ལི་ཧྥུའུ་ཀྲུང་གིས་ཚན་པ་འདི་དག་ཏུ་རྟོག་ཞིབ་གནང་འདུག

政务   2024-11-13 15:55   西藏  


སྤྱི་ཚེས་12ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ནོར་སྲིད། འཕེལ་སྒྱུར་སོགས་ཚན་པར་རྟོག་ཞིབ་གནང་སྟེ། ལས་དོན་ཁག་གི་འཕེལ་རིམ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། ལས་བྱེད་ལས་བཟོ་ཚོར་འཚམས་འདྲི་གནང་བ་རེད།
གྲོང་ཨུད་ཀྱི་འགོ་ཁྲིད་ཝང་ཡུན་ཆིང་དང་། ཨན་ཤིན་གོ་ཡིས་རྟོག་ཞིབ་རིང་ཕེབས་རོགས་ཞུས།

ས་ཆ་གང་དུ་ཕེབས་རིམ་བཞིན། ལི་ཧྥུའུ་ཀྲུང་གིས་སྡེ་ཚན་ཁག་ཏུ་ཕེབས་ནས་ལས་བྱེད་ལས་བཟོ་ཚོ་དང་གླེང་མོལ་གནང་བཞིན། ཚང་མའི་ལས་ཀའི་ཁོར་ཡུག་ལ་གཟིགས་པ་དང་། སྡེ་ཁག་གི་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ། གྲོང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མས་འགན་འཁྲི་གཙང་སྒྲུབ་དང་། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དཀའ་སེལ་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དཀའ་སྤྱད་འབད་བརྩོན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། 

འདི་ནི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུད་དུ་སྤྱི་གསོག་མ་དངུལ་དང་ས་ཁང་བདག་ཁོངས། གྲོང་ཁྱེར་འཛུགས་སྐྲུན། རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བཞིན་པ།

སྡོད་ཁང་འཛུགས་སྐྲུན་ཅུད་དུ། ལི་ཧྥུའུ་ཀྲུང་གིས་སྤྱི་གསོག་མ་དངུལ་ལེན་པ་དང་དོ་དམ། གྲོང་ཁྱེར་འཛུགས་སྐྲུན། རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། ཁོང་གིས་ནན་བཤད་གནང་དོན། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དོ་དམ་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཚད་ལྡན་དོ་དམ་དང་ཉེན་ཁ་ཚོད་འཛིན་ནན་པོ་བྱེད་དགོས། དམངས་ཕན་ཞབས་ཞུའི་བྱ་ཐབས་ལེགས་སུ་བཏང་ནས་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། སྲིད་ཇུས་ཞིབ་འཇུག་ཡག་པོ་བྱས་ནས་ས་ཁང་བདག་ཁོངས་ཁྲོམ་རའི་སྔོན་དཔག་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རིམ་མདུན་དུ་སྐྱོད་པ་བཅས་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་དགོས།   

འདི་ནི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད་དུ་འབྲེལ་ཡོད་གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བཞིན་པ།

གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད་དུ། ལི་ཧྥུའུ་ཀྲུང་གིས་གཞུང་ལམ་འཛུགས་སྐྲུན་དང་། “རྒྱལ་ཡོངས་ཀྱི་ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ་དཔེ་སྟོན་གྲོང་ཁྱེར”གཏོད་པ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། ཁོང་གིས་ནན་བཤད་གནང་དོན། སྔོན་འགྲོའི་འགྲོ་ལུགས་གཉེར་མགྱོགས་སུ་གཏོང་བ་དང་། གཉེར་སྒྲུབ་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་སྐུལ་འདེད་ལ་ཚོད་འཛིན་ཐེབས་པའི་འགག་གནད་དང་དཀའ་གནད་ཐག་གཅོད་ཧུར་ཐག་བཅས་བྱས་ཏེ་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཧུར་ཐག་བྱེད་དགོས། སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་གཙང་ཉེན་ཁ་སྔོན་འགོག་ནུས་ལྡན་བྱེད་པ། དབང་ཆ་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ། ལས་ཀའི་སྤྱོད་ཚུལ་བསྒྱུར་བ། རང་འགན་འཁྲི་སྒྲུབ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ཞིང་འབྲོག་ཁུལ་གྱི་འགྲོ་ལམ་ཤར་བགྲོད་ཐུབ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། རྒྱུན་གཏན་དོ་དམ་སྲུང་སྐྱོང་དང་བདག་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གཏོད་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་དགོས།  

