད་ཟླ་བའི་རྔ་ཡབ་ཀྱིས།།
ཐུབ་བསྟན་རྒྱ༵་མཚོ༵་སྤེལ་དེ་བསྔགས།།
སྙིགས་མའི་ནུབ་རིར་སྟེགས་འཆའ་བའི།།
རྒྱལ་བསྟན་དུས་ཀྱི་ཉིན་མོར་བྱེད།།
འཆད་ཉན་དོན་ཡོད་ཞགས་པ་ཡིས།།
རྫོགས་ལྡན་ཤར་རིའི་རྩེ་ལ་བཏགས།།
རིགས་འཕྲུལ་པདྨའི་འདབ་མ་ཕྱོགས་ཀྱི་མཐར།།
བྲེས་པའི་རྒྱན་ཕྲེང་འཕྱོར་བ་བསྡུས་གྲྭའི་གཞུང་།།
འོ་མའི་མཚོ་ལ་བརྒལ་བརྟག་མགྲིན་པ་ཡི།།
རྫ་རྔ་འཁྲོལ་མཁས་ངང་བའི་སྡེ་དཔོན་མང་།།
སྡེ་བདུན་ཚད་མའི་དབྱར་རྔ་ནི།།
ཚུལ་གསུམ་གློག་གི་རྩེ་དགའ་ཅན།།
གསང་མཐོར་བསྒྲགས་པས་ནོར་འཛིན་ཁྱོན།།
ཆོས་ཀྱི་སྣོད་དུ་ཅི་ཡང་བསྒྲུབས།།
རྣམ་དཔྱོད་གཞུ་རྒྱལ་བཀུག་པ་ལས།།
ལུང་རིགས་ཉག་ཕྲན་རྣོ་བའི་རྒྱུན།།
ལོག་རྟོག་གཡུལ་ངོར་སྤྲོ་བའི་ཟིལ།།
ཆོས་ཀྱི་སེངྒེས་འོལ་མི་དབྱི།།
གང་ཞིག་དངོས་བསྟན་སྟོང་ཉིད་དང་།།
སྦས་དོན་མངོན་པར་རྟོགས་པ་ཡི།།
གཟུགས་འཆར་གསུང་གི་མེ་ལོང་ནི།།
བློ་གྲོས་གཞོན་ནུའི་རྒྱན་དུ་འཛིན།།
སྦྱོར་བརྩོན་ཁྱུང་གི་སྔོན་སྐྱེས་མས།།
གསེར་རྣམ་རྟོགས་གསུམ་ནམ་མཁའི་ནོར།།
མཁྱེན་པའི་མཁའ་ལ་བསུས་པ་ཡི།།
འཕགས་སེང་གཉིས་པ་གཞལ་ཡོད་མིན།།
བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་བོའི་བཅུད།།
དངོས་བརྒྱད་བདུན་ཅུའི་དོན་ཟབ་རྒྱ་མཚོའི་འཇིངས།།
གུས་རྟག་བརྩོན་པའི་གྲུ་གཟིངས་ཀྱིས་བརྒལ་ཏེ།།
སྐུ་བཞིའི་རི་གླིང་བདག་གིར་བཟུང་བ་མང་།།
ཀླུ་སྒྲུབ་གཞུང་ལུགས་འོ་མཚོ་བསྲུབས་ལས་སྐྱེས།།
མཐའ་བྲལ་ཟབ་མོ་དབུ་མའི་ཟླ་ཤེལ་དབང་།།
མཁྱེན་དཔྱོད་རལ་བའི་གདེངས་ཀར་ལེགས་བཅིངས་ནས།།
ལྟ་ངན་མུན་པ་སེལ་བའི་རོལ་རྩེད་རྫོགས།།
རིགས་ཚུལ་རྩེ་མོ་བརྒྱ་བ་ཡིས།།
མཐར་འཛིན་དམིགས་གཏད་རི་བོའི་རྐང་།།
ལྷག་མེད་དབྱིངས་སུ་རྒྱས་འདེབས་པའི།།
སྨྲ་དབང་ས་ཡི་རྡུལ་ལ་འཕྱ།།
འཇམ་དཔལ་སྙིང་བོའི་བཞེད་པའི་མཐིལ།།
ཆོས་ཀུན་སྟོང་དང་རྟེན་འབྱུང་ལམ།།
མཐའ་བྲལ་དབུ་མ་ཆེན་པོའི་ས།།
ཟིན་པའི་སྐལ་ལྡན་ཉི་ཟེར་རྡུལ།།
གཞི་ལྔ་རང་སྤྱིའི་ལང་ཚོ་དར་བབས་པའི།།
ཆོས་མངོན་རྒྱ་མཚོའི་སྙིང་བོ་སི་ཏཱ་མོ།།
དཀའ་གནད་འབོད་སྒྲོགས་བཙོན་ལས་རྣམ་དཔྱོད་ཀྱི།།
སོར་རྩེར་བཞེས་པའི་བློ་ལྡན་གྲལ་དུ་བསྟར།།
ཐུབ་དབང་གངས་རིའི་སུལ་ནས་ལྷུང་བའི་ཆབ།།
སྡེ་བཞིའི་རླབས་ཕྲེང་འཕྱོ་བ་གངྒཱའི་ཀླུང་།།
བརྗོད་དོན་ཕྱོགས་སུ་བསྡུས་པ་འདུལ་བའི་མཚོ།།
བསམ་སྦྱོར་ཁོང་བར་འཐུང་བའི་དྲང་སྲོང་མང་།།
ལྔ་རིག་ཉི་ཟླའི་སེ་མོ་དོ།།
འཇིག་རྟེན་མུན་པ་འཕྲོག་པའི་རྒྱན།།
འཛིན་མཁས་སྔོན་མེད་བསྟན་འཛིན་གྱི།།
གསེར་རིའི་མཇིང་པ་བསྣོལ་མར་བསྡེབས།།
དབང་ཕྱུག་བརྒྱད་ལྡན་ཆོས་ཀྱི་རྒྱལ།།
བཀའ་ལུང་ཁོར་ཡུག་ལ་འགྲོ་བ།།
རང་གི་ཁྲི་ལ་བརྒྱ་བྱིན་ལས།།
རྣམ་པར་བསྒྱིངས་པའི་གཟི་བྱིན་སྙེམས།།
རིང་བསྲེལ་སྲོག་གིས་ཡོངས་འཁྱུད་པའི།།
རྟེན་གསུམ་ཚོམ་བུར་སྤུངས་པའི་གནས།།
དཀོན་མཆོག་ཕོ་བྲང་ཉམས་དགའ་བར།།
བྱིན་རླབས་ཉི་མའི་སྣང་བ་འཁྱིལ།།
སྡོམ་བརྩོན་ཛ་ཏིའི་མེ་ཏོག་གི།།
ཕོན་པོ་བརྡལ་བའི་མཁུར་ཚོས་ཀྱིས།།
འབྱུང་བོ་འཛིན་མའི་ཕང་བ་ལ།།
ལི་ཁྲིའི་ཆུ་གཏེར་འཁྱིལ་བར་ལྟ།།
བདེ་སྟོང་ཟུང་དུ་སྦྱོར་བ་ཡི།།
དགའ་སྟོན་རོལ་བ་དཔའ་བོའི་ཚོགས།།
རིམ་གཉིས་རྣལ་འབྱོར་ཉམས་ལེན་གྱིས།།
ཟུང་འཇུག་བརྙེས་པའི་གྲངས་མ་རིག།
ཀུན་རྟོག་སྤྲོས་པའི་ཆུ་འཛིན་ཉེར་ཞིའི་དབྱིངས།།
སྟོང་ཆེན་ཡེ་ཤེས་ཉི་མ་འབར་བའི་བྱིན།།
ཟུང་དུ་འཇུག་པ་སྒྱུ་འཕྲུལ་དྲ་བ་ཆེ།།
ཆོས་རྗེ་དོན་གྲུབ་རིན་ཆེན་གནས་འདིར་བྱོན།།
སྙིགས་དུས་ཐུབ་དབང་ཞལ་སྐྱིན་ཟླ་མེད་པ།།
གཡེར་གཤོང་སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱི།།
ཞབས་སྐྱེས་རྩིབས་སྟོང་བཀྲ་བའི་འཁོར་ལོ་ནི།།
ཆོས་སྡེ་པདྨའི་ཚལ་འདིར་རིང་ནས་བཀོད།།
སྐྱེ་རྒུའི་མེ་ཏོག་དུད་པའི་ར་བ་ལ།།
ཐེག་གསུམ་ཆོས་ཚུལ་ག་བུར་ཞུན་མའི་ཆར།།
ཅི་དགར་བྱོ་བ་སྨྲ་བའི་ཟླ་བ་མཆོག།
མཁན་ཆེན་དགེ་འདུན་རྒྱ་མཚོ་གནས་འདིར་བྱོན།།
ཐུབ་དབང་ཞལ་གྱི་ཆུ་སྐྱེས་གཞོན་ནུའི་འདབ།།
རྒོད་པ་ལས་འོངས་མདོ་སྔགས་སྦྲང་རྩིའི་ཆབ།།
འཐུང་པས་ཉམས་རྟོགས་ཡོན་ཏན་སྟོབས་རྫོགས་པ།།
རྒྱལ་མཁན་བློ་བཟང་ཉི་མ་འདི་རུ་ཕེབས།།
ཀུན་རྨོངས་མུན་པའི་སྙེ་མ་འབྲེག་པ་ལ།།
ཞལ་དབུགས་ཟླ་རྒྱས་འཁོར་ལོ་འབུམ་ཕྲག་ལས།།
ཆེས་ཆེར་རྣོ་བ་དུས་ཀྱི་སྨྲ་བའི་དབང་།།
རབ་འབྱམས་བློ་གསལ་རྒྱ་མཚོ་འདི་རུ་ཕེབས།།
རྣམ་དཔྱོད་ཆུ་བུར་འཛིན་པའི་སྤྲིན་སྔོན་ལས།།
དགག་སྒྲུབ་གནམ་ལྕགས་བྱེ་བ་འབེབས་མཛད་པ།།
སྨྲ་བའི་དབང་ཕྱུག་མཚུངས་པ་མེད་པའི་སྡེ།།
ཆུ་ཆ་རབ་འབྱམས་བཀྲ་ཤིས་འདི་རུ་ཕེབས།།
འགྱུར་མེད་བདེ་ཆེན་ལྷ་ཡི་ལམ་ཡངས་ནས།།
གང་འདུལ་སྤྲུལ་བའི་ཆུ་འཛིན་ཟློས་གར་ཅན།།
མི་ཟད་ཕན་བདེ་གྲུ་ཆར་འཇོ་བའི་གཉེན།།
བྱང་རྩེ་བླ་ཟུར་དགེ་ལེགས་འདི་རུ་ཕེབས།།
ཕྱོགས་ཀུན་ལ་ནི་རྣ་བར་མུ་ཏིག་གིས།།
མཛེས་པ་ཇི་བཞིན་གྲགས་པའི་དཔལ་འབར་བ།།
ཟུང་འཇུག་རྩེ་དགས་མྱོས་པ་རིགས་བརྒྱའི་བདག།
སྐྱིད་ཤོད་སྡེ་བ་ཆོས་རྗེ་འདི་རུ་ཕེབས།།
སྤྱོད་པ་ཕྱི་ནང་གསང་བ་པདྨའི་སྦུབས།།
སྒོམ་པ་གསལ་འགྲིབ་མེད་པ་ཉི་མའི་འོད།།
ལྟ་བ་ཐོགས་རྡུགས་བྲལ་བ་ནམ་མཁའི་ཁྱོན།།
སྨྲ་དབང་སྒོ་མང་བླ་མ་འདི་རུ་ཕེབས།།
གཞོམ་མེད་དོན་དམ་བདེ་བ་ཆེན་པོའི་དབྱིངས།།
བརྙེས་པས་མི་ཤིགས་རྡོ་རྗེའི་ལང་ཚོ་ལ།།
དབང་འབྱོར་འཆི་མེད་གྲུབ་པའི་དཀྱིལ་འཁོར་གཙོ།།
ཨ་རོལ་རྡོ་རྗེ་འཆང་ཆེན་འདི་རུ་ཕེབས།།
གངས་ཅན་མཁས་མང་རལ་བའི་མེ་ཏོག་གིས།།
