རི་མགོ་མཐོན་པོར་འཛེགས་ན། མཐོང་རྒྱ་སྤྱི་ལས་ཆེ་བ།

政务   2024-11-14 13:14   西藏  

ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་དང་གྲོང་གསེབ་དར་རྒྱས་བཏང་བ།

ཆུ་གསུམ་རྫོང་རྨ་རོ་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་ལུག་དུས་ཐུང་རྒྱགས་གསོ་བྱས་ཏེ་འབྲོག་ལས་སྒྱུར་བཅོས་གཏིང་ཟབ་བྱས་པའི་སྐོར་བཀོད་པ།

ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྨ་རོ་གྲོང་ཚོ་དེ་མཚོ་ཚད་སྨི་4608ཡོད་པའི་ས་ཆར་གནས་ཡོད་པ་དང་། འབྲོག་ལས་རྐྱང་པའི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་པ་རེད།

དེ་སྔའི་རྨ་རོ་གྲོང་ཚོ་ནི་མཉམ་སྡེབ་དཔལ་འབྱོར་ཧ་ཅང་ཞན་པའི་གྲོང་ཚོ་ཞིག་ཡིན་པ་དང་། མཉམ་ལས་ཁང་མེད་ལ། ཕྱིར་ཚོང་ཐབས་ལམ་མེད་པ། གཙོ་ཁྲིད་རྣམ་གྲངས་མེད་པ་བཅས་མེད་པ་གསུམ་གྱི་དཀའ་གནད་འཕྲད་ནས་ས་གནས་དེ་གའི་གྲོང་མི་ཚོ་སྲོལ་རྒྱུན་འབྲོག་ལས་ཁོ་ནར་བརྟེན་དགོས་པ་དང་། འབྲོག་ལས་ཐོན་རྫས་ཀྱང་རང་མཁོ་རང་སྤྲོད་ཙམ་ལས་གཞི་ཁྱོན་ཅན་གྱི་ཐོན་ལས་ཞིག་ཆགས་ཐབས་བྲལ་ཡོད།

ཉེ་བའི་ལོ་ཤས་རིང་རྨ་རོ་གྲོང་ཚོའི་ཏང་ཀྲི་པུས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་མ་དངུལ་སྒོར་ཁྲི་1500བརྩོན་ལེན་ཧུར་ཐག་བྱས་ཐོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ཡོད་པ་རེད།

2022ལོ་ནས་བཟུང་ལུག་དུས་ཐུང་རྒྱགས་གསོའི་རྟེན་གཞིའི་རྣམ་གྲངས་ལག་བསྟར་བྱས་ཚུན། རྨ་རོ་གྲོང་ཚོའི་མཉམ་སྡེབ་ཀྱིས་སྣེ་ཁྲིད་དང་། ཐོན་ལས་རྟེན་གཞིས་དཔེ་སྟོན། མང་ཚོགས་ཀྱིས་མ་རྐང་ནང་ཞུགས་པ། མཉམ་ལས་ཁང་གིས་གཉེར་སྐྱོང་བྱེད་པ་བཅས་ཀྱི་གསོ་ཚགས་ལས་ཀའི་རྣམ་པ་གསར་པ་ཞིག་ཆགས་ཏེ། ཐོན་ལས་ཀྱིས་རྨང་གཞི་བརྟན་གཏོང་དང་། མང་ཚོགས་ལ་འབབ་འཕར་ཡོང་བའི་ཕྱུག་པོའི་ལམ་དུ་བསྐྱོད་འགོ་ཚུགས་ཡོད།

འདི་ནི་རྨ་རོ་གྲོང་ཚོར་ཡུལ་སྐོར་བས་ཕྱུར་བ་བཟོ་སྟངས་ལ་ལྟ་བཞིན་པ།

ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས།

མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ལ་འབབ་འཕར་གྱི“མཐོར་གཏོང་གཉིས”མངོན་འགྱུར་བྱུང་བ།

ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་རྨ་རོ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལ་དམིགས་ཏེ་གོང་རིམ་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཁྲིད་སྟོན་འོག་ལུག་དུས་ཐུང་རྒྱགས་གསོའི་རྟེན་གཞིའི་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་རྒྱ་ཆེར་གཏོང་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།

