འདི་ནི་ལི་ཧྥུའུ་ཀྲུང་གིས་གཞི་ཁྱོན་ཡན་གྱི་ཁེ་ལས་དང་། རྒྱལ་ཁབ་ཁེ་ལས་ཀྱི་བསྒྱུར་བཅོས། ཆ་འཕྲིན་ཅན་གྱི་ལས་དོན། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས། གྲོང་ཁྱེར་གྲངས་གཞི་ཆེན་མོ་དབྱེ་གསེས་ལྟེ་གནས་ཀྱི་མ་ལག་བྱེད་ནུས་དང་འཁོར་རྒྱུག་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཞིབ་ཕྲ་གནང་བཞིན་པ།
གྲོང་ཁྱེར་ཚོང་དོན་ཅུད་དུ། ལི་ཧྥུའུ་ཀྲུང་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལོའི་ལས་དོན་དང་། མཁོ་འདོན་དང་འགྲེམས་འཚོང་མཉམ་ལས་ཁང་གི་བསྒྱུར་བཅོས་ལས་དོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཡག་པོ་གནང་བ་རེད། ཁོང་གིས། ལོ་ཧྲིལ་པོའི་ལས་འགན་གཏན་འཁེལ་བྱས་ཟིན་པས་དེར་དམ་པོར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། བྱ་ཐབས་སྣེ་མང་བསྟར་ནས་ཚད་གཞིའི་ཁེ་ལས་སྐྱེད་སྲིང་བྱེད་དགོས་པ་དང་། ཉོ་ཚོང་སྡེབ་ཚོང་དང་། སིལ་ཚོང་། ཞག་སྡོད་བཟའ་བཏུང་ལས་རིགས་བཅས་ཁེ་ལས་ཁག་ཅིག་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་རྒྱུན་མཐུད་བྱས་ཏེ་དྲ་ཕྱི་དྲ་ཐོག་གི་ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། ཡར་ཀླུང་ཚོང་འདུས་སྐབས་44པ་གཉེར་རྒྱུར་གྲ་སྒྲིག་བྱས་ནས་འཛད་སྤྱོད་ཀྱི་གསོན་ཤུགས་འདོན་སྤེལ་དང་འཛད་སྤྱོད་ནུས་པ་ཟབ་གཏོང་བྱེད་དགོས། གྲོང་གསེབ་ཏུ་མྱུར་སྐྱེལ་བསྐུར་མ་འདྲེན་གཏོང་མ་ལག་གི་ཕྱོགས་བསྡུས་བསྒྱུར་བཅོས་ཟབ་ཏུ་བཏང་སྟེ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་ལྡན་གྱི་མྱུར་སྐྱེལ་དངོས་ཟོག་འདྲེན་གཏོང་གྱི་དྲ་རྒྱ་འཛུགས་དགོས་པ་དང་། མཁོ་འདོན་དང་ཕྱིར་འཚོང་མཉམ་ལས་ཁང་གི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དྲ་བའི་ཐད་གཏོང་བརྒྱུད་ནས་ཟོག་འགྲེམས་དང་དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བརྒྱུད། ཁྱད་ལྡན་ཞིང་འབྲོག་ཡུལ་ཟོག་དེ་བས་མང་བ་ཕྱི་ཕྱོགས་སུ་བྲིན་ཁ་རྒྱུག་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འདི་ནི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཚོང་འགུག་མ་འདྲེན་དང་གླིང་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བཞིན་པ།
གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུད་དུ། ལི་ཧྥུའུ་ཀྲུང་གིས་ཚོང་འགུག་མ་འདྲེན་དང་གླིང་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས། སྡེ་ཚན་གསར་པར་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་འཇོག་དགོས། ཚོང་འགུག་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་རྟོགས་ངང་འགན་འཁྲི་ནན་འཁུར་དང་ཕྱི་ཕྱོགས་སུ་མང་ཙམ་བསྐྱོད་ནས་ལས་དོན་མང་ཙམ་གཉེར་བསྒྲུབ་བྱས་ཐོག་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་དགོས། དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྱོང་བྱ་རྒྱུའི་རེ་ཞུ་རྒྱག་པའི་ལས་དོན་ལ་སྐུལ་འདེད་མྱུར་པོ་བཏང་སྟེ། གླིང་ཁུལ་འཆར་འགོད་ཚན་རིག་དང་མཐུན་པ་བྱེད་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་འཐུས་ཚང་བྱས་ཏེ། གླིང་ཁུལ་སྤྱི་ཡོངས་ཀྱི་དོ་དམ་དང་ཞབས་ཞུའི་ནུས་པ་མཐོར་འདེགས་བྱས་ནས་གླིང་ཁུལ་འཛུགས་སྐྱོང་སྟོབས་ཇེ་ཆེར་བཏང་ཐོག་གཞི་ཁྱོན་ལྡན་པ་བསྐྲུན་རྒྱུར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འདི་ནི་བཞུགས་མོལ་ཚོགས་ར་ཡིན་པ།
