ཁ་ཤོ་རྐན་ཤོའི་བྱིས་པར་རིན་མེད་ངང་གཤགས་བཅོས་བྱེད་ཀྱི་འདུག

政务   2024-10-29 15:51   西藏  



    ཁ་ཤོ་རྐན་ཤོ་ནི་རྒྱུན་དུ་མཐོང་མང་བའི་ལྷན་སྐྱེས་རང་བཞིན་གྱི་ནད་རིགས་ཤིག་ཡིན་ཞིང་། དེས་བྱིས་པའི་རྣམ་པར་སྐྱོན་རྒྱག་པ་མ་ཟད། ད་དུང་སྐད་ཆ་དང་། ཐོས་ནུས། སེམས་ཁམས་བཅས་ལའང་སྐྱོན་རྒྱག་གི་ཡོད། ས་ཁམས་ཁོར་ཡུག་དང་སྨན་བཅོས་ཆ་རྐྱེན་ཞན་པའི་དབང་གིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་མང་པོ་ཞིག་གིས་ཁ་ཤོ་རྐན་ཤོའི་བྱིས་པར་གཤགས་བཅོས་ཀྱི་འགྲོ་གྲོན་གཏོང་ཐུབ་ཀྱི་མེད། ཁྱིམ་ཚང་དེ་དག་ལ་རོགས་རམ་བྱས་ཏེ་ཁ་ཤོ་རྐན་ཤོའི་བྱིས་པ་དེ་བས་མང་བས་སླར་ཡང་འཛུམ་མདངས་འཕྱུར་ཐུབ་པ་བྱ་ཆེད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས“བདེ་སྐྱིད་ལྡན་པའི་འཛུམ་མདངས། བོད་ཀྱི་ཁ་ཤོ་རྐན་ཤོའི་བྱིས་པ་བརྒྱ་ལ་རོགས་སྐྱོབ་བྱེད་པའི་བྱ་སྤྱོད”ཀྱི་སྤྱི་ཕན་བྱེད་སྒོར་བརྟེན་ནས། རིན་མེད་ངང་ཁ་ཤོ་རྐན་ཤོའི་བྱིས་པ་30ལ་གཤགས་བཅོས་བྱས་ཡོད། 

    “བདེ་སྐྱིད་ལྡན་པའི་འཛུམ་མདངས”ཞེས་པའི་སྤྱི་ཕན་དགེ་སྒྲུབ་རྣམ་གྲངས་ཀྱིས་བོད་ཀྱི་ཁ་ཤོ་རྐན་ཤོའི་བྱིས་པ་100ལ་རིན་མེད་ངང་གཤགས་བཅོས་བྱས་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པའི་བདེ་ཐང་ལ་རམ་འདེགས་བྱེད་རྩིས་ཡོད་ཅིང་། གལ་ཏེ་ཁ་ཤོ་རྐན་ཤོའི་བྱིས་པ་ཡོད་ཚེ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཁ་སྦུག་ཚན་ཁག་ཏུ་གཤགས་བཅོས་ཀྱི་རེ་ཞུ་བྱེད་པར་སྐྱོད་ཆོག་པ་དང་། ཞིབ་དཔྱད་ཚད་ལོན་བྱུང་ཚེ་རིན་མེད་ངང་སྨན་བཅོས་བྱེད་ཀྱི་ཡོད། 
    རོགས་སྐྱོབ་བྱ་ཡུལ་གྱི་ཞིབ་ཕྲའི་ཆ་རྐྱེན་གཤམ་གསལ། 
    (1) རོགས་སྐྱོབ་རེ་ཞུ་འབུལ་མཁན་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ཁ་ཤོ་རྐན་ཤོའི་བྱིས་པ་ཡིན་དགོས། ཁ་ཤོ་རྐན་ཤོའི་སྨན་བཅོས་ཐེངས་དང་པོ་བྱེད་མཁན་གྱི་བྱིས་པ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་ཁ་ཤོ་རྐན་ཤོའི་བྱིས་པ་ཡིན་ཚེ་སྔོན་ལ་རོགས་སྐྱོབ་བྱེད་དབང་ཡོད། 
    (2) ཁ་ཤོ་དང་། རྐན་ཤོ། ཁ་ཤོ་རྐན་ཤོའི་བྱིས་པ(དེའི་ནང་ངོ་གདོང་འཕྲེད་གས་དང་སོ་ཚང་འབུར་གས་གཉིས་ཚུད་ཡོད)ཡིན་དགོས། རོགས་སྐྱོབ་གཤགས་བཅོས་བྱ་ཡུལ་ཁ་ཤོའི་བྱིས་པའི་ལོ་ཚད་ནི་ཟླ་བ་8(ལུས་པོའི་ལྗིད་ཚད་≥8kgཡིན་དགོས)ནས་ལོ་18བར་ཡིན་དགོས་པ་དང་། རྐན་ཤོའི་བྱིས་པའི་ལོ་ཚད་ནི་ཟླ་བ་24ནས་ལོ་12བར་ཡིན་དགོས། 
    (3) ལུས་པོའི་གནས་ཚུལ་གཤགས་བཅོས་ཀྱི་ཆ་རྐྱེན་དང་འཚམས་དགོས། གཤགས་བཅོས་ཀྱི་འཛེམ་བྱ་གསལ་པོ་ཤེས་དགོས་པ་སྟེ། དཔེར་ན་ཁྲག་མདོག་སྤྲི་དཀར་ཧྲེང་རེར་ཁེ100ལས་མཐོ་བ་དང་དབུགས་ལམ་གོང་མར་གཉན་ཚད་སོགས་ཡོད་མི་རུང་།
    (4) རྣམ་གྲངས་རེ་ཞུ་བྱེད་སྐབས་རང་མོས་ཀྱི་རྩ་དོན་དང་སྤྱི་ཕན་རང་བཞིན་གྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། རྣམ་གྲངས་རེ་ཞུ་བྱེད་མཁན་གྱི་ཁྲིམས་གཏན་འཁེལ་བའི་ལྟ་སྐྱོང་བས་ངེས་པར་དུ་བླང་བྱ་ལྟར《“བདེ་སྐྱིད་ལྡན་པའི་འཛུམ་མདངས། ཁ་ཤོ་རྐན་ཤོའི་བྱིས་པར་རོགས་སྐྱོབ་བྱེད་པའི”སྤྱི་ཕན་རྣམ་གྲངས་ཀྱི་རོགས་སྐྱོབ་རེ་ཞུའི་རེའུ་མིག》བརྒྱངས་ནས་གོང་འབུལ་ཞུ་དགོས་པ་དང་འབྲེལ། དཔྱད་གཞིའི་ཡིག་རིགས་ཚང་མ་བདེན་པ་དང་ཆ་ཚང་བའི་འགན་ལེན་ཡང་བྱེད་དགོས།


ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས།

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།    བསོད་ནམས་དོན་གྲུབ། 

ཞུ་དག  ཡེ་ཤེས་བཟང་མོ། 

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章