རྨ་རོ་གྲོང་ཚོས་ས་གནས་དེ་གའི་ཐོན་ཁུངས་ཀྱི་དགེ་མཚན་དང་ཟུང་འབྲེལ་བྱས་ཏེ་རྒྱགས་གསོའི་རྟེན་གཞི་བསྐྲུན་རྒྱུ་དེ་འབྲོག་ལས་སྒྱུར་བཅོས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ནས་སྐུལ་འདེད་ཧུར་ཐག་བཏང་ཡོད། འོན་ཀྱང་། ས་གནས་དེ་གའི་མང་ཚོགས་ལ་ཐོག་མར་སྒྱུར་བཅོས་བྱེད་པའི་སེམས་ཤུགས་མི་འདང་བས་རྒྱགས་གསོའི་རྟེན་གཞིར་མཁོ་བའི་རྩྭ་ཐང་དང་། ངལ་ནུས་མ་འཇོག ཕན་འབྲས་བགོ་འགྲེམས་སོགས་ཀྱི་ཐད་བློ་རྩེ་གཉིས་ཀྱི་ཐེ་ཚོམ་བྱུང་བ་རེད།

བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ། ཁབ་རྩེ་གཉིས་ཀྱི་འཚེམ་བུ་མི་ཡོང་། མང་ཚོགས་ཀྱི་སེམས་ཁྲལ་འདི་དག་སེལ་ཆེད། རྨ་རོ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་དུད་ཚང་མི་རེ་ངོ་རེའི་ནང་བསྐྱོད་དེ་བསམ་བློའི་ལས་དོན་སྤེལ་བ་དང་། གོ་བདེ་བའི་སྐད་ཆའི་ཐོག་ནས་གྲོང་མི་ཚོར་རྣམ་གྲངས་འཆར་འགོད་དང་ཕྱིས་འབྱུང་གི་མདུན་ལམ་གསལ་བཤད་བརྒྱབ་པ་མ་ཟད། གྲོང་མིའི་འཐུས་མི་སྒྲིག་འཛུགས་བྱས་ཏེ་རྫོང་དང་ཆུས་གཞན་གྱི་རྒྱགས་གསོའི་རྟེན་གཞིར་ལྟ་སྐོར་དང་སློབ་སྦྱོང་བྱེད་དུ་ཕྱིན་པ་དང་སྦྲགས། རྣམ་གྲངས་འཆར་འགོད་ཞིབ་ཕྲ་དང་ས་གནས་ས་ཐོག་ཏུ་ལྟ་སྐོར་དང་རྟོག་ཞིབ་བྱས་པ་ལས་གྲོང་མི་ཚོས་འབྲོག་ལས་སྒྱུར་བཅོས་ནང་ཞུགས་པའི་ཡིད་ཆེས་དང་ཆོད་སེམས་རིམ་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།

“ལྟ་སྐོར་བྱས་པ་བརྒྱུད། ང་ཚོས་ཆུ་ཕྲན་ལས་རྒྱ་མཚོ་ལྷག་པ་ཡོད་པ་དང་། བྲག་རི་ལས་རི་རྒྱལ་ལྷུན་པོ་ལྷག་པ་ཡོད་པའི་དཔེ་བཞིན། གྲོང་ཚོ་གཞན་དག་དང་རང་གྲོང་ཚོའི་ཧེ་བག་ཚོར་ཐུབ་པ་བྱུང་ལ། གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གིས་ང་ཚོའི་སྣེ་ཁྲིད་དེ་ཁྱིམ་དར་ཕྱུག་འགྱུར་བྱེད་པའི་ཆོད་སེམས་ཀྱང་ཚོར་ཐུབ་པ་བྱུང་བས། ཚང་མས་ལུག་དུས་ཐུང་རྒྱགས་གསོའི་རྣམ་གྲངས་ནང་ཞུགས་པའི་སེམས་ཁྲལ་སེལ་བ་མ་ཟད། གནད་དོན་དེ་ཁ་ཚ་དགོས་གཏུག་ཡིན་པའི་ངོས་འཛིན་ཐུབ་བྱུང་”ཅེས་གྲོང་མི་བསོད་ནམས་དོན་གྲུབ་ཀྱིས་རྣམ་གྲངས་ཀྱི་ཐོག་མའི་གྲ་སྒྲིག་ལས་དོན་ཁག་ལ་དྲན་གསོ་བྱེད་ཀྱིན་རང་ཉིད་ཀྱི་མྱོང་ཚོར་ཟབ་མོ་བཤད།

མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པ་ལས། རྨ་རོ་གྲོང་ཚོས“མང་ཚོགས་ཀྱིས་མ་དངུལ་གྲབས་གསོག་བྱེད་པའི”བྱེད་ཐབས་ཐོག་ནས་གྲོང་མི་ཚོས་དངུལ་སྨར་དང་རྩྭ་ཐང་སོགས་མ་རྐང་ནང་ཞུགས་རྒྱུའི་ལྕག་སྐུལ་བྱས། གྲོང་ཚོ་ཡོངས་ཀྱི་དུད་ཚང་50ཡིས་དུད་ཚང་རེས་དངུལ་སྨར་སྒོར་5000རེ་བྱས་ནས་མ་རྐང་ནང་ཞུགས་ཏེ་ཁྱོན་མ་དངུལ་སྒོར་ཁྲི་26གྲབས་གསོག་བྱས། དངུལ་སྨར་མ་རྐང་ནང་ཞུགས་མཁན་གྱིས་རྐང་དངུལ་གྱི་20%བཟུང་ཚུལ་ལ་གཞིགས་ནས་ལོ་མཇུག་ཏུ་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུའི་གཏན་འཁེལ་བྱས། དེ་དང་ཆབས་ཅིག་རྩྭ་ཐང་སྤྱོད་དབང་རིན་དོད་ཡོད་པའི་ཐོག་ནས་བརྒྱུད་བཤུག་བྱས་པས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་235ཡིས་མི་རེས་རྩྭ་ཐང་མུའུ་124.2བརྒྱུད་བཤུག་བྱས་ཏེ་མ་རྐང་ནང་ཞུགས་པ་དང་། གྲོང་ཚོ་མཉམ་སྡེབ་ཀྱིས་ལོ་ལྟར་རྩྭ་ཐང་མུའུ་1ལ་ཁ་གསབ་སྒོར་3.62སྤྲད་དེ་རྣམ་གྲངས་དེས་གཉིས་ཁེ་གཉིས་ཕན་ཡོང་རྒྱུའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

རྣམ་གྲངས་ལག་བསྟར་བྱེད་རིང་། རྟེན་གཞི་དེས་ཡུལ་དེ་གའི་མང་ཚོགས་ཀྱི་ལག་ནས་ལུག་ཉོས་ཏེ་གཅིག་གྱུར་ཐོག་གསོ་ཚགས་བྱས་ཐོག ཁ་ཐོར་གསོ་ཚགས་ནས་ལེགས་བསྡུས་ཞིབ་གཉེར་གསོ་ཚགས་ཕྱོགས་སུ་བསྒྱུར་བཅོས་བྱས་ཡོད། 2024ལོ་ནས་བཟུང་རྟེན་གཞིའི་གསར་སྐྱེས་སྤུ་གསར་གསོན་ཚད་93%ཟིན་པ་དང་། ལུག་1181བཙོངས་པས(དུས་མཚུངས་ལས་490%འཕར་བ)ཡོང་འབབ་སྒོར་ཁྲི་93.3ཟིན་ཡོད་པ་རེད། དེ་དང་ཆབས་ཅིག་རྣམ་གྲངས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་ཡོང་ཆེད་མང་ཚོགས་3གཏན་འཇགས་ཀྱི་ལུག་རྫིར་བསྡུས་པས་ལོ་ལྟར་ལས་མིར་ཡོང་འབབ་སྒོར་ཁྲི་19.44བྱུང་ཡོད་པ་རེད། གཞན་ཡང་གནས་སྐབས་ལས་མི་དང་ལུ་གུ་སྐྱེ་བསུ་བྱེད་རིང་ལས་མི་མི་ཐེངས་900ཙམ་སྐོང་བསྡུ་བྱས་པར་མང་ཚོགས་ཚོར་སྒོ་འགྲམ་ནས་འབབ་འཕར་སྒོར་ཁྲི་17ལྷག་ཙམ་བྱུང་ཡོད་པ་རེད།

