མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཡག
ལྷོ་ཁའི་རྩེད་ཐེར་ལན་པར་ཀུན་ལ་གྲགས།
མངོན་མིན་རིག་གནས་ཤུལ་བཞག་ནི་རང་རྒྱལ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་དམངས་ཁྲོད་དུ་རྩ་བ་ཚུགས་པ་དང་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་རྩ་ཆེན་ནོར་བུ་ལྟ་བུ་ཞིག་རེད། སྤྱི་ཚོགས་དེང་རབས་ཅན་བསྐྲུན་མགྱོགས་སུ་འགྲོ་བ་དང་རིག་གནས་ཀྱི་སྐྱེ་ཁམས་འཕོ་འགྱུར་ཇེ་ཆེར་འགྲོ་བའི་དེ་རིང་། མངོན་མིན་རིག་གནས་ཤུལ་བཞག་ལ་འཕྲད་པའི་འགྲན་སློང་མང་དག་གི་མདུན་ལ། སྣེ་གདོང་ཆུས་རྩེད་ཐེར་འཐག་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་པ་པ་སངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་རྩེད་ཐེར་ལ་འབོད་པའི་ས་མཐོའི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ལན་པར་དེ་རྒྱུན་འཛིན་ཐོག་བཏོད་པ་རེད།
རྩེད་ཐེར་ལ་ལོ་ངོ་སྟོང་གི་ཐོན་སྐྱེད་བཟོ་རྩལ་ལོ་རྒྱུས་ལྡན་ཡོད། ཏང་དང་སྲིད་གཞུང་གི་རོགས་སྐྱོར་འོག 2008ལོར། པ་སངས་ཀྱིས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས་སྣེ་གདོང་ཆུས་མི་རིགས་རྩེད་ཐེར་འཐག་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ན་སོ་བགྲེས་ཤིང་རྩེད་ཐེར་འཐག་ལས་ལ་བྱང་བའི་འཐག་རྒན་གདན་ཞུ་བྱས་ཐོག སྲོལ་རྒྱུན་འཐག་ལས་ལ་མཁོ་བའི་རྒྱུ་ཆ་དང་། ལས་སྣོན། རྒྱུ་སྤུན། ཚོས་རྒྱག་སོགས་བཟོ་རྩལ་ལས་རིམ་དག་སླར་ཡང་བསྐྱར་གསོ་བྱས་ཏེ་རྩེད་ཐེར་འཐག་ལས་ཀྱི་ཐོན་སྐྱེད་དང་བཟོ་རྩལ་གྱི་རྒྱུན་བསྐྱངས་ཡོད་པ་རེད།
2010ལོར། རྩེད་ཐེར་འཐག་ལས་བཟོ་རྩལ་འདི་ཉིད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་དཔྱད་འདེམས་བྱས་པ་དང་། 2011ལོར། རྩེད་ཐེར་གྱི་ལན་པར་ཐོ་འགོད་ལེགས་གྲུབ་བྱུང་བ། 2021ལོར། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་བཅས་ལས། རྩེད་ཐེར་གྱི་ཐོན་ཟོག་རྒྱལ་ཡོངས་ཙམ་མ་ཟད་འཛམ་གླིང་ཐོག་བྲིན་འགོ་ཚུགས་ཡོད།
ལོ་མང་རིང་། འབད་བརྩོན་བྱས་པ་བརྒྱུད། མིག་སྔར། སྣེ་གདོང་ཆུས་མི་རིགས་རྩེད་ཐེར་འཐག་ལས་ཆེད་ལས་མཉམ་ལས་ཁང་ལ་འཕོ་འགྱུར་གསར་པ་བྱུང་ཡོད་པ་མ་ཟད། རྩེད་ཐེར་འཐག་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད།
མཉམ་ལས་ཁང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཐད་སྣང་ཆེན་བྱེད་ཀྱི་ཡོད། ལོ་མང་རིང་། མཉམ་ལས་ཁང་གིས་ལས་ཞོར་གསོ་སྦྱོང་གི་ཐབས་ལམ་སྤྱད་དེ། ཉེ་འཁོར་གྱི་གྲོང་མི་དང་། གནས་སྤོས་མང་ཚོགས། དབང་སྐྱོན་མི་སྣ་སོགས་ལ་ལས་གནས་མཁོ་འདོན་ཧུར་ཐག་བྱས་ཡོད། ངག་མཚོ་སྒྲོལ་མ་ནི་དེའི་གྲས་ཤིག་རེད། ཁོ་མོ་ནི2012ལོར་ལྷུན་རྩེ་རྫོང་ཞོལ་གསར་ཤང་སྲིད་གཞུང་གི་རོགས་སྐྱོར་འོག འདི་གའི་ལས་ཀར་ཞུགས་པ་དང་། ཕ་མ་གཉིས་ཀ་འདས་གྲོངས་སོང་བའི་ཁོ་མོས་རང་གི་ལག་ཟུང་བརྟེན་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏོད་ཡོད་པ་རེད། ཁོ་མོས། འཐག་ལས་ལ་ཞུགས་རྒྱུ་བྱུང་བ་ལས་ངའི་མི་ཚེའི་རིན་ཐང་མངོན་འགྱུར་བྱུང་སོང་། དངོས་གནས་བཀའ་དྲིན་ཆེ་ཞུ་རྒྱུ་ཞེས་གླེང་གི་འདུག
ཚེམས་དྲུབ་པ་ཟླ་བ་བཀྲ་ཤིས་ཀྱིས་སྐྱིལ་ཀྲུང་མར་གསར་འགོད་པར། ང་ཚོས་ཉིན་ལྟར་དུས་ཐོག་ཏུ་རང་རང་གི་ལས་གནས་ཐོག་ལས་འགན་ལེགས་གྲུབ་བྱེད་ཀྱི་ཡོད། བར་གསེང་ལ་ཚང་མ་དང་མཉམ་དུ་ཅི་གྲོས་མོལ་གྲོས་ཐོག་སེམས་གཏམ་ཤོད་རེས་བྱེད་ཀྱི་ཡོད། སྐྱིད་སྣང་དོད་ཐག་ཆོད་འདུག་ཅེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། སྣེ་གདོང་ཆུས་རྩེད་ཐེར་འཐག་ལས་ཆེད་ལས་མཉམ་ལས་ཁང་དུ་ལས་བཟོ་པ་ཁྱོན་127ཡོད། དེའི་ནང་དབང་སྐྱོན་མི་སྣ་32ཡོད་ཅིང་། ཟླ་རེར་མི་རེར་ལས་གླ་སྒོར་3000ནས་4000འཆར་ཅན་ལེན་རྒྱུ་ཡོད་པ་རེད།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ།
ཞུ་དག ཡེ་ཤེས་བཟང་མོ། བདེ་སྐྱིད་དཔལ་སྒྲོལ།