མེ་ཤུགས་འཕུར་མདའི་ཡབ་ཆེན་ཞིག་སྐྱེད་སྲིང་བྱས་པ།

文摘   2024-11-11 17:10   青海  

ཆི་ཨོ་ཨར་ཁོ་ཧྥུ་སི་ཅིའི་སྤྱི་འགྲོས་ཀྱིས་མེ་ཤུགས་འཕུར་མདའི་ཡབ་ཆེན་ཞིག་སྐྱེད་སྲིང་བྱས་པ།

1903ལོར། རང་སྦྱོང་ལ་བརྟེན་ནས་ཤེས་ཡོན་ཅན་དུ་གྱུར་པའི་སུའུ་ལེན་གྱི་ཚན་རིག་པ་ཆི་ཨོ་ཨར་ཁོ་ཧྥུ་སི་ཅིས《རླུང་འབུད་ཡོ་བྱད་བེད་སྤྱད་ནས་འཇིག་རྟེན་མཁའ་དབྱིངས་ལ་ཞིབ་འཇུག་བྱེད་པ》ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ཏེ། གཤེར་གཟུགས་འབར་རྫས་སུ་སྤྱོད་པའི་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱེད་ཚེ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་སྤྱི་འགྲོས—ཆི་ཨོ་ཨར་ཁོ་ཧྥུ་སི་ཅིའི་སྤྱི་འགྲོས་བཏོན་པས། ཚན་རིག་ལས་རིགས་སུ་གྲགས་འགུལ་ཆེན་པོ་བཟོས། མི་ལོ23གྱི་རྗེས་སུ། ཨ་རིའི་ཚན་རིག་པ་ཀི་ཏ་ཏིས་གཤེར་གཟུགས་འབར་རྫས་སུ་སྤྱོད་པའི་མེ་ཤུགས་འཕུར་མདའ་ཨང་དང་པོ་མཁའ་དབྱིངས་སུ་བསྐྱལ། འཕུར་མདའ་མཁའ་དབྱིངས་སུ་ཆུ་ཚོད་སྐར་ཆ2.5ཙམ་གྱི་དུས་ཡུན་ལ་མ་གཏོགས་འཕུར་སྐྱོད་བྱེད་མ་ཐུབ་མོད། འོན་ཀྱང་དེས་འགྲོ་བ་མིའི་རིགས་མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་པའི་ལོ་རྒྱུས་སྟེང་དུ་འོད་སྟོང་འབར་བའི་དུས་ཡུན་ཐུང་ངུ་ཞིག་བཞག་སོང་།

ཆི་ཨོ་ཨར་ཁོ་ཧྥུ་སི་ཅི(1857—1935)སུའུ་ལེན་གྱི་ཚན་རིག་པ་དང་། དེང་རབས་མེ་ཤུགས་འཕུར་མདའི་གཞུང་ལུགས་ཀྱི་གསར་གཏོད་མཁན་པོ་ཡིན།

ཆི་ཨོ་ཨར་ཁོ་ཧྥུ་སི་ཅི་ལ་ཧ་ཅང་རླབས་ཆེ་བའི་མ་འོངས་ལུང་བསྟན་ཞིག་ཡོད་པ་ནི་འདི་ལྟར། “སའི་གོ་ལ་ནི་འགྲོ་བ་མིའི་འགུལ་སླེ་ལྟ་བུ་ཡིན། འགྲོ་བ་མི་ནི་འགུལ་སླེ་དེའི་ནང་དུ་དུས་གཏན་དུ་ཉལ་ནས་གཏན་ནས་མི་འདུག་པར། སྐར་མའི་གོ་ལ་གསར་བ་དང་མཁའ་དབྱིངས་གསར་བ་ལ་མཚམས་མི་འཇོག་པར་ཉམས་ཞིབ་བྱེད་ངེས་ཡིན། འགྲོ་བ་མིས་ཐོག་མར་སེམས་ཆུང་བག་ཟོན་གྱི་ངང་ནས་རླུང་ཁམས་ཆེན་པོའི་བང་རིམ་བརྟོལ་བ་དང་། དེ་ནས་ཉི་མའི་མཁའ་དབྱིངས་འདུལ་བར་སྐྱོད་པ་ཡིན”ཟེར།

