ཟླ་11ཚེས་21ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གལ་ཆེའི་གསུང་བཤད་དང་། གལ་ཆེའི་མཛུབ་སྟོན། གལ་ཆེའི་རྟེན་འབྲེལ་འཕྲིན་ཡིག་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ངེད་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བཅས་བྱས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་བསྡོམས་རྩིས་ལས་དོན་སྙན་ཞུ་གསན་པ་དང་། ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་ལ་བཀོད་སྒྲིག་བྱས་པ་རེད།ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ལྷོ་ཁའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། དེང་རབས་ཞིང་ལས་དང་། སྒྲིག་བཀོད་འབྲོག་ལས། ལྗང་མདོག་བཟོ་ལས། མཐོ་གསར་གྲངས་འཛིན། ས་མཐོའི་སྐྱེ་དངོས། དྭངས་གཙང་ནུས་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཁྱབ་ཁོངས་སུ་ཚན་རྩལ་ཁྱབ་གདལ་བེད་སྤྱོད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ཆུ་ཚད་མཐོ་བའི་སྒོ་དབྱེ་བྱེད་རྒྱ་ཆེ་རུ་བཏང་ནས་ཁྲོན་བོད་མཚོ་བོད་ལྕགས་ལམ་གྱི་དཔལ་འབྱོར་ཁུལ་དང་། བོད་དབུས་ལྷོའི་གཙོ་གནད་གསར་སྤེལ་ཁུལ། ལྗོངས་ཡོངས་ཀྱི“ལྟེ་བ་གཅིག་དང་། སྐོར་གཅིག རྒྱུད་གཉིས། ཁུལ་གསུམ”བཅས་ཀྱི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་ཞབས་ཞུ་བྱས་ཏེ་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས་པ་དང་། མཁའ་འགྲུལ་ཁུལ་གསར་དང་དཔལ་འབྱོར་གསར་སྤེལ་ཁུལ་སོགས་ཀྱི་སྒོ་དབྱེའི་ལས་སྟེགས་སྟོབས་ཆེར་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་མཉམ་འདྲེས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་སྟེ་རིག་དངོས་གནའ་ཤུལ་དང་རིག་གནས་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་རང་བཞིན་གྱི་རྒྱུན་འཛིན་ཐད་ཤུགས་སྣོན་བརྒྱབ་སྟེ་གཏིང་ཟབ་པའི་རིག་གནས་ཀྱིས་ཕྱུག་པའི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་དགོས། ཏང་གི་ཕྱོགས་ཡོངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྣང་ཚུལ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་དུ་རླངས་འཁོར་བཏང་ནས་འགྲོ་འོང་བྱེད་མཁན་ལ་བརྡུངས་པའི་གྱོད་གཞིར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག་བྱ་ཐབས་ནུས་ལྡན་སྤྱད་དེ་སྤྱི་ཚོགས་ཁྱོན་ཡོངས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། མི་སྣ་འདུ་འཛོམས་མང་བའི་ཁུལ་གྱི་བདེ་འཇགས་སྔོན་འགོག་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ཚོགས་སྤྱིའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་འགན་ལེན་ཏན་ཏིག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྲན་སློབ་ཆེན་བཙུགས་ནས་ལོ་100འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་སློབ་གསོ་དེ་ཐོག་མཐའ་བར་གསུམ་དུ་སྔོན་ལ་འཇོག་དགོས་པ་དང་། “འགན་ལེན་གསུམ”གྱི་འགྲོ་གྲོན་ཚད་ལྡན་དང་དོ་དམ་བྱེད་པ། སློབ་གསོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། སློབ་གསོའི་མཉམ་ལས་འཚོལ་ཞིབ་ཧུར་ཐག་བྱེད་པ། སློབ་གསོའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་ལྷོ་ཁའི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཏང་གིས་སྤྱི་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ཆབ་སྲིད་འཛུགས་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་འཇོག་པ། ཏང་གིས་སྤྱི་ཚོགས་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། “ཁེ་ལས་གཉིས་དང་གསར་པ་གསུམ”སོགས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་བྱས་ཡོད།ཚོགས་འདུའི་ཐོག ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ཡིག་ཆའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། སྲིད་ཇུས་ཁོང་དུ་ཆུད་པ། སྲིད་ཇུས་ལ་ཞིབ་འཇུག་བྱེད་པ། སྒུག་བརྟེན་མི་བྱེད་པ། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན། སྔོན་ཚུད་ནས་འཆར་འགོད་དང་འབྲེལ་མཐུད་ལ་ཤུགས་སྣོན། གྲ་སྒྲིག་ཨང་གསར། ཆེད་དོན་སྟོབས་ཤུགས་སྒྲིག་འཛུགས། ཆེད་སྒྲུབ་མི་སྣ་སྒྲིག་འཛུགས་བཅས་བྱས་ཐོག རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲིད་སྟོན་དང་འཚམ་པའི་རྣམ་གྲངས་ཡག་པོ་དང་རྣམ་གྲངས་ཆེ་གྲས་དེ་བས་མང་བ་བརྩོན་ལེན་བྱེད་དགོས་པ། སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད།