ཞབས་སེན་མཆོད་པ་ལུང་རིགས་སྨྲ་བའི་དབང་།།
དགེ༵་ལེགས་གཏན་འདུ༵ན་ཟླ༵་ཤེལ་དར་བའི་ཁམས།།
གྲ༵གས་པའི་ཟེར་གྱིས་མཛེས་གང་གནས་འདིར་བྱོན།།
སྣང་སྟོང་སྒྱུ་མའི་མཉམ་བཞག་འོད་གསལ་རླུང་།།
མཛེས་སྡུག་མཚན་དཔེའི་གོང་བུར་སྨིན་པའི་དཔལ།།
བློ༵་བཟ༵ང་ཐུབ༵་བསྟ༵ན་རྨུགས་འཛིན་བང་བའི་མཛོད།།
རྒྱ༵་མཚོ༵འི་ཕ་མཐར་སྤེལ་དེ་འདི་རུ་བྱོན།།
འོད་གསལ་སྒྱུ་ལུས་ཟུང་དུ་འཇུག་པའི་ལམ།།
མངོན་གྱུར་ཚོགས་དྲུག་རང་སར་གྲོལ་བའི་རྗེ།།
རིས་མེད་མཁས་རྒུའི་གཙུག་ལ་ངལ་གསོ་བ།།
བྱ་བཏང་བྱམས་པ་ཆོས་དར་གནས་འདིར་བྱོན།།
ཐུབ་བསྟན་ལུང་རྟོགས་འཇའ་རིས་འཁྱིལ་བའི་གདུགས།།
འགྲོ་ལ་ཕན་བདེ་བསིལ་བའི་ཁོར་ཡུག་ཅན།།
དུས་མཐར་འདེགས་པའི་སྨོན་ལམ་མཐུ་གྲུབ་པ།།
ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་སྡེ་འདིར་བྱོན།།
ངེས་པ་ལྔ་ལྡན་ཆོས་ཀྱི་ཞིང་ཁམས་སུ།།
ཟུང་འཇུག་དག་པའི་སྐུར་བཞེངས་རྡོ་རྗེ་འཆང་།།
དུས་མཐར་ངུར་སྨྲིག་འཛིན་པའི་ཟོལ་བཟུང་བ།།
བློ་བཟང་བསྟན་འཛིན་རྒྱ་མཚོ་འདི་རུ་ཕེབས།།
རྒྱལ་ཀུན་མཁྱེན་རབ་ཉི་མ་བྱེ་བའི་མདངས།།
དཔལ་ལྡན་སྒྱུ་འཕྲུལ་དྲ་བར་སྨིན་པའི་གར།།
བདེ་སྟོང་ཟུང་འཇུག་ཀློང་ལ་ཉེར་རྩེན་པའི།།
ཞྭ་དམར་རྡོ་རྗེ་འཆང་ཆེན་གནས་འདིར་བྱོན།།
ཤེ༵ས་བྱའི་གནས་ལུགས་ཕྱོགས་ཀྱི་འཁོར་ལོའི་ཁྱོན།།
ར༵བ་གསལ་རྣམ་དཔྱོད་ཉི་ཟླས་མངོན་གཞལ་བ།།
རྒྱ༵་བོད་མཁས་མང་རྒྱུ་སྐར་བྱེ་བའི་ཏོག།
མཚོ༵་བྱུང་དགྱེས་པའི་བློ་ལྡན་གནས་འདིར་བྱོན།།
གདུལ་བྱའི་ཁམས་ལ་ཟབ་རྒྱས་ཆོས་ཀྱི་ལོངས།།
ཅི་དགར་བྱོ་བ་གསེར་ཏོག་སྤྲུལ་བའི་སྐུའི།།
ཡོངས་འཛིན་དམ་པའི་ཁྲི་ལ་དབང་བསྒྱུར་བ།།
བྱང་ཆུབ་བསམ་འགྲུབ་རྒྱ་མཚོ་གནས་འདིར་བྱོན།།
རྒྱལ་ཀུན་གསང་གསུམ་རྒྱན་གྱི་འཁོར་ལོའི་མཛོད།།
ཡོངས་འཁྱིལ་ཨེ་ཝཾ་ཟུང་འཇུག་ལང་ཚོའི་གར།།
རབ་འབྱམས་བརྟན་གཡོ་སྤྲོ་ཞིང་སྡུད་པའི་གཞི།།
ཁྱབ་བདག་འཇིགས་མེད་རྒྱ་མཚོ་འདི་རུ་བྱོན།།
ང༵ག་གི་དབ༵ང་ཕྱུག་བློ་བཟང་ཐུབ་པ་ཡི།།
མདོ་སྔགས་ཟུང་འབྲེལ་ཆོས་ཀྱི་རྒྱལ་ཐབས་ལ།།
མཁ༵ས་གྲུབ༵་སྟོབས་ཀྱི་འཁོར་ལོས་དབང་བསྒྱུར་བའི།།
ལུས་ཅན་རྒྱ༵་མཚོ༵འི་སྐྱབས་གཅིག་འདི་རུ་བྱོན།།
རབ་འབྱམས་བརྟན་གཡོ་དག་པའི་འཁོར་ལོར་གཟིགས།།
གཉིས་སྣང་སྤྲོས་པའི་ཀུན་རྟོག་དབྱིངས་སུ་ནུབ།།
ཉམས་རྟོགས་ཡོན་ཏན་རིན་ཆེན་བྱེ་བའི་གཏེར།།
འཇམ་དབྱངས་དགེ་འདུན་རྒྱ་མཚོ་འདི་རུ་བྱོན།།
སྲིད་ཞིའི་ལྷ་འདྲེའི་དབུ་སྐྱེས་མེ་ཏོག་རྩེར།།
ཞབས་སེན་བུང་བའི་རྩེ་དགའ་རྒོད་པ་ཅན།།
བདེ་སྟོང་སྦྲང་རྩིའི་ལོངས་ལ་རྣམ་རྩེན་པ།།
མདོ་བ་ཀུན་བཟང་བློ་གྲོས་འདི་རུ་བྱོན།།
གངས་རིའི་ཁྲོད་ཀྱི་བློ༵་བཟ༵ང་ཤིང་རྟའི་སྲོལ།།
འཛིན་པའི་སྙིང་སྟོབས་ཟླ་བོས་མ་བཟུང་བ།།
རྒྱལ་གསུང་ཟད་མི་ཤེས་པའི་བདུད་རྩིའི་ཆར།།
འབེབས་མཁས་བཤ༵ད་སྒྲུབ༵་རྒྱ༵་མཚོ༵་གནས་འདིར་བྱོན།།
ཡེ༵་ཤེས༵་འོད་ཀྱི་སྐྲ་ཅན་ཐུར་མ་བརྒྱས།།
མདོ་སྔགས་རྒྱ༵་མཚོ༵འི་དཀའ་གནད་པདྨོའི་སྦུབས།།
འདོད་དགུར་ཕྱེས་ནས་ལེགས་བཤད་སྦྲང་རྩིའི་ཟས།།
འཇོ་མཁས་ལྔ་རིག་དབང་པོ་གནས་འདིར་བྱོན།།
རིག་པའི་འོད་ལྡན་འཇ༵མ་དབྱང༵ས་སྨྲ་བའི་ཟླ།།
མི་ཤིགས་ཐུགས་གསང་རལ་བའི་ཅོད་པན་དུ།།
བཟུང་བས་བྱིན་ཟེར་རྒྱ༵་མཚོ༵འི་གོས་ཅན་མར།།
ཁྱབ་པར་སྤྲོ་བའི་བཤེས་གཉེན་གནས་འདིར་བྱོན།།
༈ཚུལ་གནས་དུལ་བའི་དཔལ་གྱིས་རྣམ་སྒེག་མཚན་དཔེའི་འཛུམ་པ་གྲོལ་བའི་སྐུ༵།།
ཡན་ལག་དྲུག་ཅུའི་འགྱུར་ཁུགས་ཡོངས་རྫོགས་དབྱངས་ཅན་མགྲིན་པར་རོལ་བའི་གསུང༵་།།
བློ༵་ཆེན་ཀུན་བཟ༵ང་འོད་ཀྱི་འཁོར་ལོས་ཐུབ༵་བསྟ༵ན་བྱ་ལམ་འཇལ་བའི་ཐུག༵ས།།
མཁས་མཛངས་དབ༵ང་ཕྱུག༵་སྟོབས་ཀྱིས་མངོན་རོལ་མཆོག་སྤྲུལ་དུང་གི་ཟླ་བར་བསྔགས།།
རྒྱལ་བ་ཀུན་གྱི་མཁྱེན་པའི་རང་གཟུགས་སྒྱུ་འཕྲུལ་དྲ་བར་བཟླུམས་པའི་དཔྱིད།།
ཤེས་རབ་རལ་གྲི་གནམ་དུ་གདེངས་པས་མ་རིག་དྲ་བ་གཅོད་པའི་གཉེན།།
ཤེར་ཕྱིན་གླེགས་བམ་སྙིང་གར་རྩེན་པས་ཆོས་ཀྱི་རྒྱལ་པོར་མངོན་བཞེངས་པ།།
འཇམ་དཔལ་ཡེ་ཤེས་སེམས་དཔའི་རྣམ་སྤྲུལ་མི་ཡི་གར་དུ་རོལ་བ་ཉིད།།
འཇིགས་བྲལ་སྙིང་སྟོབས་ནོར་བུའི་གཏེར་ཆེན་ཐབས་ཤེས་ཟབ་མོའི་བདུད་རྩི་འཁྱིལ།།
ལོག་སྨྲ་བྱིས་པའི་ཚོགས་རྣམས་སྐྲག་བྱེད་བདེན་གསུང་རླབས་རིས་གནམ་དུ་རྐྱོང་།།
ཕྱིན་དྲུག་བསྡུ་བཞིའི་ཆུ་སྐྱེས་ཕྲེང་པ་བློ་གསལ་ངང་མོའི་གསོས་སུ་བཞད།།
སྐལ་བཟང་གདེངས་ཅན་བྱེ་བའི་འཇུག་ངོགས་བསྟན་པའི་མཚོ་ཆེན་གང་དེ་རྒྱལ།།
འཆད་པ་ལེགས་འདོམས་ལྷ་ཡི་རྔ་སྒྲས་བློ༵་ལྡན་རྨོངས་པའི་གཉིད་ལས་དཀྲོགས།།
རྩོད་པ་སེང་ཆེན་མཆེ་སྡེར་བཟ༵ང་པོས་ལོག་སྨྲ་གླང་བོའི་ཀླད་པ་འགེམས།།
རྩོམ་པ་མཚོ་བྱུང་པི་ཝང་ཞགས་པས་སྐལ་ལྡན་སྙིང་གི་རི་དྭགས་འཛིན།།
ཐུབ༵་བསྟ༵ན་གངས་ཀྱི་རྒྱལ་ཐབས་སྐྱོང་མཁས་དབ༵ང་ཕྱུག༵་བརྒྱད་ལྡན་བླ་མར་འདུད།།
སྙན་བརྒྱུད་ཆུ་བོའི་རྒྱུན་བཟང་མ་ཉམས་མང་ཐོས་ནོར་བུའི་མཛོད་དུ་གཏམས།།
ཉམས་རྟོགས་རླབས་ཀྱི་འཁྲི་ཤིང་གཡོ་བས་རིམ་གཉིས་མཁའ་ལ་རྩེ་དགའ་བགྱིད།།
ནོ་མོན་ཧན་གྱི་མཚན་སྙན་ཅོད་པན་སྐྱེས་རབས་ཕྲེང་བའི་གཙུག་ན་སྒེག།
ལྔ་བདོ་སྙིགས་མའི་བླ་སྤྲུལ་དབུས་ན་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་བཞིན།།
བློ༵་བཟ༵ང་རྒྱལ་བའི་རིང་ལུགས་འཛིན་ཡང་ལྟ་བ་ཕྱོགས་བྲལ་ངང་ལ་འབྱམས།།
ཐུབ༵་བསྟ༵ན་ཆོས་ཚུལ་མ་ལུས་རྟོགས་ཀྱང་འཆད་ཉན་ཚེ་ཡི་མཐའ་རུ་སྲིང་།།
དབ༵ང་དང་ལུང་གིས་རབ་ཏུ་ཕྱུག༵་ཀྱང་ཐོས་འཚོལ་སྒྲུབ་པ་ལྷུ་རུ་ལེན།།
མཆོག་གསུམ་སྤྱི་བོའི་གཙུག་ཏུ་སྟེན་བཞིན་དགེ་སྦྱོར་ཆུ་བོའི་རྒྱུན་ལ་བསྡེབས།།
ས་བཅུ་ལམ་ལྔའི་གོ་འཕང་བརྙེས་ཀྱང་སོ་སྐྱེས་ཕལ་བའི་བརྟུལ་ཞུགས་འཛིན།།
བྱང་ཆེན་མཚན་མ་གཟུགས་སུ་སྨིན་ཞིང་གཞན་ཕན་འབའ་ཞིག་དོན་དུ་གཉེར།།
བརྟན་མཁས་ཡོན་གནས་དམ་པར་གྱུར་བཞིན་འགྲོ་ལ་འདི་ཕྱིའི་ལམ་སྣ་སྟོན།།
ཐུབ་པའི་སྲས་པོ་ཡུལ་འདིར་བྱོན་པ་བསོད་ནམས་མཆོག་གི་སྐལ་བར་ལྡན།།
ཆོས་སྲིད་ལུགས་གཉིས་མཐུན་ལམ་སྦྲེལ་བའི་མི་འགྱུར་གསེར་གྱི་བཀའ་ལུང་བརྗིད།།
དགོན་སྡེ་བསྐྱར་བཞེངས་བྱ་བའི་ཁུར་ཆེན་ཐུགས་བསྐྱེད་ཕྲག་པའི་རྒྱན་དུ་བླངས།།
མི་ཕམ་སྙིང་སྟོབས་དགུ་འགྱུར་ཕྱག་རྒྱས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བཞེངས།།
ཐབས་མཁས་ཐུགས་རྗེ་སྟོབས་ཀྱི་དཔུང་བས་དོན་གཉིས་ས་ཆེན་དགུང་ལ་འདེགས།།
གཟུགས་སྐུའི་ལང་ཚོ་རྣམ་པར་བཞད་པ་གསེར་སྦྱངས་རྡུལ་བརྩེགས་ལྷུན་པོའི་ཟླ།།
གསུང་དབྱངས་སྙན་བརྗིད་གནད་ལ་འཁེལ་བས་གཟུར་གནས་སྙིང་གི་བརྟན་པ་འཕྲོག།
ཐབས་ཤེས་འོ་མཚོ་འཕྱུར་བའི་རླབས་ཀྱིས་ཡངས་པའི་ས་ལ་རི་མོ་འབྲི།།
སྐྱབས་མཆོག་མཁས་དང་གྲུབ་པའི་དབང་ཕྱུག་གདུལ་བྱ་རྒྱ་མཚོའི་དེད་དཔོན་ཉིད།།
འདོད་ཡོན་སྒྱུ་མའི་རླབས་ཀྱིས་རྡེག་ཀྱང་རང་ཚུགས་ལྷུན་པོ་གཡོ་བ་མེད།།
ལོངས་སྤྱོད་ནམ་མཁའ་མཛོད་ཀྱིས་བསླུས་ཀྱང་སྲེད་པའི་མགོ་བོ་དགྱེ་མ་མྱོང་།།
མི་སྙན་ཚིག་རྩུབ་ཆར་པས་བརྫིས་ཀྱང་ཁྲོས་འཁྲུགས་རང་མདངས་འགྱུར་བ་མིན།།
ཆོས་བརྒྱད་བདུད་མོ་ཞབས་ཀྱིས་མནན་པའི་ཐར་བའི་ས་མཁན་བླ་ན་མེད།།
དཔལ་འབྱོར་ཟླ་བའི་མྱུ་གུ་ཕྲ་ཡང་དད་པའི་འོད་དཀར་ཆེས་གསལ་བའི།།
གདུལ་བྱའི་བསོད་ནམས་སྙིམ་པ་ལས་འོངས་འབྲེལ་ཐོགས་ཁབ་དང་སྐུད་པ་ཡན།།
དོན་མེད་ཆུད་ཟོས་མིང་ཙམ་མེད་པར་མཆོག་གསུམ་ཞིང་ལ་བསྔོ་བ་ལས།།
རང་སྒར་གཟིམ་ཆུང་ཞིག་རལ་གྱུར་ཡང་བཏང་སྙོམས་འཇོག་པའི་རྣམ་ཐར་རྨད།།
བི་ཤྭ་ཀརྨའི་ཕྱག་སོར་འཁོར་ལོ་འཕྲུལ་གྱིས་བསྐྱོད་པ་ལས་འོངས་པའི།།
རྣམ་པར་རྒྱལ་བའི་ཁང་བཟང་ལ་ཡང་སྐྱེངས་པ་སྟེར་བའི་དཔལ་རྫོགས་པ།།
མཉན་ཡོད་ཆོས་ཀྱི་ཕོ་བྲང་ལས་ལྷག་དཔེ་མང་རིན་ཆེན་སྤུངས་པའི་གནས།།
གསུང༵་ར༵བ་ལྷ༵་ཁ༵ང་རྟེན་དུ་བཞེངས་པའི་ལེགས་མཛད་ནམ་མཁའི་མཐའ་ལ་མཉམ།།
ཀུན་རྫོབ་སྤྲུལ་བའི་རྣམ་པར་བྱོན་པ་འཇམ་དབྱངས་མི་ཡི་ཟློས་གར་དངོས།།
བརྩེ་ཆེན་མཚན་དཔེའི་འཁོར་ལོར་རོལ་བས་སྙིང་རྗེའི་ལྷ་དང་ཐ་མི་དད།།
ལོག་འདྲེན་བདུད་དཔུང་ཕྱེ་མར་རློག་ལ་མཐུ་སྟོབས་བདག་པོའི་ངོ་བོ་ཉིད།།
རིགས་གསུམ་མཁྱེན་བརྩེ་ནུས་པ་གཅིག་བསྡུས་བྱིན་རླབས་གཏེར་གྱི་བང་བ་འཛིན།།
རབ་བྱུང་ཁྲིམས་ལྡན་བུང་བའི་ཚོགས་རྣམས་ལེགས་བཤད་བདུད་རྩིས་སྐྱོང་བས་མཁ༵ས།།
འཁོར་ཁྱིམ་འདམ་གྱི་རྫིང་བུར་གནས་ཀྱང་སྐྱོན་གྱི་དྲི་མས་མ་གོས་བཙུན༵།།
གསང་བ་གསུམ་གྱི་མཛད་པའི་དྲི་བཟང་བསྟན་འགྲོའི་མཁའ་ལ་བསྐྱོད་པས་བཟ༵ང་།།
རྒྱལ་སྲས་པད་མ་དཀར་པོའི་འཁྲི་ཤིང་སྙིགས་མའི་ཆུ་གཏེར་ཀློང་ན་མཛེས།།
དང་པོར་རྒྱ་ཆེན་ཐོས་པ་འཚོལ་བའི་དམ་བཅའ་སྙིང་ལ་རི་མོར་བརྐོས།།
བར་དུ་མདོ་སྔགས་གཞུང་ལུགས་མ་ལུས་ཡང་དག་གདམས་པའི་མཐིལ་དུ་ཁྱེར།།
མཐའ་མར་ཉིན་མཚན་ཁོར་མོ་ཡུག་ཏུ་ཉམས་བཞེས་ཐུགས་དམ་སྙིང་བོར་བསྣམས།།
ཆོས་སྤྱོད་འཁོར་ལོ་གསུམ་གྱི་ཆོ་གས་བསྟན་དང་འགྲོ་བའི་སྲོག་རྩ་མཐུད།།
ཆོས་སྡེ་མཆོག་འདིའི་འཕྲལ་དང་ཡུན་གྱི་ལུགས་གཉིས་བྱ་གཞག་མ་ལུས་པ།།
ཁུར་དུ་བསྣམས་པའི་ཐུགས་བསྐྱེད་དཔག་བསམ་སྙིང་རྗེའི་འོད་དང་ལྷན་ཅིག་རྒྱས།།
མི་ཁོམ་སྐར་ཆའི་རྒྱུ་བ་དང་འགྲོགས་གཞན་དོན་མཁའ་ལ་བསྐྱོད་པ་ཡིས།།
འཕྲིན་ལས་འབྲས་བུའི་ཆ་ཤས་རེ་ཡང་བསྟན་འགྲོའི་སྲོག་གི་གསོས་སྨན་ཉིད།།
ཐ་མལ་སྐྱེ་བོའི་ཤ་ཚུགས་འཛིན་ཡང་ཁྱབ་བདག་མགོན་པོའི་གདུང་འཚོབ་ཉིད།།
རྣམ་པར་མི་རྟོག་ཏིང་འཛིན་ལམ་ནས་བྱེ་བ་ཕྲག་བརྒྱའི་འཇུག་ལྡང་རོལ།།
བསྟན་འཛིན་བྱེ་བའི་གཙུག་ཕུད་གདེངས་ཀར་ཞབས་སྐྱེས་མེ་ཏོག་ངལ་གསོ་བ།།
ཐེག་མཆོག་བཤེས་གཉེན་མཚན་ཉིད་བཅུ་ལྡན་ཁྱེད་ལས་གཞན་པ་སུ་ཡིས་དམིགས།།
ལེགས་མཛད་འོད་སྟོང་ཞགས་པའི་རྩེ་དགའ་ཕྱོགས་ཀྱི་འཁོར་ལོའི་མཐའ་རུ་འཁྲིལ།།
སྨྲ་ལྕེ་ཆུ་འཛིན་གུར་ཁྱིམ་དབུས་ནས་ཟབ་ཆོས་བདུད་རྩིའི་ཆར་བ་འཇོ།།
བསླབ་སྟོན་གདམས་ངག་མགྲིན་པའི་རྫ་རྔས་ཁམས་གསུམ་འགྲོ་བའི་སྙན་དབང་གསོ།།
བློ་བཟང་རིང་ལུགས་ནོར་བུའི་རྒྱལ་མཚན་དུས་མཐར་ཁྱོད་ཀྱིས་དགུང་ལ་བསླངས།།
མི་ཤིགས་རྡོ་རྗེའི་སྐུ་ཡི་ལང་ཚོ་ཟུང་འཇུག་བདེ་སྟོང་འཁོར་ལོར་རྩེན།།
གསུང་སྙན་འགྱུར་ཁུགས་འབུམ་གྱི་རང་སྒྲ་སྐལ་བཟང་རྣ་བའི་དཔྱིད་དུ་འཇེབས།།
མཐའ་བྲལ་དྲི་མེད་ཐུགས་ཀྱི་དཀྱིལ་འཁོར་ཟག་མེད་ཡེ་ཤེས་ངོ་བོར་སྨིན།།
གསང་གསུམ་ཡིད་བཞིན་ནོར་བུའི་མཆོད་སྡོང་བསྐལ་བ་རྒྱ་མཚོར་རྟག་བརྟན་ཤོག།
འདི་ནི་གཅམ་གསག་འུར་བསྟོད་མ་ཡིན་བླ་མ་དགྱེས་པའི་མཆོད་སྤྲིན་ཏེ།།
ངེས་ཤེས་པདྨོའི་འཛུམ་པ་དང་འགྲོགས་དད་གསུམ་འོ་མ་དཀར་པོའི་མཚོ།།
མོས་གུས་དྲི་བཞོན་ཤུགས་ཀྱིས་བསྐྱོད་པས་ལྷག་བསམ་ཝུ་དཀར་མེ་ཏོག་ཚོམ།།
སྡུ་གུར་འཛུམ་པའི་ངག་གི་རྦ་རླབས་ཚངས་པའི་པིར་རྩེར་འཁྱུད་པའོ།།
ཟླ་སྟོང་འོད་ཀྱིས་མི་མཚོན་པའི།།
ལྷག་བསམ་གངས་ཀྱི་མྱོས་བུམ་ནི།།
སྡུག་གུར་གྲོལ་ལས་ངག་རིག་གི།།
འོ་མའི་མཆོད་ཕྲེང་འདི་ན་ཐོར།།
ཞེས་མདོ་སྨད་སྒྲུབ་པའི་གནས་མཆོག་ཀོའུ་བ་བཤད་སྒྲུབ་དར་རྒྱས་གླིང་ལ་བསྔགས་པའི་རབ་ཏུ་བྱེད་པ་དྲི་ཟའི་འཇིག་རྟེན་འདར་བྱེད་ངག་རིག་གཎྚིའི་དབྱངས་སྙན་ཞེས་བྱ་བ་ལས།གདན་སའི་ཁྲི་རབས་རིམ་བྱོན་གཙོས། ཆོས་སྡེ་འདིར་ཞབས་ཀྱིས་བཅགས་པའི་སྐྱེས་ཆེན་དམ་པ་དུ་མའི་སྐུ་ཡོན་ཟུར་ཙམ་བརྗོད་པ་ལས་འཕྲོས་ཏེ། ནང་བཅུད་ཀྱི་གང་ཟག་གི་ཆེ་བ་དམིགས་སུ་བརྗོད་པའི་སྐབས་ཏེ་རབ་ཏུ་བྱེད་པ་གཉིས་པའོ།།