བཞུགས་མོལ་ཚོགས་འདུའི་ཐོག ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུད་དང་། ཚོང་དོན་ཅུད། མ་འཇོག་སྐུལ་སྤེལ་ཅུད་བཅས་ཀྱི་ལས་དོན་སྙན་ཞུ་གསན་པ་དང་མ་ཟད། གྲོང་ཨུད་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ཆ་འཕྲིན་དང་། ཚོང་དོན། མ་འཇོག་སྐུལ་སྤེལ་བཅས་ཀྱི་ལས་གནས་ཐོག་ཡོད་པའི་ལས་བྱེད་ལས་བཟོ་པ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་འཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་མཐར་ཕྱིན་པ་བྱས་ཏེ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་། ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་ཀའི་རེ་འདུན་ཐོག་བསམ་སྦྱོར་གཅིག་གྱུར་ཡོང་བ་བྱས་ཐོག ལས་དོན་ཁག་ཡག་པོ་བསྒྲུབ་པའི་བྱ་སྤྱོད་ངོ་མའི་ཐོག་ནས་གཏན་འཁེལ་གཉིས་ལ་འགྱུར་མེད་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལི་ཧྥུའུ་ཀྲུང་གིས་བླང་བྱ་བཏོན་གནང་དོན། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམ་ཟབ་དམིགས་ཏེ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཁྲིད་ཕྱོགས་ལ་རྒྱུས་མངའ་ཏན་ཏིག་ཐུབ་པ་བྱེད་དགོས་པ་དང་། མིག་སྔར་གཞི་རྐང་ཚུགས་པ་དང་། མིག་རྒྱང་རིང་བར་བསྲིང་བ། ཡིད་ཆེས་བརྟན་གཏོང་། དབྱེ་ཞིབ་བརྡར་ཤ་ཡང་དག་གཅོད་པ་བཅས་ཀྱི་ཐོག་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་གྲུབ་བྱས་ནས་སང་ལོའི་ལས་དོན་ཁག་ལ་སྔོན་ཚུད་ནས་འཆར་འགོད་ཡག་པོ་བརྒྱུད། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་སྐྱོང་མྱུར་པོ་བྱས་ཏེ། གཙོ་གནད་ཐོན་ལས་སྟོབས་ཇེ་ཆེར་གཏོང་དགོས་པ་དང་། གྲངས་འཛིན་དཔལ་འབྱོར་གྱི་འཕེལ་རྒྱས་ཇེ་ཟབ་ཏུ་བཏང་སྟེ། ཁེ་ལས་ཀྱི་ཞབས་ཞུ་བཀོད་གཏོང་ལ་ཤུགས་སྣོན་དང་རྒྱལ་དབང་ཁེ་ལས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་མྱུར་པོ་བཏང་ཐོག དཔལ་འབྱོར་འཕེལ་རྒྱས་ཆེད་རྨང་གཞི་གལ་ཆེན་མཁོ་འདོན་བྱེད་དགོས། བྱ་ཐབས་སྣེ་མང་མཉམ་དུ་བསྟར་ནས་འཛད་སྤྱོད་ལ་སྐུལ་འདེད་དང་ཕྱི་ཕྱོགས་སུ་སྒོ་མོ་ཇེ་ཡངས་སུ་དབྱེ་དགོས། ཕན་ནུས་ཆེ་བའི་ཚོང་འགུག་མ་འདྲེན་གྱི་ལས་ཀར་སྐུལ་འདེད་བཏང་སྟེ། ཐོན་ལས་གླིང་ཁུལ་གྱི་འཛུགས་སྐྱོང་ལ་སྐུལ་འདེད་མྱུར་པོ་དང་། བསྒྱུར་བཅོས་རྒྱུན་མཐུད་ཟབ་གཏོང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་བཅས་བྱས་ནས་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཡག་པོ་གཏོང་ཕྱིར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།
ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་འདི་ཉིད་ལས་དོན་ཁག་གི་བརྒྱུད་རིམ་ཡོངས་དང་ཕྱོགས་ཚང་མར་ཁྱབ་པ་བྱས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། དཔུང་ཁག་ཚན་པར་སྣེ་ཁྲིད་ཡག་པོ་ཡོང་རྒྱུར་དམ་འཛིན་བྱས་ཏེ། འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་དང་ཕན་ཚུན་གཞོགས་འདེགས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས་དཔུང་ཁག་ཚན་པའི་འཐབ་འཛིང་བྱེད་ནུས་དང་མཉམ་ཤུགས་སྒྲིལ་ནུས་རྒྱུན་མཐུད་ཆེ་རུ་གཏོང་དགོས། རང་འགུལ་ངང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་དགོས་པ་དང་འགན་ནུས་ལག་བསྟར་ཧུར་ཐག་བྱས་ཏེ། དྭངས་ཤིང་གཙང་བའི་སྲིད་ཚོང་གི་འབྲེལ་བ་ཧུར་ཐག་སྐྱོང་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ལྷོད་མེད་བྱས་ཏེ། ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བདེ་སྐྱིད་དཔལ་སྒྲོལ།
ཞུ་དག ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ།