གཞི་རིམ་སྒྲོག་འགྲེལ་པ་ཡག་ཤོས་བཅུའི་འགྲན་བསྡུར་མཇུག་འགྲིལ་བ།

政务   2024-11-15 13:14   西藏  



ཉིན་གཉིས་ཙམ་རིང་འགྲན་བསྡུར་བྱས་པ་བརྒྱུད་2024ལོའི་རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”འགྲན་བསྡུར་ཆེ་མོ་དེ་སྤྱི་ཚེས་13ཉིན་ལྷོ་ཁ་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་ནང་ཚུད་པའི་གཞི་རིམ་གྱི་ཕུལ་བྱུང་སྒྲོག་འགྲེལ་པ་དེ་དག་ནི་ལྗོངས་ཡོངས་ཀྱི་གཞི་རིམ་སྒྲོག་འགྲེལ་པ་10000ལྷག་ཙམ་ཁྲོད་ནས་རིམ་པ་བཞིན་གདམ་གསེས་བྱས་པ་ཞིག་རེད། ཁོང་ཚོ་ནི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་གྲོང་ཚོ(གྲོང་ལྷན)ཁག་ནས་ཡིན་པ་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན། སློབ་ཆེན་ཐོན་པའི་གྲོང་དཔོན། ད་དུང་དགེ་རྒན། གྲོང་ཚོའི་སྨན་པ་སོགས་ཡོད་པ་རེད། བདམས་ཐོན་པ་29དེ་དག་ཚོགས་ཆུང་4ལ་བགོས་ཡོད་པའི་ནང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཚོགས་ཆུང་1དང་། བོད་སྐད་ཚོགས་ཆུང་3ཡོད་པ་རེད། འགྲན་བསྡུར་བྱེད་རིང་ས་གནས་ས་ཐོག་ཏུ་སྐར་གྲངས་དཔྱད་བསྡུར་དང་དྲ་ཐོག་ནས་ཐད་གཏོང་བྱས་ཡོད་པ་དང་འབྲེལ་གཞུང་དཔང་ལས་ཁུངས་གདན་ཞུ་བྱས་ཏེ་འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ཡོད་པ་རེད།

རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཚོགས་ཆུང་གི་བདམས་ཐོན་པ་7ཡོད་པ་དེ་དག་སྤྱིར་ལོ་ན་གཞོན་ལ་སློབ་རིམ་མཐོ་བས། སྲིད་ཇུས་ཐད་ཀྱི་རྟོགས་རྒྱ་ཆེན་པོ་ཡོད་པ་དང་། བོད་སྐད་ཡིག་ཚོགས་ཆུང་གི་བདམས་ཐོན་པ་ཚོས་གོ་བདེ་ཤེས་སླའི་ཐོག་ནས་འགྲན་རྩོད་ཛ་དྲག་པོ་བྱས་ཡོད། བདམས་ཐོན་པ་ཚོས་ཉེ་འགྲམ་གྱི་མི་དང་བྱ་བ་དེ་དག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”ལ་དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་པ་བཞི”སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཡོད་ཅིང་། འགྲན་ཞུགས་པ་ཚང་མར་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ལྡན་ཡོད་པས་འགྲན་བསྡུར་བྱ་ཡུལ་དུ་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས་པ་རེད།

ཁྱབ་ཁོངས་ཁག་གི་རིགས་གཅིག་མཁས་ཅན་དང་སྐབས་གོང་མའི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུ”ལས་གྲུབ་པའི་དཔྱད་ཞིབ་ཨུ་ཡོན་ཚོགས་ཆུང་གིས། སྐབས་འདིའི་འགྲན་བསྡུར་ཆེ་མོར་ས་གནས་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་བྱས་པ་དང་། བདམས་ཐོན་པ་ཚོའི་ཕྱིའི་རྣམ་པ་སྟོན་སྟངས་ནས་ནང་གཏམ་བཤད་བྱེད་སྟངས་ཀྱི་ཆུ་ཚད་དབར་སྔར་དང་བསྡུར་ན་ཡར་རྒྱས་ཆེན་པོ་བྱུང་ཡོད་ལ། གཏམ་བཤད་ཀྱི་ནང་དོན་ཀྱང་ཉེ་འགྲམ་གྱི་མི་དཀྱུས་མ་དང་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་མི་རྣམས་ལ་ཡིད་དབང་འཕྲོག་པའི་གཏམ་རྒྱུད་བརྗོད་པའི་ངོས་འཛིན་བྱས་པ་རེད། དཔྱད་འདེམས་ཚོགས་ཆུང་གིས་བདམས་ཐོན་པ་ཚོས་ཏང་གི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་སྔར་བས་སློབ་སྦྱོང་མཐར་ཕྱིན་པ་བྱས་ཐོག་སྤྲོ་སྣང་ཁྲོད་ནས་སློབ་གསོ་ཐོབ་པ་བྱ་རྒྱུའི་རེ་བ་བཏོན་ཡོད་པ་རེད།། 

                                 བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས།

ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།    བདེ་སྐྱིད་དཔལ་སྒྲོལ།

ཞུ་དག  ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ། 

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章