སྙན་ངག་རིན་ཆེན་གདུ་བུ་ནི།།
ཚང་ཟླ་མེད་པར་དཀྲོལ་བ་ལ།།
དགེ་མ་དབྱངས་ཀྱི་རྒྱལ་མོ་ཡིས།།
འཇིགས་པ་མེད་པའི་དཔལ་བྱིན་ཅིག།
ཀི༵མ་པའི་ལྗོན་ཤིང་ཡལ་ག་ལ་ཆགས་དུག་གི་འབྲས་ལྟའི་འཁོར་བའི་ཕུན་ཚོགས་གཞོ༷ན་ནུ༷་ཉིད་ནས་ཡལ་བོར་ཞིང་།།
ཀུ༵ན་ཉོན་ནང་གི་མུན་པ་མཐར་བྱས་སྟོང་ཉིད་སྙིང་རྗེའི་རྐང་མགྱོགས་ལ་བརྟེན་བྱང༷་ཆུབ༷་རི་དྭགས་དོན་གཉེར་ཕྱིར།།
ཀེ༵་རིའི་ཕུག་དང་ནགས་མའི་སུལ་སོགས་ཐུན་དྲུག་ཉམས་ལེན་སྟོབས་ཀྱིས་མྱུལ་ལས་ཐར་བ་ལག་རྩེར་སོན་པའི་མགོན།།
ཀོ༵འུ་བའི་མཚན་གྱི་སྲད་བུ་ལ་བརྒྱུས་བླ་རབས་བཅོ་བརྒྱད་མེ་ཏོག་ཕྲེང་བ་དད་གསུམ་གཙུག་གི་རྒྱན་དུ་འཛིན།།
ཉི་མའི་གྲོང་ལས་འཕྲུལ་གྱི་མགྱོགས་འགྲོའི་རླབས།།
དབང་བོའི་ཕྱོགས་སུ་རིང་ཞིག་བསྐྱོད་པའི་ཆར།།
མདོ་ཁམས་གྱི་ལིང་རྟ་ཡི་ཆོལ་ཁ་ཞེས།།
གྲགས་པའི་སྤྲིངས་ཡིག་ཕྱོགས་ཀྱི་མཛེས་མས་ཀློག།
ས་ལ་ཚངས་པའི་རིག་པ་བསྲུབས་པའི་ཆབ།།
གཡུ་མཚོ༵་སྔོ༵ན་མོའི་རླབས་ཕྲེང་འཕྱོ་བའི་ཞིང་།།
གཡེར་མོའི་འདབ་སྟོང་གྲོལ་བའི་བཀོད་པ་ཡིས།།
མཁའ་སྤྱོད་སྙེམས་རིས་རྐང་པས་བརྫིས་པ་སྣང་།།
དེ་ཡི་སྙིང་བོར་འཇམ་དཔལ་ངུར་སྨྲིག་གར།།
བསྒྱུར་བའི་བླ་རི་ཙོང་ཁའི་ལྷུན་པོ་གང་།།
གནམ་འདེགས་ཀ་བར་འགྱིང་བའི་ཁོར་ཡུག་ཏུ།།
བདེ་ཁམས་བཅོ་བརྒྱད་སྣོད་བཅུད་གཡང་དུ་ཆགས།།
རྨ་ཀླུང་ནོར་བུ་དགའ་བ་འཁྱིལ་བའི་འགྲོས།།
འདོད་ཡོན་ཁུགས་པར་རྩེན་པའི་འགྲམ་ངོགས་ན།།
གཅན་ཚ་མདའ་མོ་རྫོང་གི་ཕ་ས་ནི།།
སངྒ་ལ་ཡི་འཇིག་རྟེན་གཉིས་པར་རྟོག།
ཁོད་སྙོམས་འབྲུ་སའི་དྲ་བ་བྲེས་པའི་ཕང་།།
གསེར་ཞུན་རྦ་རླབས་གཡོ་ལྟའི་སྣ་ལྔའི་འབྲས།།
མགོ་ལྕོག་ཤིག་ཤིག་ལྡེམ་པའི་པིར་སྙུག་གིས།།
སོ་ནམ་གདོང་ལ་འཛུམ་དཀར་རི་མོ་འབྲི།།
ཕྱོགས་མཚམས་ཁྱུད་མོས་བསྡམས་པའི་ནོར་འཛིན་མགུལ།།
བཟའ་ཤིང་ཚང་ཚིང་ཡལ་ག་འཐབ་པའི་རྩེར།།
ཆགས་པས་རབ་མྱོས་དམར་ལྡན་འབྲས་བུའི་མཆུས།།
གསེར་ལྡན་དགའ་མའི་གདོང་ལ་འོ་དག་བྱེད།།
ས་འཛིན་སྐྱེ་བ་ལྔ་བའི་དབྱིབས།།
ལྷུན་གྲུབ་སྡེ་བཞིའི་དབྱངས་སྙན་ཅན།།
སྒང་སྟོད་ལྷུན་པོའི་མུ་ཁྱུད་ཀྱིས།།
རྫོགས་ལྡན་དབུ་འཕང་དགུང་ལ་འདེགས།།
རྐང་འཐུང་གཡུ་ལོ་བཀྲ་བའི་གཞིར།།
ཉམས་བཞེས་ཆང་གིས་རབ་མྱོས་པའི།།
རྣལ་འབྱོར་ཕོ་མོའི་བསྟི་གནས་ནི།།
གཅིག་ལས་གཅིག་ལྷག་རྫོགས་ཡོད་མིན།།
ཨ་གར་སྟག་ཤུག་གསོམ་དཀར་གཡོ་བའི་འདབ།།
བསྣོལ་མར་དཀྲིགས་པའི་ཐིག་ལེ་ཡིད་འོང་བར།།
བཤད་སྒྲུབ་འཕྲིན་ལས་དར་ཞིང་རྒྱས་པའི་གླིང་།།
འོག་མིན་ས་ལ་འཕོས་པའི་མཛའ་བོར་བསྡེབས།།
སྣ་ཚོགས་འཁྲི་ཤིང་གདུགས་སུ་ཕིབ་པའི་ནགས།།
གྲེ་འགྱུར་འབུམ་དུ་འཁྲོལ་བའི་འདབ་ཆགས་གླུ།།
ཉལ་འགྲོའི་རྒྱུན་བཟང་ལྷུང་ལྷུང་འབབ་པ་སོགས།།
དབེན་གསུམ་རི་བོའི་ཁྱད་ཆོས་ལྷུན་གྱིས་གྲུབ།།
འགྱུར་ཁུགས་དྲི་ཟའི་འཇིག་རྟེན་ལས།།
བཏུས་པའི་ངག་གི་ཏམྦུ་ར།།
སྦྲེང་མཁས་མཁའ་ལ་སྤྱོད་པའི་ཚོགས།།
འཕུར་ལྡིང་གྱ་གྱུའི་རོལ་བ་འཛིན།།
གྲུབ་པའི་སྨན་ལྗོངས་རི་བོའི་སྤོར།།
རྟེན་གསུམ་སྤུངས་པའི་གནྔྷོ་ལ།།
ཀུན་དགའ་ར་བར་བཅས་པ་ཡང་།།
བསོད་ནམས་ཞིང་དུ་ལྷུན་གྱིས་གྲུབ།།
གཡེར་ཁའི་སྒྲ་སྙན་འཁྲོལ་བ་ཡི།།
གཙུག་ལག་འདུ་བའི་ཕོ་བྲང་དག།
རྣམ་སད་བཟོ་བོས་བསྐྲུན་པ་ལྟར།།
འདྲེན་བྱེད་བསླུ་བའི་ཆོམ་པོ་ཉིད།།
བདུད་རྩིའི་ཐིགས་ཕྲེང་རྐང་བ་ཡིས།།
རབ་འཐུང་ནགས་མའི་དྲ་བ་རུ།།
ཡ་ཐོག་རྒྱ་ཕིབས་འོད་སྣང་གིས།།
མཚན་ཡང་ཉིན་བཞིན་མཛེས་པ་འབར།།
ཟླ་སྟོང་བཞུས་པའི་ཚོན་རྩི་ཡིས།།
མཁུར་ཚོས་བྱུགས་པའི་གྲྭ་ཤག་ཕྲེང་།།
མུ་ཏིག་སྤུངས་པའི་མཆོད་སྡོང་ལ།།
རྣམ་པར་འཕྱ་བའི་སོ་ཕྲེང་རྒོད།།
འཛུམ་རིས་བརྩེགས་པའི་བླ་གབ་ཅན།།
རྒྱུ་སྐར་ཚོམ་བུ་བཀོད་པའི་དབུས།།
ཚོགས་ཆེན་ཆོས་ཀྱི་གནྔྷོ་ལ།།
བྱིན་རླབས་འོད་ཀྱི་རྩེ་དགས་སྙེམས།།
སྲིད་འབྱོར་འདབ་མ་ཉག་ཕྲ་ཡང་།།
ཆོས་སྤྱོད་ཟེའུ་འབྲུ་མངོན་མཐོ་བ།།
གཙུག་ལག་ཁང་བཟང་མཐོ་རིས་ཀྱི།།
མཆོད་སྡོང་ས་ལ་འཕོས་སྙམ་དྲན།།
ནམ་མཁའི་ཟེ་བའང་སྐྱེངས་བྱེད་པའི།།
རྒྱ་ཕིབས་རྩེ་མོ་རེག་པའི་གཟི།།
མ་བཟོད་ཚངས་པའི་འཇིག་རྟེན་ཡང་།།
སྨིག་རྒྱུའི་ཟོལ་གྱིས་ཡུལ་གཞན་ཉུལ།།
མཐོངས་ཡངས་གསེར་གྱི་བྱ་འདབ་ནི།།
འཕུར་བ་ཆུ་སྲིན་ཁ་འགྲམ་ལས།།
སྨིན་པའི་དྲིལ་བུ་གཡེར་ཁའི་སྒྲས།།
ཆོས་སྡོམ་རྣམ་བཞིའི་གསལ་དག་འདེབས།།
བྱིན་རྟེན་ཡོ་ལང་རྒྱས་པའི་མཛོད།།
གསང་གསུམ་བཀོད་པའི་གཙུག་ལག་ཁང་།།
སྣ་བརྒྱའི་ཚོན་རིས་འབུམ་རྒོད་པས།།
དབང་བོའི་གཞུ་རིས་ས་ལ་བཀུགས།།
སུམ་རྩེན་ལྭ་བ་དཀར་པོའི་མདངས།།
སྡུག་གུར་བཀྲ་བ་མཆོད་པའི་རྟེན།།
གཅིག་མིན་དུ་མའི་མྱོས་བུམ་ནི།།
ནོར་ལྡན་བུ་མོའི་ཐོང་ན་སྒེག།
མཐོང་བ་ཙམ་གྱིས་ཐར་བ་ཡི།།
ས་བོན་འཇོག་ནུས་སྐུ་གདུང་གི།།
རིང་བསྲེལ་བྱིན་རླབས་ནོར་བུའི་མཛོད།།
འཕྲིན་ལས་སྒོ་འཕར་ཡངས་པོར་གྲོལ།།
གངས་ཀྱི་ལྡེབས་ལ་བཻཌཱུརྱའི།།
ཚོམ་བུ་བསྟར་བའི་ངོ་མཚར་ཅན།།
སྲིད་ཞིའི་དགེ་ལེགས་རྗེན་གསལ་བའི།།
བཀའ་བསྟན་གླེགས་བམ་ལྷུན་པོའི་སྤུན།།
མཇལ་བས་རྨོངས་མུན་སེལ་འགྱུར་ཞིང་།།
དད་གསུམ་པད་མོ་ཆེར་རྒོད་པའི།།
རྟེན་གསུམ་ཉི་མའི་གཟི་བྱིན་གྱིས།།
རྒྱལ་བྱེད་ཚལ་ཡང་མོག་པོར་བསྒྲུབས།།
ངེས་འབྱུང་གསེར་གྱི་ལྷུན་པོ་ལ།།
དགེ་ལེགས་སྣང་བའི་མུ་ཁྱུད་ཅན།།
རིག་གྲོལ་འདུས་པ་རྒྱ་མཚོའི་སྡེ།།