ཡིན་ན་ཡང་། མ་འོངས་ལུང་བསྟན་པ་རླབས་པོ་ཆེ་དེ་ནི་བློ་ཕམ་པའི་གནས་ཚུལ་འོག་ཏུ་ནར་སོན་པ་ཡིན་ཏེ། ལོ9ཡི་སྟེང་དུ་ཚ་རིམས་དམར་སྐྱའི་འདུས་ནད་ཕོག་སྟེ་རྣ་བ་ཟུང་གིས་ཕལ་ཆེར་སྒྲ་མི་ཐོས་པར་གྱུར། ལོ12ཀྱི་སྟེང་ཁོང་གི་ཨ་མ་འཇིག་རྟེན་མི་ཡུལ་དང་བྲལ། རྣ་བ་འོན་པ་དང་དབུལ་ཞིང་ཕོངས་པའི་རྐྱེན་གྱིས་ཁོང་ཉིད་སློབ་གྲྭར་འགྲིམ་མ་ཐུབ། ཐ་ན་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་རྩེད་མོ་ཡང་རྩེ་མ་ཐུབ་པ་རེད། ཡིན་ནའང་ཁོང་ཉིད་ནི་གྲོགས་མེད་ཁེར་རྐྱང་ཞིག་མིན་པར་རང་གི་ཀླད་པ་འགུལ་ནས་རང་ཉིད་ལ་རྩེད་ཆས་ལས་པར་མ་ཟད། ད་རུང་སློབ་འབྲིང་གི་སློབ་ཚན་ཚང་མར་རང་སྦྱོང་བྱས།

1873ལོར། ཁོང་ཉིད་ཕ་ཡུལ་ནས་གྲོང་ཁྱེར་མོ་སི་ཁོ་རུ་འོངས་ཤིང་། ལོ་གསུམ་གྱི་རིང་ལ་དཔེ་མཛོད་ཁང་ཏག་ཏག་གི་ནང་དུ་འཛུལ་ནས་མཐོ་རིམ་རྩིས་རིག་དང་གནམ་རིག དངོས་ཁམས་རིག་པ། འཕྲུལ་ཆས་རིག་པ་ལ་སོགས་པའི་སློབ་ཚན་ལ་རང་སྦྱོང་བྱས། ཁོང་གི་འཇིག་རྟེན་མཁའ་དབྱིངས་སུ་འཕུར་སྐྱོད་སྐོར་གྱི་བཞེད་དགོངས་ནི་ཕལ་ཆེར་དུས་སྐབས་དེའི་རིང་ལ་ཆགས་པ་ཡིན།

1883ལོར།  ཆི་ཨོ་ཨར་ཁོ་ཧྥུ་སི་ཅིས《རང་དབང་གི་མཁའ་དབྱིངས》ཞེས་པའི་དཔྱད་རྩོམ་སྤེལ་ཏེ། མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་པ་ལ་ངེས་པར་དུ་རླུང་སྦུད་ཀྱི་རྩ་བའི་རིགས་པ་བེད་སྤྱོད་དགོས་ཚུལ་ཐོག་མར་བཏོན།1903ལོར། ཁོང་གིས《རླུང་སྦུད་ཡོ་བྱད་བེད་སྤྱད་དེ་འཇིག་རྟེན་མཁའ་དབྱིངས་ལ་ཞིབ་འཇུག་བྱེད་པ》ཞེས་པའི་རྩོམ་ཡིག་ནང་དུ་མེ་ཤུགས་འཕུར་མདའ་ལ་བརྟེན་ནས་འཕུར་སྐྱོད་བྱེད་པའི་རིགས་གཞུང་རྒྱས་བཤད་བྱས་ཤིང་། མེ་ཤུགས་འཕུར་མདའ་དེ་སྐར་མའི་གོ་ལའི་བར་གྱི་འགྲིམ་འགྲུལ་ཡོ་ཆས་སུ་སྤྱོད་ཐུབ་ཚོད་ཀྱི་སྐོར་རྒྱས་པར་བརྗོད་ཐོག ད་རུང་གཤེར་གཟུགས་འབར་རྫས་སུ་སྤྱོད་པའི་མེ་ཤུགས་འཕུར་མདའི་རྩ་བའི་རིགས་པའི་རི་མོ་བྲིས་པ་དང་། རླབས་ཆེ་བའི་ཆི་ཨོ་ཨར་ཁོ་ཧྥུ་སི་ཅིའི་སྤྱི་འགྲོས་བཏོན་པ་རེད། ཁོང་གིས་ད་རུང་རྒྱུ་སྐར་གཞན་དག་གི་སྟེང་དུ་འཕུར་སྐྱོད་བྱེད་པར་ངེས་པར་དུ་སའི་གོ་ལའི་སྲུང་སྐར་ལྟ་བུའི་བར་དབྲག་ས་ཚིགས་གསར་འཛུགས་བྱེད་དགོས་ཚུལ་བཏོན།1929ལོར། ཁོང་གིས་ཡང་རིམ་པ་མང་བའི་མེ་ཤུགས་འཕུར་མདའི་སྒྲིག་གཞི་བཏོན་ཐོག རིམ་པ་མང་བའི་མེ་ཤུགས་འཕུར་མདའ་བེད་སྤྱད་དེ་སའི་གོ་ལའི་འཐེན་ཤུགས་ལས་ཐར་ཐབས་བྱས་ནས། འཇིག་རྟེན་མཁའ་དབྱིངས་སུ་བགྲོད་པའི་མྱུར་ཚད་ལོན་ཐབས་བྱེད་རྒྱུའི་གྲོས་འགོ་བཏོན་པ་བཅས་ཀྱི་རྒྱུ་མཚན་གྱི་སྟེང་ནས། ཆི་ཨོ་ཨར་ཁོ་ཧྥུ་སི་ཅི་ཁོང་ཉིད་དེང་རབས་མེ་ཤུགས་འཕུར་མདའི་གཞུང་ལུགས་ཀྱི་གསར་གཏོད་མཁན་པོ་རུ་གྱུར་ཡོད་དོ། །

ཟུར་བཀོད། མཁའ་དབྱིངས་སུ་འགྲོ་སྐྱོད་སྐོར་གྱི་ལོ་རྒྱུས་གཏམ་ཐུང་།

མཁའ་དབྱིངས་སུ་འགྲོ་སྐྱོད་བྱེད་པ་དེ་ལ། གྲུ་ཤག་ནས་ཕྱིར་བུད་དེ་བྱེད་སྒོ་སྤེལ་བ་ཡང་ཟེར་ཞིང་། དེ་ནི་མི་ཐེག་དབྱིངས་སྐྱོད་འཕྲུལ་གྱི་ཕྱིའམ་ཡང་ན་ཟླ་བའི་གོ་ལ་དང་རྒྱུ་སྐར་སོགས་ནམ་མཁའི་ཁམས་གཞན་དག་གི་སྟེང་ནས་དབྱིངས་སྐྱོད་པས་ལས་འགན་སྣ་ཚོགས་སྒྲུབ་ཅིང་བསྲིབས་པའི་བརྒྱུད་རིམ་དེ་ལ་ཟེར།