འདི་ནི་མཉམ་ལས་ཁང་གི་བགོ་འགྲེམས་ཡིན་པ།

བྱེད་ཐབས་ལེགས་སྒྱུར་བྱས་ནས།

ལན་པར་དང་བྲིན་ཚོང་གི“སྐུལ་འདེད་གཉིས”མངོན་འགྱུར་ཡོང་བ་བྱས་པ།

རྨ་རོ་གྲོང་ཚོས“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཏུས་སྟབས་བདེའི”འདུ་ཤེས་མཐའ་འཁྱོངས་ཀྱིས“ཨེ་ཆུ་མདོ་རྒྱང་”ལན་པར་བཏོད་དེ་མཐོ་གྲང་ཁུལ་དུ་གསོ་ཚགས་བྱས་པ་དང་། སྤུས་དག་རོ་བཅུད་ལྡན་པ། འཚོ་བཅུད་ཕུན་སུམ་ཚོགས་པའི་ལུག་ཤ་དང་ཚགས་ཤ ཕྱུར་བ། མར། གྲོད་ཐུམ་ཚགས་ཤ་སོགས་མཐོ་གྲང་ཁྱད་ལྡན་འབྲོག་ལས་ཀྱི་ཞིང་འབྲོག་ཐོན་རྫས་བཏོན་པ་དང་། “ཨེ་ཆུ་མདོ་རྒྱང་”ལན་པར་གྱི་སྤུས་ལེགས་ཕྱག་རྟགས་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁུག་མ། མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ཐུམ་སྒྲིལ་བཅས་བཏོན་ཏེ་གྲོང་གསེབ་ཀྱི་ཐོན་ལས་སྔར་བས་སྤུས་མཐོ་ཕན་ཆེ་ཡོང་བ་བྱས་ཡོད་པ་རེད།

རྨ་རོ་གྲོང་ཚོས་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས“ཨེ་ཆུ་མདོ་རྒྱང་”གི་ལན་པར་གྱིས་ཁྲིད་སྟོན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ལུག་གི་ཐོན་ལས་ཀྱི་འབྱུང་འཕྲོད་བཟའ་བཅའི་ངོས་རྟགས་ར་སྤྲོད་ལས་དོན་སྤེལ་ཐོག་ཞིང་ལས་ཐོན་རྫས་དེ་སྤྱིར་བཏང་ཐོན་རྫས་ནས་རིག་གནས་ཀྱི་ནང་དོན་དང་ལན་པར་གྱི་རིན་ཐང་ལྡན་པའི་ཁྱད་ལྡན་ཚོང་ཟོག་ལ་འགྱུར་བ་བྱས་པ་དང་། འབྲོག་པའི་འཚོ་བའི་ཉམས་ལེན་ཁང་བཏོད་དེ་ཡུལ་སྐོར་བས“སྦྲ་ནག་”ནས་འོ་མ་བཞོ་བ་དང་། ཞོ་དཀྲོག་པ། ཕྱུར་བ་འདོན་པ། རྡོ་སྒོར་རྒྱག་པ། སྒོར་གཞས་འཁྲབ་པ། འབྲོག་ཁུལ་གྱི་ཁྱད་ལྡན་ཞིམ་ཟས་མྱོང་ལེན་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་300ལྷག་ཙམ་གྱི་ཡིད་དབང་བཀུག་ནས། མིག་སྔའི་བར་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་10ཙམ་བྱུང་ཡོད་པ་རེད། དུས་མཚུངས་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་དང་ཆུ་མདོ་རྒྱང་ཤང་གི་འབྲོག་པའི་རིག་གནས་དུས་ཆེན་སོགས་ལས་སྟེགས་དང་གཞི་རྟེན་ལ་བརྟེན་ནས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་བྱས་ཤིང་། མིག་སྔའི་བར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་བྱུང་ཡོད་པ་རེད།

ལན་པར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང་བསྟུན་ནས་ལྗོངས་ཕྱི་ནང་གི་འཛད་སྤྱོད་པའི་དགོས་མཁོ་སྐོང་ཆེད། རྨ་རོ་གྲོང་ཚོས་དྲ་ཐོག་ཏུ་སྐད་འཕྲིན་གྱི་བརྒྱུད་རིམ་ཆུང་ངུའི་ནང་“ཨེ་ཆུ་མདོ་རྒྱང་”གི་ཐོན་ཟོག་ཅེས་པ་བཙུགས་ཐོག་དྲ་ཐོག་ནས་མངགས་ཉོ་དང་། དྲ་ཕྱི་ནས་སྡེབ་སྐྱེལ་བྱེད་པའི་བྲིན་ཚོང་ཐབས་ལམ་རྒྱ་ཆེར་བཏང་ཡོད་པ་རེད། 2022ལོ་ནས་ད་བར་དྲ་ཐོག་ཏུ་འབྲི་གཡག་མགོ་གྲངས་80ལྷག་ཙམ་དང་། ལུག་མགོ་གྲངས་700ལྷག་ཙམ། མར་དང་ཕྱུར་བ་རྒྱ་མ་450ལྷག་ཙམ་བཅས་བཙོངས་པས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་192ལྷག་ཙམ་བྱུང་ཡོད་པ་རེད།