ཚོགས་འདུའི་ཐོག གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་གྲོང་ཁྱེར་ཡོངས་ཀྱི་བསྡོམས་རྩིས་ལས་དོན་གྱི་སྙན་ཞུ་གསན་པ་མ་ཟད། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་གཞི་རིམ་དང་ས་གནས་ས་ཐོག་ཏུ་ཟབ་འཇུག་གིས་ཚན་རིག་དང་། གནད་འཁེལ། རང་འགུལ་བཅས་ཀྱི་སྒོ་ནས་བསྡོམས་རྩིས་ལས་དོན་ཡག་པོ་བསྒྲུབས་ཏེ་བསྡུ་འཇུག་བྱེད་དགོས་པ་ཚང་མ་བསྡུ་འཇུག་བྱེད་པ་དང་། གཅིག་གྱུར་བྱེད་དགོས་པ་ཚང་མ་གཅིག་གྱུར་ཐུབ་པ་བྱས་ནས་བསྡོམས་རྩིས་གྲངས་གཞི་ཡང་དག་དང་གནད་ལ་འཁེལ་བའི་འགན་ལེན་བྱས་ཐོག་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་ངང་གོང་འཕེལ་འགྲོ་རྒྱུར་སྤུས་ལེགས་ཀྱི་བསྡོམས་རྩིས་ཞབས་ཞུ་འགན་ལེན་བྱེད་དགོས། ཡང་དག་པའི་སྲིད་སྐྱོང་ལས་རྗེས་ཀྱི་ལྟ་བ་བརྟན་དུ་གཏོང་བ་དང་། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ། བསྡོམས་རྩིས་གྲངས་གཞི་ཁུངས་བཙན་བརྟན་སྲུང་བཅས་བྱས་ནས་བསྡོམས་རྩིས་རྫུན་བཟོ་བྱེད་རིགས་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་པའི་ནན་བཤད་བྱས་ཡོད།
ཚོགས་འདུའི་ཐོག ལོ་མཇུག་དང་ལོ་འགོའི་ལས་དོན་གཙོ་བོར་བཀོད་སྒྲིག་བྱས་པ་དང་སྦྲགས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། དུས་བབ་དང་ལས་འགན་ལ་དབྱེ་ཞིབ་ནན་ཏན་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། མཐའ་མཚམས་དོ་དམ་ཚོད་འཛིན་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་དང་མངོན་མེད་རྐྱེན་རྩ་སྣ་ཚོགས་ལ་གྲལ་བཤེར་ཞིབ་ཚགས་བྱེད་པ། ཉམས་ཞན་ལྷུ་ཚིགས་ལ་ཤུགས་སྣོན་རྒྱག་པ། རིམ་པ་སྟར་ཆགས་ཀྱིས་འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་ངང་སྤེལ་ཐོག་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས། ལས་རིགས་སྡེ་ཚན་ཁག་དང་རྫོང(ཆུས་དང་གྲོང་ཁྱེར)ཁག་གི་འགོ་ཁྲིད་གཙོ་བོ་སྐུ་ངོ་མས་བཀོད་སྒྲིག་བྱས་ཏེ་སློབ་གྲྭའི་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ་དང་། ཡར་ཀླུང་ཚོང་འདུས་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ། ལོ་མཇུག་དང་ལོ་འགོའི་སྤྱི་པའི་བདེ་འཇགས་དང་། མེ་ཟོན་བདེ་འཇགས། འགྲོ་ལམ་བདེ་འཇགས། དགོན་སྡེའི་བདེ་འཇགས། གསང་སྲུང་བདེ་འཇགས། མཐའ་མཚམས་དོ་དམ་ཚོད་འཛིན། ཡིག་བསྐུར་ངོ་བཅར་ལས་དོན་སོགས་ལ་སྤྱི་འདོམས་ཡག་པོ་བྱས་ནས་ཐལ་དྲགས་དོན་རྐྱེན་མཐའ་གཅིག་ཏུ་མི་ཐོན་པ་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་དོན་ཏན་ཏིག་བསྒྲུབས་ཏེ་རང་གིས་རང་ལ་གནོན་ཤུགས་སྤྲོད་པ་དང་རང་འགུལ་ངང་ལས་དོན་སྒྲུབ་པ། ཆ་རྐྱེན་ཉུང་ཙམ་ཤོད་པ། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དཀའ་སེལ་བྱེད་པ། ཕྱོགས་ཡོངས་ལ་བསམ་བློ་གཏོང་བ། ཐབས་ཤེས་ཡོད་རྒུ་འདོན་པ་བཅས་བྱས་ཏེ་མང་ཚོགས་ཕྱིར་ལས་ཀར་སྐྱོད་རྒྱུའི་སྒྲིག་འཛུགས་ཧུར་ཐག་བྱེད་པ་དང་། ཞིང་འབྲོག་ཐོན་ཟོག་ཉོ་ཚོང་བྱེད་ཤུགས་ཆེ་རུ་གཏོང་བ། དགུན་དུས་ཀྱི་ཨར་ལས་རྣམ་གྲངས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ནས་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། འདི་ལོའི་ལས་དོན་ལ་ལེགས་སྒྲིག་དང་ཕྱོགས་སྡོམ་ནན་ཏན་བྱེད་པ། ཕྱི་ལོའི་ལས་དོན་སྔ་སྣུར་དུ་ཇུས་འགོད་བྱེད་པ། ལོ་མཇུག་དང་ལོ་འགོའི་ཚོགས་འདུ་གལ་ཆེན་གྲ་སྒྲིག་སྒྲིག་འཛུགས་བཅས་བྱས་ནས་ཕྱི་ལོའི་ལས་དོན་ཁག་ལ་འགོ་ཡག་པོ་ཞིག་འཛུགས་པ་དང་གོམ་སྟབས་བརྟན་པོ་ཞིག་སྤོ་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ།
ཞུ་དག ཡེ་ཤེས་བཟང་མོ། བདེ་སྐྱིད་དཔལ་སྒྲོལ།