མཁའ་དབྱིངས་སུ་འགྲོ་སྐྱོད་བྱེད་པ་དེ་འདོན་མཁན་སྔ་ཤོས་ནི་ཡང་ཆི་ཨོ་ཨར་ཁོ་ཧྥུ་སི་ཅི་ཡིན་ལ། ཁོང་གིས《མཁའ་དབྱིངས་སུ་འགྲུལ་སྐྱོད་བྱེད་པ》ཞེས་པའི་བདག་ཉིད་ཅན་དེའི་ནང་དུ། མཁའ་དབྱིངས་སུ་འགྲོ་སྐྱོད་བྱེད་རྒྱུ་མངོན་འགྱུར་བྱེད་ཐུབ་ཚུལ་བཏོན་པར་མ་ཟད། མཁའ་དབྱིངས་སུ་འགྲོ་སྐྱོད་བྱེད་རྒྱུ་མངོན་འགྱུར་བྱེད་པར་ངེས་པར་དུ་འགྲོ་སྐྱོད་བྱེད་མཁན་ལ་དབྱིངས་སྐྱོད་ལྭ་དང་རླངས་འགག་སྒོ་ཁང་། བདེ་འཇགས་ཐག་པ་བཅས་འདོན་སྤྲོད་བྱེད་དགོས་ཚུལ་ཡང་བཏོན་པ་རེད།

མཁའ་དབྱིངས་སུ་འགྲོ་སྐྱོད་བྱས་པའི་མི་ཨང་དང་པོ་ནི་སུའུ་ལེན་གྱི་དབྱིངས་སྐྱོད་པ་ལེ་ཨང་ནོ་ཧྥུ་ཡིན།1965ལོའི་ཟླ3པའི་ཚེས18ཉིན། ལེ་ཨང་ནོ་ཧྥུས་ལུས་ལ་དབྱིངས་སྐྱོད་ལྭ་དཀར་པོ་མནབས་པ་དང་བདེ་འཇགས་ཐག་པས་ལུས་པོ་བཏགས་ནས་དབྱིངས་སྐྱོད་འཕྲུལ་ནང་ནས་སྨི5.3ཡོད་པ་ཙམ་ཕྱིར་བུད་དེ་ཆུ་ཚོད་སྐར་མ12རིང་འགོར་བ་རེད། དབྱིངས་སྐྱོད་ལྭ་ཆེ་རུ་སྦོས་པའི་རྐྱེན་གྱིས་ཁོང་ཉིད་དབྱིངས་སྐྱོད་འཕྲུལ་གྱི་ནང་དུ་ཕྱིར་འཛུལ་དཀའ་བའི་ཉེན་ཁ་ཡང་བྱུང་མྱོང་།

ཟླ་བའི་གོ་ལའི་ཕྱི་ངོས་ཀྱི་མཁའ་དབྱིངས་སུ་འགྲོ་སྐྱོད་བྱས་པའི་མི་ཨང་དང་པོ་ནི་ཨ་རིའི་དབྱིངས་སྐྱོད་པ་ཨ་མུའུ་སི་ཐི་ལང་ཡིན།1969ལོའི་ཟླ7པའི་ཚེས21ཉིན། ཁོང་དང་ཁོང་གི་ལས་གྲོགས“ཨ་ཕོ་ལུའོ”འཕུར་གྲུ་ཨང11པ་དང་བྲལ་ནས། གླག་ཕྲུག་རྟགས་ཅན་གྱི་ཟླ་བའི་གོ་ལའི་སྟེང་དུ་འབབ་པའི་གྲུ་ཤག་ལ་བསྡད་ནས་ཟླ་བའི་གོ་ལའི་སྟེང་དུ་བབས་ཏེ། ཟླ་བའི་གོ་ལའི་སྟེང་འགྲོ་བ་མིའི་རིགས་ཀྱི་རྐང་རྗེས་ཐོག་དང་པོར་ཕབ་པ་རེད།