འདི་ནི་ཡུལ་སྐོར་བས་རྨ་རོ་གྲོང་ཚོའི་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད་པ།
ཚོགས་སྒྲིག་འཕེལ་རྒྱས་བཏང་ནས།

གྲོང་ཚོ་མཉམ་འབྲེལ་ཐོག་ཁེ་ཕན་མཉམ་ཐོབ་མངོན་འགྱུར་ཡོང་བ་བྱས་པ།

གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ནི་མི་ལ་ཐུག་ཡོད་ལ། ལས་དོན་སྒྲུབ་ཕྱོགས་ལའང་ཐུག་ཡོད། རྨ་རོ་གྲོང་ཚོས་ལུག་དུས་ཐུང་རྒྱགས་གསོའི་ལས་དོན་མུ་མཐུད་སྤེལ་བ་དང་དུས་མཚུངས་དཔེ་སྟོན་སྣེ་ཁྲིད་དང་བབ་བསྟུན་འཕྲལ་སྒྲུབ་མཐའ་འཁྱོངས་ཐོག་ཆུ་མདོ་རྒྱང་ཤང་གི་ཐོན་ལས་འཕེལ་རྒྱས་འཆར་འགོད་དང་ཟུང་འབྲེལ་གྱིས་གཅིག་གྱུར་བཀོད་སྒྲིག་བྱེད་པ་དང་། གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ནས་མང་ཚོགས་ལ་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་དེ་བས་མང་བ་ཡོང་བ་བྱས་ཡོད།

ཆུ་མདོ་རྒྱང་ཤང་གིས“གྲོང་ཚོ་སྒྲོལ་བའི་མཉམ་སྐྲུན”གྱི་ཏང་འཛུགས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱེད་པའི་ཁྲིད་སྟོན་ཧུར་ཐག་འོག“ཏང་ཀྲི་པུའུ་དང་ཀུང་སི་མཉམ་ལས”བྱེད་པའི་དོ་དམ་བྱེད་ཐབས་གཞིར་བཟུང་། ཤང་ཡོངས་ཀྱིས་རྨ་རོ་གྲོང་ཚོ་ཚུད་པའི་གྲོང་ཚོ་ཁག་གི་མཉམ་སྡེབ་དཔལ་འབྱོར་གྱི་མ་དངུལ་སྒོར་ཁྲི་30ལྷག་ཙམ་ཟླ་སྒྲིལ་བཏང་ནས་2022ལོ་ཚུན་དུ་འཁྲུ་ཁང་དང་གོས་འཁྲུ་ཁང་གཉིས་གསར་དུ་བཙུགས་པ་དང་། ཆུ་མདོ་རྒྱང་ཤང་དང་དེ་བཞིན་སྟོད་གཟིགས་ཤང་གྲོང་ཚོ་ཁག་གི་2024ལོའི་རྨང་བརྟན་དམངས་ཕན་མ་དངུལ་སྒོར་ཁྲི་111.32ཟླ་སྒྲིལ་བཏང་ནས་འགྱིག་ཟོམ་ནང་བླུགས་པའི་ཆུའི་རྣམ་གྲངས་ལག་བསྟར་བྱས་ཤིང་། ཁྲོམ་རའི་གཏན་འཇགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་སྔོན་དཔག་བྱས་ན་ལོ་ལྟར་ཡོང་འབབ་སྒོར་ཁྲི་50བྱུང་ནས་གྲོང་ཚོ་ཁག་གི་མང་ཚོགས་ལ་རྒྱུན་མཐུད་ཡོང་འབབ་ཡོང་རྒྱུར་འདེགས་སྐྱོར་བྱས་ཡོད་པ་རེད།།

བསོད་བསྟན་གྱིས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས།

ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།  བདེ་སྐྱིད་དཔལ་སྒྲོལ།

ཞུ་དག  ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章