འདི་ནི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ནོར་སྲིད་ཅུད་དུ་“ཞིང་གསུམ”མ་དངུལ་ལ་ནོར་སྲིད་ཀྱིས་འགན་ལེན་བྱེད་ཚུལ་དང་། 2024ལོའི་སྔོན་རྩིས་ལག་བསྟར།  2025ལོའི་སྔོན་རྩིས་བཟོ་འགོད་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བཞིན་པ།

གྲོང་ཁྱེར་ནོར་སྲིད་ཅུད་དུ། ལི་ཧྥུའུ་ཀྲུང་གིས་“ཞིང་གསུམ”མ་དངུལ་ལ་ནོར་སྲིད་ཀྱིས་འགན་ལེན་བྱེད་ཚུལ་དང་། 2024ལོའི་སྔོན་རྩིས་ལག་བསྟར་དང་2025ལོའི་སྔོན་རྩིས་བཟོ་འགོད་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། ཁོང་གིས་ནན་བཤད་གནང་དོན། འབྲེལ་ཡོད་ཀྱི་ནོར་སྲིད་སྲིད་ཇུས་སློབ་སྦྱོང་ནན་ཏན་བྱེད་པ་དང་། ནོར་སྲིད་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ། སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ། ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། ལྟེ་བར་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། གཞི་རྩ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། “གྲོན་ཆུང་འཚོ་བ་སྐྱེལ་སྟངས”ཀྱི་བླང་བྱ་དོན་འཁྱོལ་ནན་པོ་དང་། ཚན་རིག་དང་མཐུན་པའི་སྔོན་རྩིས་བཟོ་འགོད། སྔོན་རྩིས་ལག་བསྟར་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་བ། ནོར་སྲིད་ཀྱི་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ལས་ཆོད་དང་བེད་སྤྱོད་ཕན་འབྲས་ཆེ་རུ་གཏོང་བ། ཚད་ཡོད་ཀྱི་ནོར་སྲིད་མ་དངུལ་བགོ་བཤའ་ཡག་པོ་དང་། བེད་སྤྱོད་ཡག་པོ། དོ་དམ་ཡག་པོ་བཅས་བྱེད་དགོས། 

འདི་ནི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དུ་གྲོང་ཁྱེར་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་དོ་དམ་ལས་དོན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བཞིན་པ། 

གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དུ། ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་དོ་དམ་ལས་དོན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་། ཁོང་གིས་ནན་བཤད་གནང་དོན། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱ་རྒྱུར་དམ་འཛིན་ཡག་པོ་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགྱུར་མེད་ལས་འགན་ཞིག་ཏུ་བརྩིས་ནས་རྣམ་གྲངས་ཇུས་འགོད་གནད་འཕིགས་བྱེད་པ་དང་། ཚོང་འགུགས་མ་འདྲེན་བྱ་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ནུས་ལྡན་གྱི་མ་འཇོག་ཅིག་ཆགས་པ་བྱེད་དགོས། གནད་ཆེའི་རྒྱུ་རྐྱེན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རང་འགུལ་ངང་ཞབས་འདེགས་ཞུ་བ། ནུས་ལྡན་དང་གོ་རིམ་ལྡན་པའི་ངང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དུས་བཀག་ནང་རྣམ་གྲངས་ཁག་བདེ་བླག་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས། དུས་བཀག་ནང་བསྡུ་འཇལ་ལས་དོན་ཁག་དམ་འཛིན་ནན་པོ་བྱས་ཏེ་འཇལ་དགོས་རིགས་འཇལ་བ་དང་། གཅིག་གྱུར་བྱེད་དགོས་རིགས་ཚང་མ་གཅིག་གྱུར་བྱེད་དགོས།   

འདི་ནི་བཞུགས་མོལ་ཚོགས་ར་ཡིན་པ།
རྟོག་ཞིབ་མཇུག་སྒྲིལ་རྗེས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུད་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཅུད། ནོར་སྲིད་ཅུད། འཕེལ་སྒྱུར་ཨུ་ལྷན་ལས་དོན་སོགས་ཀྱི་གནས་ཚུལ་སྙན་ཞུ་གསན་པ་དང་། ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་ནས། “འདུ་ཤེས་བཞི”ཟབ་གཏོང་དང་། “གདེང་ཚོད་བཞི”བརྟན་གཏོང་། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཚང་གྲོས་ཐེངས་གསུམ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་གྲོས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞི”དང་ངེད་གྲོང་ཁྱེར་གྱི“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དྲུག”གི་ཐོག་སེམས་ནུས་གཅིག་ཏུ་བསྒྲིལ་ཏེ་འགན་འཁྲི་འཁུར་བ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་སྒོ་ཀུན་ནས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

ལི་ཧྥུའུ་ཀྲུང་གིས་བླང་བྱ་བཏོན་གནང་དོན། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་དགོས་པ་དང་། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། ཆེད་སྒྲུབ་ཚོ་ཆུང་འཛུགས་པ། དེ་བས་ནུས་ལྡན་གྱི་བྱ་ཐབས་ཁྱབ་གདལ་གཏོང་བ། གཟའ་འཁོར་རེར་བཀོད་གཏོང་དང་ཟླ་རེར་བརྡ་ཁྱབ་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཆེད་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་བྱེད་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་གསར་བརྗེས་ཀྱི་བྱ་སྤྱོད་མགྱོགས་མྱུར་ལག་བསྟར་བྱེད་དགོས་པ་དང་། སྡོད་ཁང་འགན་ལེན་གྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། འཛུགས་སྐྲུན་ལས་རིགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། “ནོར་སྲིད་ཀྱིས་སྲིད་ལས་ལ་ཞབས་ཞུ་བསྒྲུབ་པའི”འདུ་ཤེས་བརྟན་པོ་བཙུགས་ནས་ཀྲུང་དབྱང་གི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ་དང་། ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་ཡག་པོ་བྱེད་པ། ལྟེ་བར་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། དོ་དམ་ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཡོང་སྒོ་འཕར་སྣོན་དང་གཏོང་སྒོ་གྲོན་ཆུང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། མ་ལག་གི་ལྟ་བ་དང་ལས་རིགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བདེ་འཇགས་དེ་བས་ཆེ་ལ་ཤར་བགྲོད་ཐུབ་པའི་གཞུང་ལམ་གྱི་དྲ་བ་ཞིག་སྐྲུན་དགོས།  འཆར་འགོད་དང་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱི་ལོ་དང་“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ལས་དོན་འཆར་འགོད་ཡག་པོ་བྱེད་དགོས་པ་དང་། འབྲེལ་གཏུག་དང་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས་པ།  རྣམ་གྲངས་ཆེ་གྲས་དང་རྣམ་གྲངས་ཡག་པོ་ཁག་གཅིག་བརྩོན་ལེན་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། 

ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་དང་།  དམངས་གཙོ་གཅིག་སྡུད་ལམ་ལུགས་དང་དོན་དག་གལ་ཆེན་དགོངས་སྐོར་དང་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཐབས་ཇུས་ཚན་རིག་དང་མཐུན་པ་དང་། ལག་བསྟར་བློ་ཐག་ཆོད་པོ་དང་ཕན་ནུས་ལྡན་པ། ལས་སྒྲུབ་ཁྲིམས་མཐུན་དང་ལས་ཆོད་ཆེ་བ་བཅས་ཡོང་བ་བྱེད་དགོས། ལས་ཀའི་འཇོན་ཐང་དང་ཆུ་ཚད་རྒྱུན་མཐུད་ནས་མཐོ་རུ་གཏོང་བ་དང་། ཚན་ཁག་དམ་འཛིན་ཡག་པོ་དང་དཔུང་ཁག་སྣེ་ཁྲིད་ཡག་པོ། བསམ་བློ་གཅིག་ཏུ་གཏོང་བ། ནུས་ཤུགས་གཅིག་ཏུ་འདོན་པ་བཅས་བྱས་ནས་ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་ཐོན་སྐྱེད་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་ནས་ལས་འཛོལ་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།  ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཉེ་བའི་ལོ་ཤས་རིང་གི་སྐོར་གཟིགས་དང་། སྐོར་ཞིབ། ལྟ་ཞིབ། རྩིས་བཤེར་སོགས་ནས་ཤེས་རྟོགས་བྱུང་བའི་གནད་དོན་སྤྱི་འདོམས་ཇུས་འགོད་དང་། གཅིག་གྱུར་སྐུལ་འདེད། བཅོས་སྒྲིག་གནད་ལ་འཁེལ་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་བྱེད་དགོས།


གྲོང་ཁྱེར་འགོ་ཁྲིད་འཇམ་དགའ་དང་། ཧན་ལེའང་གིས་རྟོག་ཞིབ་ཁག་ཅིག་ནང་ཞུགས་པ་རེད།

ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་དང་བསོད་དོན་གྱིས་ཞུས། 



ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   བདེ་སྐྱིད་དཔལ་སྒྲོལ།

ཞུ་དག  ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章