མཚོ་ལ་ངང་མོ་རྩེན་པས་མཚོན།།
བཀའ་གདམས་སྤྱོད་པ་འོ་མའི་མཚོར།།
རྟག་སྦྱོར་བརྩོན་པའི་རླུང་གཡོར་བཅས།།
བགྲོད་པའི་རང་སྟོབས་མ་བྲི་བ།།
གནས་བརྟན་ཆོས་ཀྱི་དེད་དཔོན་མང་།།
ལུང་དང་རིགས་པ་སྨྲ་བའི་བརྟུལ་ཞུགས་ཅན།།
ཚངས་པ་མཚུངས་པར་སྤྱོད་པའི་ཚོགས་ཀྱི་དབུས།།
དཔྱད་གསུམ་རྣམ་པར་དག་པའི་ལེགས་བཤད་དབྱངས།།
སྒྲོག་པའི་ང་རོ་དུས་ཀྱི་རྒྱན་དུ་མཆེད།།
གཞུང་བཟང་མེ་ཏོག་མགོ་ལྕོག་ལྡེམ་པའི་གྲྭར།།
ཐོས་བསམ་མགྲིན་པའི་སིལ་སྙན་འབུམ་སྒྲོག་པ།།
ཤེས་བརྩོན་གཤོག་འགྱུར་གཡོ་བའི་སྦྲང་རྩིའི་བུ།།
གཅིག་ལས་གཅིག་ལྷག་རིགས་པའི་རང་སྒྲ་སྙན།།
ཐལ་ངག་སེང་ཆེན་གླལ་བའི་ང་རོ་ཡིས།།
ཕས་རྒོལ་ཝ་སྐྱེས་སྙིང་རྩ་འདར་བྱེད་ཅིང་།།
རང་བསྟན་གངས་ཀྱི་རྒྱལ་ཐབས་སྐྱོང་བའི་གཉེན།།
གཅིག་མིན་དུ་མ་དགག་སྒྲུབ་རྩལ་གྱིས་འཕྱོ།།
འོག་གཞི་ཀླུ་ཡི་གདེངས་ཀ་ལ།།
བ་གམ་ནོར་བུའི་འོད་ཚོགས་ཅན།།
གཙུག་ལག་ནམ་མཁའི་ཁྱམས་ཡངས་པོར།།
བྱིན་རྟེན་ཟླ་ཤེལ་ཅི་ཡང་བསྟར།།
ཆོས་ཀྱི་རྒྱ་མཚོའི་ཐུགས་བསྐྱེད་ཀྱིས།།
ཆོས་ཀྱི་ཕོ་བྲང་ངོ་མཚར་བ།།
ཆོས་ཀྱི་སྡེ་འདིར་བཞེངས་དང་ལྷན།།
ཆོས་སྤྱོད་ཡར་ངོའི་ཟླ་ལྟར་འཕེལ།།
བདེ་གཤེགས་བཀ༵འ་གསུང་རིན་ཐང་མེད་པའི་དབྱིག།
གླེགས་བམ་ཟ་མ་ཏོག་ཏུ་སྤུངས་པའི་སྐྱེས།།
མི་འགྱུར༵་བྱིན་རླབས་འོད་ཀྱིས་རྒྱས་བཏབ་པ།།
ལྷར་བཅས་སྐྱེ་དགུའི་མཆོད་པའི་ཞིང་དུ་འཚེར།།
ཚེ་དང་ཡེ་ཤེས་དཔག་མེད་འོད་བརྒྱ་བ།།
རྒྱལ་སྐུའི་སྣང་བརྙན་མགོན་པོའི་སྲུང་འཁོར་བཅས།།
འཇམ་དབྱངས་དཔལ་བས་ཐུགས་སྨོན་སྐྱ་རེངས་ཀྱིས།།
རིང་ནས་བསུས་པའི་སྤྲིངས་ཡིག་ཕྱོགས་སུ་འཕུར།།
ཀུན་མཁྱེན་སྨྲ་བའི་ཉི་མ་མཆོག།
དགེ་འདུན་བསྟན་པ་དར་རྒྱས་ཀྱི།།
གདུང་རྟེན་ཡིད་བཞིན་དབང་གི་རྒྱལ།།
ཐབས་ཕྱོགས་གྲལ་གྱི་དང་པོར་བརྗིད།།
ཐུབ་དབང་སྟོབས་བཅུ་མངའ་བ་ཡི།།
སྣང་བརྙན་མི་ཚད་ཙམ་པ་ལ།།
ལྟུང་བཤགས་སོ་ལྔའི་ལྷ་ཚོགས་ཀྱིས།།
བསྐོར་བའི་རྟེན་བཞེངས་སྲིད་པའི་རྒྱན།།
བློ་བཟང་སྟོན་པ་དུས་ཀྱི་རྡོ་རྗེ་འཆང་།།
ངུར་སྨྲིག་གར་དུ་རོལ་བ་ཙོང་ཁ་པའི།།
མཐོང་གྲོལ་སྐུ་བརྙན་གསེར་ཞུན་བརྩེགས་པའི་ལྷུན།།
འདི་ན་ཉི་མ་བྱེ་བའི་སྙིང་བོར་འཛུམ།།
རྒྱལ་བ་ཕྱོགས་ཀྱི་མཛེས་མའི་སྙན་ལོང་ལ།།
རྣམ་འདྲེན་ལྔ་བའི་མཚན་གྱི་དོ་ཤལ་ཅན།།
མི་ཕམ་མགོན་པོའི་སྣང་བརྙན་བྱིན་ཆགས་པ།།
གདོང་གྲལ་གོང་བ་མཛེས་པའི་རྒྱན་དུ་ལྷམ།།
ཀུན་དགའ་ར་བའི་གཡོན་གྲལ་ཐོག་མ་རུ།།
ཀུན་མཁྱེན་ཆོས་ཀྱི་ཉི་མའི་སྨན་སྐུ་མཆོག།
ཀུན་སྣང་འབར་བ་སྟོང་གི་དཔལ་དང་བཅས།།
ཀུན་ཕན་བསོད་ནམས་གསོག་པའི་ཞིང་དུ་བརྗིད།།
ཁྱབ་བདག་བླ་མའི་སྐུ་བརྙན་གྱི།།
མཆོད་སྡོང་བཞུགས་པའི་རྟེན་གཙོ་ལ།།
འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱིས།།
བསྐོར་བའི་ངོ་མཚར་མིག་གི་དཔྱིད།།
གནས་བརྟན་བཅུ་དྲུག་སྐུ་འཁོར་ཅན།།
དགའ་ལྡན་གཙོ་བོའི་སྣང་བརྙན་མཆོག།
བྱིན་རླབས་འོད་ཕུང་ལྷམ་མེ་བ།།
འགྲོ་མང་དད་པའི་ཞིང་དུ་གྲོལ།།
མི་འཛད་བསོད་ནམས་ཚོགས་རབ་བྱེ་བའི་གཏེར།།
མི་འཁྲུགས་བདེ་བར་གཤེགས་པའི་སྐུ་བརྙན་ནི།།
མི་བསླུ་སྒྲོལ་མ་ཉེར་གཅིག་འཁོར་དང་བཅས།།
མི་ཕྱེད་དད་པའི་གསོས་སུ་འདི་ན་འཛུམ།།
རྣམ་འདྲེན་དོན་ཀུན་གྲུབ་པའི་སྐྱེས་རབས་ཀྱི།།
འོད་ལྔའི་ཚོན་རིས་སྡུག་གུར་བཀྲ་བའི་དཔྱིད།།
དངོས་གང་སོམ་ཉི་སྟེར་བའི་གྱན་ཐང་གཙོས།།
ཐང་ག་ཆེ་མ་ཆུང་གསུམ་བགྲང་ལས་འདས།།
བདེ་ཆེན་སྟོང་ཉིད་མཉམ་སྦྱོར་བའི།།
བདེ་སྟོང་གར་བརྒྱའི་རོལ་བ་ཅན།།
བདེ་གསང་འཇིགས་གསུམ་ལ་སོགས་པའི།།
བདེ་སྟེར་སྐུ་བརྙན་གཞལ་ཡོད་མིན།།
རབ་འབྱམས་རྒྱལ་བ་ཀུན་གྱི་གསང་གསུམ་ཁམས།།
ལི་ཁྲིའི་དྲ་བ་གཅིག་ལ་བཟླུམས་པའི་གར།།
ཡབ་རྗེ་གསེར་ཁང་བ་ཡིས་དགྱེས་བཞིན་དུ།།
གནང་བའི་སྟོན་སྐུ་བྱིན་ཅན་འདི་རུ་བཞུགས།།
འདུ་ཁང་ཆེན་མོའི་ཐོག་སོ་རབ་གསལ་གྱི།།
དཀྱིལ་དབུས་ཐུབ་དབང་གཙོ་སྐུ་མི་ཚད་མ།།
གཡས་གཡོན་སངས་རྒྱས་སྟོང་སྐུའི་སྣང་བརྙན་བཅས།།
ལེགས་ཚོགས་གཡང་དུ་འགུགས་པའི་དཔྱིད་དུ་བཀྲ།།
ཡང་སྟེང་ལོག་འདྲེན་སྲོག་སྙིང་བྲག་རིའི་སྤོ།།
དུས་གཅིག་ཕྱེ་མར་རློག་པའི་བཙན་ཁང་དུ།།
མ་ཧཱ་ཀ་ལ་ཆོས་རྒྱལ་ལྷ་མོ་ཡི།།
ཁྲོ་ཞལ་དགྲ་བགེགས་འཇོམས་པའི་གཤེད་དུ་འབར།།
སྟེང་ཤོད་གྲུ་བཞི་ལྷམ་མེར་མཛེས་ཤིང་གློ་འབུར་བརྩེགས་མས་ཀུན་ནས་བརྒྱན་པའི་བ་གམ་མཐོ་བས་རྒྱུ་སྐར་རྣམས་ཀྱང་འོད་ཟེར་རྩེ་མོས་འཛིན་པར་རྩོམ།།
ཆོས་སྡོམ་རྣམ་བཞིའི་གསལ་དག་འདེབས་སླད་མདའ་ཡབ་རིན་ཆེན་རྩེ་དགའ་རྒོད་ཅིང་རླུང་གིས་བསྐུལ་བའི་གཡེར་ཁའི་སྒྲ་སྙན་ཕྱོགས་རྣམས་འབོད་པའི་ཟོལ་གྱིས་གནས།།
ཚོན་ལྔའི་བང་རིམ་སྡུག་གུར་འཛུམ་པས་ཀུན་གསལ་གདོང་ལ་འཇའ་རིས་བྱུགས་ཤིང་གླེགས་བམ་རྩིག་པས་ནོར་བུའི་བྲག་གི་ཁེངས་པ་རབ་ཏུ་འཕྲོག་པ་གང་།།
ཀུན་མཁྱེན་ངྷརྨ་ས་རའི་ཡང་སྤྲུལ་ཡབ་རྗེའི་ཐུགས་བསྐྱེད་ཚངས་པའི་འཕྲུལ་གྱིས་དཔལ་ལྡན་ས་སྐྱའི་ཆོས་བརྩིགས་ཕོ་བྲང་ཕྱོགས་འདིར་བཀོད་དམ་འཕྱང་མོ་ཉུག།
གཞན་དུ་རྨད་བྱུང་གོས་སྐུ་ཆེན་མོ་དང་།།
རྒྱན་དྲུག་མཆོག་གཉིས་གཙགས་དྲུབ་བྱིན་ཆེ་བ།།
གསེར་ཁང་བླ་མས་བསྩལ་བའི་གཎྚི་སོགས།།
རྟེན་སྣ་འགངས་ཅན་རིན་ཐང་གཞལ་དུ་མེད།།
འགྲོ་མང་དད་སྟོབས་ཀ་བ་མེད་པའི་མཐོངས།།
ཆོས་ཀྱི་ཕོ་བྲང་ནམ་མཁའི་ཁྱམས་ཕྱེས་པར།།
གྲངས་མེད་རྟེན་གསུམ་ཀུན་སྣང་འབར་བའི་ཚོགས།།
དད་ལྡན་འགྲོ་བའི་བསོད་ནམས་ཞིང་དུ་ཤར།།
ཆོས་ཀྱི་རྒྱ་མཚོའི་གསེ༵ར་གདུང༵་གཙོས།།
ཀོའུ་བའི་སྐྱེ་ཕྲེང་ན་རིམ་གྱི།།
སྐུ་ལུས་རིང་བསྲེལ་མཆོད་སྡོང་ཆེ།།
རིལ་བཞུགས་ལྷ་ཁ༵ང་འཛམ་གླིང་རྒྱན།།
ཐོག་སོ་གཉིས་ཀྱི་ཚད་ལོངས་པའི།།
དུས་གསུམ་སངས་རྒྱས་སྐུ་བརྙན་ནི།།
དགེ་ལེགས་སྣང་བའི་རྩེ་དགའ་ཅན།།
བྱམ༵ས་ཁ༵ང་མཐོང་བ་དོན་ལྡན་རྨད།།
ཙན་དན་ལས་གྲུབ་མགོ༵ན་པོའི་སྣང་བརྙན་དང་།།
འཇིགས་བྱེད་ཆོས་རྒྱལ་ལྷ་མོའི་ཤིང་སྐུ་སོགས།།
བྱིན་རླབས་འོད་ཀྱི་ཕུང་བོ་ལྷམ་མེ་བ།།
བརྩན་ཁ༵ང་ཕྱི་ནང་བཀོད་པ་བློ་ལས་འགོངས།།
ཇོ༵་བོ་ཤཱཀྱ་མུ་ནེའི་གཙོ་སྐུ་ཡིས།།
ཐོག་དྲངས་ཨ་ཏི་ཤ་དང་ཙོང་ཁ་པ།།
རྒྱུད་བཞིའི་ལྷ་ཚོགས་བྱིན་རྟེན་བགྲང་ཡས་པའི།།
གཞལ་མེད་ཁ༵ང་བཟང་ངོ་མཚར་ཟད་མི་ཤེས།།
ཆོས་ཐོག་སྣ་ཚོགས་ཕྱག་སྲོལ་མ་ཉམས་པར།།
ཆོས་སྤྱོད་ཀློག་སྤོང་རྩེ་དགས་ཡོངས་བྲེལ་བའི།།
ཆོས་སྡེ་མངོན་པར་དགའ་བའི་ཞིང་ཁམས་འདི།།
ཆོས་ལྡན་སར་སྤྱོད་འོག་མིན་གཉིས་པ་བཞིན།།
ལོ་རེའི་རྒྱ༵་ལོ༵འི་ནང་ཚུན་ཉིན་དགུའི་རིང་།།
གོས་སྐུ་བཤམས་སྟོན་བྱམས་པ་གླིང་སྐོར་སོགས།།
ཆོ་འཕྲུལ་སྨོ༵ན་ལ༵མ་ཆེན་མོའི་ཆོས་ཐོག་ནི།།
སྐྱ་སེར་འགྲོ་མང་རེ་བའི་དཔྱིད་དུ་དར།།
གསུ༵མ་པར་ངན་སོང་སྦྱོང་པ༵འི་རྒྱལ་པོ་སྟེ།།
ཀུན་རིག་རྣམ་པར་སྣང་མཛད་སྒྲུབ༵་མཆོ༵ད་ཀྱི།།
ཆོ་ག་སྦྱོར་དངོས་རྗེས་གསུམ་མ་ནོར་བ།།
དགེ་འདུན་འདུས་པ་རྒྱ་མཚོས་ཆག་མེད་སྤེལ།།
གཞན་ཡང་ལོ་འཁོར་དཔྱིད་ཟླ་ཐ་མའི་ནང༵་།།
ནང༵་མཆོད་ངོས་གཙང་ཚད་ལྡན་གཞིར་བྱས་ཏེ༵།།
ཏེ༵་པོར་རང་གཞན་ཉམས་ཆག་གསོ་བའི་གཉེ༵ན།།
གཉེ༵ན་པོའི་བསྐ༷ང་གསོ༷ལ་ཆེན་མོ་ཉིན་ལྔར་སྐྱོང་།།
བསྟན་པ་བསྐལ་བའི་མཐའ་རུ་གནས་པ་དང་།།
བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟན་པ་སོགས།།
བསྟན་རྩའི་བདེ་ཐབས་ལྔ༵་བ༷འི་སྐུ༵་རི༵མ༼བརྒྱ༵ད་པ༵འི་སྐུ༵་རི༵མ༽བཅས།།
བསྟན་པའི་གཞི་མ་དགེ་འདུན་སྡེ་ཡིས་སྒྲུབ།།
རྒྱལ་ཡུམ་མཁའ་འགྲོ་སེ༵ང་གེའི་གདོ༵ང་ཅན་མའི།།
མངོན་རྟོགས་ཆོ་གའི་རིམ་པ་ལ་བརྟེན་ནས།།
ལོག་འདྲེན་རུ་དཔུང་ཕྱེ་མར་རློག་བྱེད་པའི།།
དགུ་བའི་གཏོ༵ར་ཟློ༵ག་དུས་ལས་ཡོལ་བ་མེད།།
འཇམ་དཔལ་རྡོ་རྗེ་རྣོན་པོ་མི་ཡི་གར།།
གངས་ཅན་ཚད་མའི་སྟོན་པ་བློ་བཟང་གྲགས།།
ཞིང་གཤེགས་དགའ་ལྡན་ལྔ༵་མཆོ༵ད་ཆེན་མོ་ཡི།།
ཆོས༵་ཐོ༵ག་ཀུན་བཟང་མཆོད་པའི་སྤྲིན་ཆེན་སྤྲོ།།
དུས་དེར་རྒྱུད་རྒྱལ་གས༵ང་བ་འདུས༵་པ་ཡི།།
ཚང་ལ་མ་ནོར་ཆོག་བསྒྲིགས་ལམ་འཁྱེར་སྟེང་།།
བསྐྱེད་རྫོགས་བདག་འཇུག་དངོས་གཞིའི་ཆོ་ག་རྣམས།།
ཚོགས་འདོན་ཕྱག་ལེན་མཐའ་རུ་འཁྱོལ་བ་གནང་།།
དགྲ་བགེགས་རྣམ་གནོན་བསྟན་འགྲོའི་བདེ་ཐབས་སླད།།
མ་ཧཱ་ཀ་ལའི་གཏོ༵ར་སྒྲུབ༵་རྒྱས་པ་དང་།།
དམ་ཅན་ཆོས་ཀྱི་རྒྱལ་པོའི་ལྕག༵ས་མཁ༵ར་སོགས།།
བོད་ལོའི་ལོ་མཇུག་འཚོགས་སྲོལ་རྒྱུན་མར་སྐྱོང་།།
བརྒྱད་སྟོང་ཉ་གསུམ་དུས་བཟང་པོར།།
གཞི་གསུམ་ཕྱག་ལེན་རྒྱུན་འཁྱོངས་སྒོས།།
དུས་བཞིའི་མཚན་ཉིད་ཆོས་ཐོག་ཀུན།།
བཀའ་པོད་ཐོས་བསམ་ནར་མར་བསྟེན།།
རྒྱུན་ལྡན་འཁོར་ལོ་གསུམ་གྱི་བྱ་གཞག་ཀུན།།
རྒྱུན་ཆགས་བརྩོན་པ་དྲག་པོས་ལེགས་བསྐྱངས་ཏེ།།
རྒྱུན་བཟང་བཤད་སྒྲུབ་ལམ་རབ་དག་པའི་ཕྱོགས།།
རྒྱུན་ཞུགས་དགེ་འདུན་འདུས་པས་ཅི་ཡང་འཛིན།།
རྟོག་གེའི་རལ་སྐོར་མཐར་སོན་པ།།
རྒོལ་བའི་དཀྱིལ་འཁོར་གནོན་པ་ཡི།།
ལུང་རིགས་སེང་ཆེན་མྱོས་པའི་དབྱངས།།
འདི་ན་རྡོ་རྗེའི་རོལ་མོར་འཚེར།།
འདི་སྣང་རླུང་གི་མཆེ་བ་ཡིས།།
མ་ཆོད་སྒྲུབ་པའི་བ་དན་དཀར།།
ཉམས་ལེན་ཁང་པའི་མཛེས་རྒྱན་དུ།།
འཕྱར་བའི་བྱ་བཏང་རྫོགས་ཡོད་མིན།།
ཆུ་མཐོངས་འགྲམ་པར་སྒྲོ་ལྡན་གྱི།།
བང་རྩལ་གནོན་པ་བློ་ཡི་འགྲོས།།
གཞུང་བཟང་དོན་གྱི་འབེན་དག་ལ།།
གནད་དུ་སྣུན་པའི་ཡོ་ལང་རྫོགས།།
ཉོན་མོངས་མེ་ལྕེ་མཆེད་པ་ཡི།།
གདེངས་ཀ་རབ་ཏུ་མཐོ་ལྡན་པ།།
སྲིད་པ་རྟ་གདོང་འབར་བའི་རིར།།
ཕྱི་ཐག་བཀྱེད་པའི་ངོ་མཚར་མཐོང་།།
མཁྱེན་བརྩེ་སྤྲིན་སྔོན་བརྩེགས་པའི་གུར་ཁང་ནས།།
མདོ་སྔགས་ལེགས་བཤད་དབྱར་སྐྱེས་དཔལ་མོའི་རྔ།།
རིས་མེད་སྐལ་བཟང་མདོངས་མཐའི་དགའ་སྟོན་དུ།།
འཁྲོལ་མཁས་སྨྲ་བའི་དབང་བོ་རིམ་པར་བྱོན།།
དགེ༵་ལ་འདུན༵་ལྡན་བློ་གསལ་བྱེ་བའི་དབུས།།
ཕུ༵ན་ཚོ༵གས་ཆོས་ཚུལ་རིན་ཐང་མེད་པའི་དབྱིག།
ནམ་མཁའ་མཛོད་ཀྱི་གཏེར་ཁ་འབྱེད་པ་པོ།།
ཐོག་མའི་དེད་དཔོན་བསོད་ནམས་སྟོབས་ཀྱིས་བསུས།།
ལྔ་རིག་ཤེས་བྱའི་ཆུ་གཏེར་ཡངས་པའི་འཇིངས།།
བློ༵་གྲོས་བཟ༵ང་པོའི་གྲུ་ཡིས་བརྒལ་དང་ལྷན།།
ལུང་རྟོགས་བསྟན༵་པ༵འི་རི་གླིང་དབང་བསྒྱུར་བས།།
ལེགས་བཤད་ནོར་བུའི་མཆོད་སྦྱིན་ཕངས་མེད་བཀྱེས།།
ལུང་ཆོས་མན་ངག་སྤོས་དཀར་ལ་ཟོས་པས།།
བསམ་སྒོམ་ལང་ཚོ་དར་ལ་བབ་པའི་གླང་།།
ཡང་དག་ཆོས་ལམ་བགྲོད་པའི་རྩེ་དགའ་ཅན།།
བསྟ༵ན་འཛི༵ན་རྒྱ༵་མཚོ༵ས་ཆོས་ཆར་རིང་ནས་ཕབ།།
འཇ༵མ་དཔལ་དབྱང༵ས་དངོས་དགྱེས་པའི་བྱིན་རླབས་ཀྱི།།
མུ་ཏིག་སྙེ་མ་གང་ལ་མངོན་དུད་པས།།
དོན་ལྡན་གྲ༵གས་པ༵འི་འོད་དཀར་གཡོ་བ་དེས།།
རྨོངས་མུན་དབྱིངས་སུ་སྐྲོད་པའི་ཆོ་ག་བསྒྲུབས།།
དགེ༵་ལེགས་འདུན༵་མའི་ཁྱོན་དང་མཉམ་འཇུག་པའི།།
སྐྱེས་སྦྱངས་རྣམ་དཔྱོད་ད༵ར་བའི་ཆུ་འཛིན་ལས།།
ལུང་དང་རིགས་པའི་གསང་ཚིག་འབྲུག་སྒྲའི་དབྱངས།།
རབ་རྒྱས༵་ཀུན་རིག་དབང་པོ་སྡེ་འདིའི་རྒྱན།།
འཇ༵མ་དབྱང༵ས་གཙུག་ལག་ལམ་གསུམ་འབབ་པའི་ཆབ།།
མཁྱེན་དཔྱོད་རལ་བའི་ཀློང་ལ་བསྐྱིལ་བའི་མོད།།
རང་བསྟ༵ན་གངས་ཀྱི་རྒྱལ་ཐབས་འཛི༵ན་པའི་བཤེས།།
སྨྲ་བའི་དབང་ཕྱུག་མཆོག་གིས་ཡུན་རིང་བསྐྱངས།།
མདོ་རྒྱུད་མན་ངག་ཟླ་སྟོང་འཛུམ་པའི་རླབས།།
སྐྱེས་སྦྱངས་མཁའ་ལ་རོལ་བའི་རྟེན་འབྱུང་གིས།།
ལེ༵གས་བཤ༵ད་བདུད་རྩིའི་གཏེར་བརྒྱ་འཆང་པ་པོས།།
བློ་གསལ་རྒྱ་མཚོའི་འཕེལ་ཁ་དར་བར་བྱས།།
ཆོས་ཚུལ་གྲུ་བཞི་ལམ་དུ་འཁྱེར་བའི་བཤེས།།
ཆོས་སྤྱོད་དྲིལ་བུའི་གདངས་སྙན་མ་འགགས་ཤིང་།།
ཆོས་རིག་གཙུག་ལག་ཡོངས་མཁྱེན་དྲུང་ཡིག་ཆེ།།
ཆོས་པ་བློ༵་བཟ༵ང་བཞ༵ད་པ༵་བསྔགས་པར་འོས།།
བསོ༵ད་ནམ༵ས་བློ་གྲོས་ནོར་བུའི་དྲ་བ་ལ།།
མདོ་སྔགས་ཤེས་བྱའི་རི་མོ་གཟུགས་ཅན་དུ།།
ཡོངས་བཟུང་གྲ༵གས་པའི་དཔལ་ལྡན་ལྷ་རམས་པ༵།།
སྡེ་འདི་མཛེས་པའི་རྒྱན་དུ་བྱོན་པ་དགེ།
བློ་བཟང་སྟོབས་བཅུ་མངའ་བའི་བཤད་སྒྲུབ་བསྟན།།
ཡིད་འོང་འཛིན་མའི་ཁྱོན་ལ་ལེགས་མཛད་ཀྱི།།
བཀྲ་ཤིས་འོད་ཟེར་རྩེ་མོས་རྣམ་འགོད་པ།།
བསྟ༵ན་རྒྱས༵་རྣམ་གཉིས་སྐུ་དྲིན་གཞལ་ཡོད་མིན།།
མི་མཉམ་མཁྱེན་རབ་ནམ་མཁའི་མཐོངས་ཕྱེས་ནས།།
ལུང་རིགས་ཉི་ཟླ་འཛུམ་པའི་སྣང་བ་ཡིས།།
སྐལ༵་བཟ༵ང་དགེ༵་ལ་འདུན༵་པའི་མེ་ཏོག་ཚལ།།
ཡོན་ཏན་སྦྲང་རྩིའི་ཁུར་གྱིས་ལྕི་བར་མཛད།།
བརྩོ༵ན་འགྲུས༵་དོན་ཡོད་ཞགས་པའི་འཕྲུལ་འཁོར་གྱིས།།
མདོ་སྔགས་རིག་གནས་ཡིད་འཕྲོག་མེེ་ན་ཀ།
མཁྱེན་དཔྱོད་ཁབ་ཏུ་བསུས་པའི་ཚངས་པ་ཆེས།།
གཞུང་ལུགས་རྒྱ༵་མཚོ༵འི་དགའ་སྟོན་རིང་ཞིག་སྤེལ།།
དགེ༵་ལ་འདུ༵ན་པའི་བློ་གསལ་ལྷ་བརྒྱ་ཡི།།
རྣམ་དཔྱོད་ཅོད་པན་ལ་ནི་ཡོན་ཏན་གྱི།།
མ་ལུས་འཇིག་རྟེན་འབྲི་བའི་གྲ༵གས་པ༵་ཅན།།
སྡེ་འདིར་བྱོན་བཞུགས་ཆོས་ཆར་རྒྱུན་མར་ཕབ།།
ཚུལ༵་གནས་ཁྲིམ༵ས་ཀྱི་རླབས་རིས་མཆོག་ཏུ་མཛེས།།
བསྔགས་འོས་ཡོན་ཏན་པདྨའི་འཛུམ་དཀར་གསལ།།
སྨྲ་མཁས་ལེགས་བཤད་ནོར་བུའི་འབྱུང་གནས་ཆེ།།
བློ་གསལ་རྒྱ༵་མཚོ༵་སྐྱོང་བའི་མགོན་དེ་རྒྱལ།།
མལ་སྟན་དྲོད་དུ་འཁྱིལ་བ་དུས་བཞིར་ཡང་།།
མ་ཉམས་ཡང་དག་འཇོག་གི་རོལ་རྩེད་ལ།།
གཅིག་ཏུ་གཞོལ་བས་ཟག་མེད་བདེ་བའི་ལོངས།།
ཅི་དགར་སྤྱོད་པའི་དུས་སྟོན་འདི་ན་དར།།
ཡུམ་དོན་གླིང་བཞིའི་ཁྱོན་ཡངས་གསལ་བའི་ཕུལ།།
སྔོན་མེད་བསྟན་བཅོས་ནོར་བུའི་སྒྲོན་མེ་སོགས།།
ལེགས་བཤད་ཟིལ་དངར་འཁྱིལ་བའི་དགའ་སྟོན་ལ།།
རོལ་བའི་བློ་གསལ་རྒྱ་མཚོའི་རྡུལ་དུ་དཀྲིགས།།
གསང་ཆེན་རྒྱུད་སྡེ་ཆུ་བོ་རྣམ་པ་བཞི།།
ལྷན་ཅིག་འཐུངས་པས་དག་པ་སྒྱུ་མའི་ལུས།།
འོད་གསལ་ཐིག་ལེར་མཉམ་སྦྱོར་ཡེ་ཤེས་སྐུར།།
མངའ་བརྙེས་ཉམས་ལེན་མཁན་པོ་རིམ་པར་བྱོན།།
འཕགས་བོད་གཞུང་ལུགས་ཆུ་གཏེར་གྱི།།
ལམ་སྲང་བསྟེན་པའི་དེད་དཔོན་དག།
བློ་གྲོས་གསེར་གྱི་གཞོང་བ་ནི།།
ལྔ་རིག་ནོར་བུའི་ཁུར་གྱིས་གཏམས།།
ཉེས་མེད་ཚུལ་ཁྲིམས་ཕུང་བོ་དར་བའི་བཞིན།།
གསལ་བར་སྟོན་པའི་བསྟན་བཅོས་མདོའི་རྩ་བ།།
རྗེས་འབྲངས་འཕགས་བོད་མཁས་རྒུའི་གཞུང་མང་དོན།།
ལུང་རིགས་དབྱངས་ཀྱིས་འབེལ་གཏམ་བགྱིད་ལ་བརྩོན།།
རྒྱུད་སྡེ་པད་དཀར་འཛུམ་པའི་བུམ་བཟང་ལས།།
རྣམ་གྲོལ་སྦྲང་རྩིའི་ཟིལ་དངར་འབུམ་གཞིབས་ཏེ།།
རིམ་གཉིས་འདབ་གཤོག་རྐྱོང་བའི་གསེར་སྦྲང་ཚོགས།།
གཟུངས་སྔགས་དར་དིར་སྒྲ་ཡིས་ཉིན་མཚན་འགེངས།།
དུས་དགྲའི་དབང་བོའི་བྱིན་རླབས་འོད་སྣང་གིས།།
བསྐྱངས་པའི་ཉམས་རྟོགས་འདབ་བརྒྱའི་ཟིལ་དངར་གྱིས།།
སྐལ་བཟང་བུང་བའི་རེ་སྐོང་སྐྱེ་དགུའི་གཉེན།།
རིག་འཛིན་རྣལ་འབྱོར་དཔའ་བོའི་འདུ་འགོད་རྩེན།།
ཐོས་བསམ་སྙིང་བོ་མ་ཎི་ཀའི།།
ཕྲེང་བ་རིམ་གཉིས་ཉམས་ལེན་གྱི།།
རྒྱལ་མཚན་རྩེ་མོར་མངོན་མཆོད་པས།།
དོན་གཉིས་དགའ་སྟོན་རོལ་བ་མང་།།
ཤེས་རབ་ཕ་རོལ་ཕྱིན་གཞུང་རྒྱ་མཚོའི་འཇིངས།།
ཐོས་བསམ་གཤོག་ཡངས་བསྐྱོད་པའི་འཕྲུལ་འཁོར་གྱིས།།
ལེགས་གཞལ་ཟབ་དོན་རླབས་ཀྱི་འཁྲི་ཤིང་རྩེར།།
རོལ་བའི་རིགས་སྨྲ་ངང་མོ་བགྲང་ལས་འདས།།
ལུང་དང་རིགས་པ་སྨྲ་བའི་དགེ་བའི་བཤེས།།
ཐོས་དོན་ཚུལ་བཞིན་སྒྲུབ་པའི་སྤོང་བ་པ།།
མཁའ་ལ་སྐར་ཚོགས་ལྟ་བུ་འཁྲིགས་པ་ཡིས།།
བློ་བཟང་རང་སྲིད་དུས་ཀྱི་མཐའ་ནས་སྐྱོང་།།
སྙིགས་མའི་དུས་ལ་བསོད་ནམས་ཀྱི།།
མངའ་ཐང་ལྷ་ཡི་རྫིང་ཆེན་འཛིན།།
ཆོས་ཀྱི་ཚོང་རྡལ་རབ་ཡངས་པས།།
མཁའ་སྤྱོད་ཞིང་ལ་འདར་བ་སྦྱིན།།
གང་གིས་ལྷ་དབང་ཅོད་པན་ཡང་།།
འཛིན་མའི་ཟེ་བར་སྙིལ་བྱེད་པ།།
སྐྱེ་རྒུའི་བསོད་ནམས་ཞིང་གི་མཆོག།
དགེ་འདུན་སྡེ་ལ་ཅིས་མི་བསྟོད།།
གྲུབ་རིག་བུ་མོ་རྒྱུད་མངས་མའི།།
ཕྱག་མཚན་ས་ལ་ལྷུང་བྱེད་པ།།
ངག་རིག་གཎྚིའི་དབྱངས་སྙན་གྱིས།།
དྲི་ཟའི་འཇིག་རྟེན་འདི་ན་སྒུལ།།
འདིར་འབད་ལེགས་བྱས་འོ་མཚོ་བསྲུབས་ལས་སྐྱེས།།
ཟླ་ཤེལ་མེ་ཏོག་རྒོད་པའི་སོ་ཕྲེང་གིས།།
ལེགས་བྱང་མཆུ་བར་འཛིན་པའི་སྙེ་མ་ནི།།
རིགས་མཐུན་བུང་བའི་གསོས་སུ་གྲོལ་གྱུར་ཅིག།
སླད་མར་སྐྱེ་བའི་ཟློས་གར་མུཀྟི་ཀའི།།
ཕྲེང་བ་སྟོབས་བཅུའི་ས་ལ་མ་བརྒྱུས་བར།།
ཚངས་སྲས་རིག་པའི་མེ་ཏོག་དལ་འབྱོར་གྱི།།
རྒྱན་དུ་འཛིན་པའི་རྩེ་དགའ་ཉམས་མེད་ཤོག།
ཅེས་མདོ་སྨད་སྒྲུབ་པའི་གནས་མཆོག་ཀོའུ་བ་བཤད་སྒྲུབ་དར་རྒྱས་གླིང་ལ་བསྔགས་པའི་རབ་ཏུ་བྱེད་པ་དྲི་ཟའི་འཇིག་རྟེན་འདར་བྱེད་ངག་རིག་གཎྚིའི་དབྱངས་སྙན་ཞེས་བྱ་བ་ལས།ཆོས་སྡེ་འདིའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ངོ་སྤྲོད་དང་ཐུན་མིན་གྱི་ཆོས་ཐོག །བསྟན་འཛིན་སྐྱེས་བུའི་ཚོགས་ཀྱིས་འཆད་ཉན་གྱི་ཆོ་ག་སྤེལ་བའི་ཚུལ་སོགས་གཙོ་བོར་བརྗོད་པའི་སྐབས་ཏེ་རབ་ཏུ་བྱེད་པ་གསུམ་པའོ།།
སྨྲས་པ།
མཛེས་སྡུག་མི་ཟད་རྒྱན་གྱི་འཁོར་ལོ་མཚན་བཟང་ཟླ་ཤེལ་ཅོད་པན་ལ་སྨིན་ཀུན་རིག་ལྷ་བརྒྱའི་གཙུག་ན་སྒེག།
གང་འཚམ་ལེགས་གསུང་རྒྱ་མཚོའི་རོལ་མོ་བདུན་ཕྲག་དབྱངས་ཀྱི་འགྱུར་ཁུགས་ལ་བསྡེབས་སྙན་འགྱུར་ངག་གི་རྩེ་དགའ་འཛིན།།