འདོགས་ཐག་གྲོལ་ནས་ཐོག་དང་པོར་མཁའ་དབྱིངས་སུ་འགྲོ་སྐྱོད་བགྱིས་པའི་འགྲོ་བ་མི་ནི་ཨ་རིའི་དབྱིངས་སྐྱོད་པ་མའེ་ཁཱན་ཏི་ལི་སི་ཡིན། 1984ལོའི་ཟླ2པའི་ཚེས7ཉིན། ཁོང་དང་ཁོང་གི་ལས་གྲོགས་སི་ཐུའུ་ཨར་ཐི་གཉིས་ཀ“འགྲན་སློང་མཁན”རྟགས་ཅན་གྱི་འཕུར་གྲུའི་སྟེང་ནས་ཕྱིར་འཕུར་འོངས་ཏེ། ལུས་སྟེང་ནས་རང་ཉིད་ཀྱི་འདོགས་ཐག་གྲོལ་ནས་མཁའ་དབྱིངས་སུ་སྨི170འགྲོ་སྐྱོད་བྱས་སོ། །

མཁའ་དབྱིངས་སུ་འགྲོ་སྐྱོད་རྐྱང་མ་བྱས་ཡུན་རིང་ཤོས་ཀྱི་མི་ནི་ཨ་རིའི་དབྱིངས་སྐྱོད་པ་ཝོ་སི་དང་ཧིར་མུའུ་སི་ཡིན། 2001ལོའི་ཟླ3པའི་ཚེས11ཉིན་ཁོང་གཉིས་ཀ“གསར་རྙེད” རྟགས་ཅན་གྱི་དབྱིངས་སྐྱོད་གནམ་གྲུའི་སྟེང་ནས་ཕྱིར་བུད་དེ་བྱེད་སྒོ་སྤེལ་ཞིང་། ཆུ་ཚོད8དང་སྐར་མ56གི་རིང་ལ་མཁའ་དབྱིངས་སུ་འགྲོ་སྐྱོད་བགྱིས་པའི་ཟིན་ཐོ་བསྐྲུན།

2003ལོར། “ལྷ་གྲུ”ཨང5པས་ཀྲུང་གོའི་དབྱིངས་སྐྱོད་པ་དང་པོ་དབྱང་ལི་ཝེ་སའི་གོ་ལའི་འཁོར་ལམ་དུ་བསྐྱལ། 2005ལོར“ལྷ་གྲུ” ཨང6པས་ཡང་ཀྲུང་གོའི་དབྱིངས་སྐྱོད་པ་ཧྥེ་ཅུན་ལུང་དང་ཉེ་ཧའེ་ཧྲིན་གཉིས་ཀ་ཁྱེར་ནས་མཁའ་དབྱིངས་སུ་ཉིན5ལ་དབྱིངས་སྐྱོད་བྱས། 2008ལོར་ཀྲའེ་ཀྲི་ཀང་གིས་ཀྲུང་གོའི་དབྱིངས་སྐྱོད་པ་ལོ་རྒྱུས་སྟེང་དུ་ཐོག་དང་པོར་མཁའ་དབྱིངས་སུ་འགྲོ་སྐྱོད་བྱེད་པ་མངོན་འགྱུར་བྱས། 2011ལོར།“ལྷ་གྲུ”ཨང8པ་དང“ལྷའི་ཕོ་བྲང་ཨང་དང་པོས”སྣོལ་འཕུར་སྣེ་མཐུད་མངོན་འགྱུར་བྱས། 2012ལོའི་ཟླ6པའི་ཚེས16ཉིན“ལྷ་གྲུ”ཨང9པའི་སྟེང་དུ་དབྱིངས་སྐྱོད་པ་ཅིན་ཧའེ་ཕིན་དང་ལིའུ་དབྱང་། ལིའུ་ཝང་བཅས་བསྡད་ནས“ལྷའི་ཕོ་བྲང་ཨང་དང་པོ”དང་འཁོར་ལམ་སྟེང་ནས་ཐེངས་གཉིས་ལ་སྣེ་མཐུད་ལེགས་འགྲུབ་བྱུང་། །

    (སྒྲོ་དཔལ་ཆེན་རྒྱལ་གྱིས་བསྒྱུར།)

END

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྟག་ལྷ་སྐྱབས། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章