ཟག་མེད་ཡེ་ཤེས་འོད་ཀྱི་རྦ་རླབས་སྣང་སྟོང་སྒྱུ་མའི་མཁའ་ལ་ཡོངས་རྩེན་ཕན་བདེའི་གར་གྱི་རོལ་བར་འབབ།།
ལྷུན་གྲུབ་འཕྲིན་ལས་ག་བུར་ཐིགས་པས་དོན་གཉིས་ཀུ་མུད་ཞལ་ཁ་འབྱེད་མཛད་ཚངས་པའི་སྲས་མོ་འདིར་ཡང་དྲན།།
ལྔ་ཕྲག་སྙིགས་མའི་དུག་མཚོ་འཁོལ་མར་སྤྱི་མཐུན་ལས་ཀྱིས་བྱིང་ཉེ་བའི།།
བློ༵་བཟ༵ང་ཐུབ༵་པ་ཆེན་པོའི་རང་བསྟ༵ན་གསེར་གྱི་ལྷུན་པོའི་ཁོར་ཡུག་ནི།།
ཐུགས་བསྐྱེད་རུས་སྦལ་སྟོབས་ཀྱིས་འདེགས་མཁས་དབ༵ང་ཕྱུག༵་བརྒྱད་ལྡན་འགྲོ་བའི་མགོན།།
བྱང་ཆེན་སྦས་པའི་བརྟུལ་ཞུགས་ལ་གནས་ཚད་མའི་སྐྱེས་བུར་སླར་ཡང་བསྔགས།།
གང་གི་ཐབས་མཁས་ཧ་ནུ་མནྠའི་འཕྲུལ།།
ཚད་མའི་གངས་ལས་བླངས་པའི་རྩི་སྨན་གྱིས།།
རྒྱལ་བསྟན་ཤ་བྲལ་རུས་པའི་འཕྲུལ་འཁོར་ནི།།
གསོས་པའི་མཛད་ཆེན་ནམ་མཁའི་མཐའ་ལ་བརྡལ།།
གཞོམ་བྲལ་རིན་ཆེན་གདན་ཁྲི་ཡངས་པའི་ཁར།།
ཞབས་སེན་འཁོར་ལོ་འཛུམ་པའི་མཚན་རིས་ཅན།།
མི་འགྱུར་ཚེ་མཐའ་ཡས་པ་མཆོག་གི་ངོར།།
བཞུགས་པའི་སྐལ་བཟང་ལོངས་སྤྱོད་ཟད་མི་ཤེས།།
འཕྲིན་ལས་འོད་རྣོན་འབར་བའི་གཟི་བྱིན་གྱིས།།
ཡོངས་རྫོགས་ཐུབ་བསྟན་པད་ཚལ་བཞད་པའི་གཉེན།།
སྐྱབས་གཅིག་ཉིན་བྱེད་དབང་བོ་སྐྱེ་དགུའི་མཁར།།
རྟག་ཏུ་འཆར་བའི་སྨོན་པ་སྙིང་ལ་འཛིན།།
བསྟ༵ན་དང་འགྲོ་བའི་ཕན་བདེ་ལ་དགོངས་ནས། །
བསྟ༵ན་རྩ་རྨང་ནས་སློང་བའི་ཐུགས་སྨོན་མཛད། །
བསྟ༵ན་སྲིད་དབུ་འཕང་དགུང་ལ་འདེགས་པ་ཡི། །
བསྟ༵ན་འཛིན་སྐྱེས་བུའི་ཚོགས་ལ་སླར་ཡང་འདུད། །
བསམ་དང་སྒོམ་པའི་ལང་ཚོ་དར་བབས་མང་ཐོས་འགྲམ་ཆང་དོན་གཉེར་བུང་བའི་གསོས་སུ་སྤྲོ།།
ཉེར་ཞིའི་བསླབ་པས་རབ་ཏུ་དུལ་ལྡན་རིམ་གཉིས་ཉམས་ལེན་རྡོ་རྗེ་བྱང་བུའི་གདོང་ཁེབས་ཅན།།
ལུང་དང་རིགས་ཚུལ་མཚོན་ཆའི་འཁོར་ལོ་བདེན་པའི་རྣོ་འབར་སྤོབས་པའི་སྣ་ཞགས་ལ་བཀོད་དེ།།
མི་མཐུན་ཕྱོགས་ཀྱི་ཚང་ཚིང་རྣམ་གཅོད་རིག་གྲོལ་བརྒྱད་ལྡན་ཚོགས་མཆོག་གླང་བོའི་དཔུང་རབ་བསྔགས།།
ཀོའུ་བ་བཤད་སྒྲུབ་དར་ཞིང་རྒྱས་པའི་གླིང༵་། །
གླིང༵་གཞན་ཀུན་ན་དཀོན་པའི་མཁའ་སྤྱོད་ཞིང༵་། །
ཞིང༵་མཆོག་ཆོས་སྤྱོད་ཉམས་ལེན་དར་བའི་སྡེ༵། །
སྡེ༵་འདིའི་དགེ་འདུན་འདུས་ཚོགས་ཕྱག་གི་ཡུལ། །
སྡོམ་པ་གསུམ་གྱི་རྩ་བ་རབ་ཏུ་བརྟན། །
ཐོས་བསམ་སྒོམ་པའི་ཤམ་བུ་འབུམ་གྱིས་བརྒྱན། །
མཐའ་གཉིས་ལས་འདས་བསྟན་པའི་གདུག༵ས་དཀ༵ར་པོ། །
མི་ཉམས་སྲིད་ཞིའི་བླ་རུ་མཛེས་གྱུར་ཅིག །
མདོ་སྔགས་རྒྱ་མཚོའི་ཀློང་ལས་ཉེར་བབས་པའི། །
ཟབ་རྒྱས་མན་ངག་ཞི་བསིལ་བདུད་རྩིའི་རྒྱུན། །
ཡོངས་འཁྱིལ་ས་དང་ལམ་གྱི་བུམ༵་པ༵་བཟང་། །
ཐར་འདོད་ལྷ་བརྒྱའི་ཉེར་འཚོའི་གཞིར་གྱུར་ཅིག །
སྤོང་བདུན་ཁྲིམས་ཀྱི་འཆི་མེད་སྐྱེད་ཚལ་དུ། །
རབ་ཏུ་བཞད་པའི་སོ་ཐར་འདབ་སྟོང་ཅན། །
གཞི་གསུམ་དྲི་བསུང་ལྡང་བའི་པ༵ད་མ༵་དཀར། །
ལས་ལྡན་བུང་བའི་གསོས་སུ་བརྟན་གྱུར་ཅིག །
གཞན་ཕན་ལྷག་བསམ་འོ་མའི་མདངས་ཀྱིས་སྒེག །
འགྲོ་ཕན་མཛད་བཟང་རི་མོ་གཡས་སུ་འཁྱིལ། །
ལེགས་གསུང་དབྱངས་སྙན་སྐྱེ་བ་ལྔ་བའི་དུང༵་། །
སྐལ་བཟང་རྣ་བའི་དཔྱིད་དུ་གྲགས་གྱུར་ཅིག །
སྡུག་བསྔལ་རླབས་ཕྲེང་གཡོ་བ་སྲིད་པའི་མཚོར། །
ཡང་ཡང་འཁྱམས་པའི་མ་རྒན་འགྲོ་བ་རྣམས། །
གཏན་བདེར་འགོད་འདོད་སེམས་བསྐྱེད་དཔ༵ལ་བེ༵འུ་ཡི། །
སྨོན་འཇུག་རི་མོ་ཉམས་པ་མེད་གྱུར་ཅིག །
ཡང་དག་དཔྱད་འཇོག་ནོར་བུའི་ཏོག་འབར་ཞིང་། །
ལུང་རྟོགས་འཕུར་མ་སྟོང་གིས་བརྒྱན་པ་ཡི། །
ལྟ་བའི་མཁར་འཕགས་སྒྲུབ་པའི་རྒྱལ༵་མཚ༵ན་ཆེ། །
ཆོས་བརྒྱད་རླུང་གིས་བསྙལ་བ་མེད་གྱུར་ཅིག །
ལུང་རིགས་གཤོག་པའི་འཕྲུལ་འཁོར་ལ་བརྟེན་ནས། །
རྒྱལ་གསུང་འོ་མཚོའི་ངོགས་ན་རྩེན་པ་ཡི།།
བསླབ་གསུམ་མདངས་ལྡན་དགེ་འདུན་གསེ༵ར་ཉ༵འི་ཚོགས། །
འགལ་རྐྱེན་ཆུ་སྲིན་དགྲ་ལས་རྒྱལ་གྱུར་ཅིག །
ཞི་ལྷག་ཐབས་ཤེས་རྩིབས་མ་སྟོང་གིས་སྦྲེལ། །
གནས་ལུགས་རྟོགས་པའི་ཤེས་རབ་མུ་ཁྱུད་ཟླུམ། །
བསམ་གཏན་གོམ་འགྲོས་མྱུར་བའི་འཁོ༵ར་ལོ༵་ཆེས། །
རིམ་གཉིས་ས་ཆེན་བདག་ཏུ་བཟུང་གྱུར་ཅིག །
བཀྲ་ཤིས་གང་ཞིག་ཐོག་མར་དགེ་བ་དོན་གཉིས་ཕྱོགས་ཀྱི་འཁོར་ལོར་དབང་བསྒྱུར་བསྟན་འཛིན་གསེར་རིའི་ཞབས་པད་བརྟན།།
བཀྲ་ཤིས་གང་ཞིག་བར་དུ་དགེ་བ་ཕན་བདེ་རིན་ཆེན་བྱེ་བའི་འབྱུང་གནས་བསྟན་པའི་རོལ་མཚོ་གཡས་སུ་འཁྱིལ།།
བཀྲ་ཤིས་གང་ཞིག་ཐ་མར་དགེ་བ་བསྟན་པའི་སྦྱིན་བདག་པད་དཀར་ནགས་ཀླུང་མངའ་ཐང་སྦྲང་རྩིའི་བཅུད་ཀྱིས་སྙེམས།།
བཀྲ་ཤིས་གང་ཞིག་ཁ་བའི་ཡུལ་གྲུ་འཐབ་རྩོད་ནད་ཡམས་མུ་གེས་ཡོངས་དབེན་སྡེ་བཞིའི་དགའ་སྟོན་དར་གྱུར་ཅིག། །།
ཅེས་པ་ཡང་ཀོའུ་བ་བཤད་སྒྲུབ་དར་རྒྱས་གླིང་གི་ཚོགས་ཆེན་ཞལ་ངོ་ཟུར་པ། བསླབ་གསུམ་ནོར་གྱིས་ཕྱུག་པའི་ཤཱཀྱའི་དགེ་སློང་བཀྲ་ཤིས་རྒྱ་མཚོ་ནས་གནས་བསྟོད་འདི་འདྲ་ཞིག་འབྲི་བའི་སྐུལ་མ་ལན་གཅིག་མིན་པར་ཕེབས་པའི་ངོ་མ་བཟློག་པར། ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་རིག་གནས་དགེ་རྒན་ཙམ་པོའི་མིང་སྐམ་འཆང་བ། དུས་ཀྱི་མཐའ་ན་སྲོལ་རྒྱུན་སྙན་ངག་གི་དྲུག་འགྱུར་འདོད་རྒུར་འཁྲོལ་བ་ལ་དབང་འབྱོར་བའི་རིག་པའི་ཁུ་བྱུག་དུ་མ་ཚར་དུ་དངར་བའི་གྲལ་མཐར་བསྙེགས་པ། འདི་སྣང་རླུང་དམར་གྱི་ཡོ་ལང་ཁྲོད་ན་ཆོས་སྲིད་གཉིས་མེད་ཀྱི་ཁོལ་བོར་ལུས་པའི་བག་མེད་སྙོམས་ལས་པ། ཨ་འབྱུང་འགག་ཟའི་བུ་རྒྱུད་རྩ་ཚང་ཚོ་བ་ནང་མའི་རིགས་ཀྱི་སྙེ་མར་སྨིན་པ་ཨ་སྐྱེས་བྱམས་པ་དགེ་ལེགས་སམ་བླ་དྭགས་ཀྱི་མིང་གཅན་རང་སད་དུ་འབོད་པས་ཁོམ་སྐབས་ནམ་ཡོད་ཀྱི་གླགས་དང་བསྟུན་ཏེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!