ནད་འདི་མི་ཕོག་པ་བྱེད་བསམས་ན། ཉེ་དུས་འདི་དག་ལ་ཡིད་གཟབ་གནང་དང་།

政务   2025-01-03 16:09   西藏  


    གནམ་གཤིས་གྲང་དུ་འགྲོ་བ་དང་བསྟུན་ནས་དབུགས་ལམ་ནད་ཕོག་མཁན་མང་དུ་སོང་བར་བརྟེན། སྨན་ཁང་ཁག་ཏུ་སྨན་པ་བསྟེན་པ་དང་སྨན་ཁང་ནང་སྡོད་མཁན་ཉིན་རེ་བཞིན་མང་དུ་འགྲོ་གི་ཡོད། ད་བྱས་ན། དབུགས་ལམ་ནད་ཀྱི་ནད་རྐྱེན་དང་དེར་ནད་རྟགས་གང་དག་ཡོད་མེད། མི་ཚོགས་གང་དག་གིས་དེ་བས་དོ་སྣང་བྱེད་དགོས་པ། སྔོན་འགོག་ཇི་ལྟར་བྱས་ཏེ་མི་འགོ་བ་བཅས་དོ་སྣང་བྱེད་དགོས་པའི་དོགས་གནད་འདི་དག་ལ་དམིགས་ནས། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་དབུགས་ལམ་ཁོང་ནད་ཚན་ཁག་གི་ཀྲུའུ་རེན་དང་གཙོ་བཅོས་སྨན་པ་གཞོན་པ་ཟླ་བ་དབང་རྒྱལ་ལ་བཅར་འདྲི་ཞུས་པ་ཡིན།
↓↓



    དབུགས་ལམ་གྱི་གཉན་ཚད་ནད་ནི་མིའི་སྣ་ཁུང་དང་། མིད་པ། གློ་ཡུ། གློ་ཡུའི་ཡན་ལག་སོགས་དབུགས་ལམ་ལ་གཉན་ཁ་རྒྱས་པའི་ནད་ཅིག་ཡིན་ཞིང་། དབུགས་ལམ་སྟོད་མར་གཉན་ཁ་རྒྱས་པ་དང་དབུགས་ལམ་སྨད་མར་གཉན་ཁ་རྒྱས་པ་གཉིས་སུ་དབྱེ་གི་ཡོད། དབུགས་ལམ་གྱི་གཉན་ཚད་ནད་ནི་ནད་དུག་དང་། ཕྲ་སྲིན། ཀྲེ་ཡཱོན་སྲིལ་སྲིན་སོགས་ནད་རྐྱེན་རྗེས་མཐུན་ལས་བྱུང་བ་ཞིག་ཡིན་ཞིང་། དེའི་ནང་དབུགས་ལམ་སྟོད་མར་གཉན་ཚད་རྒྱས་པར་སྤྱིར་བཏང་གི་ཆམ་པ་དང་ཆམ་རིམས་སོགས་ཚུད་པ་དང་། དབུགས་ལམ་སྨད་མར་གཉན་ཚད་རྒྱས་པར་གློ་ཡུའི་གཉན་ཚད་རྒྱས་པ་དང་གློ་ཚད་འཁྲིད་པ་སོགས་ཚུད་ཀྱི་ཡོད། “སྤྱིར་བཏང་བྱས་ན། དབུགས་ལམ་སྟོད་མར་གཉན་ཚད་རྒྱས་རྗེས་སྣ་ཁུང་འགགས་པ་དང་། སྣ་ཆུ་དོན་པ། ཧབ་ཆི་རྒྱག་པ། མིད་པ་སྐམ་པ། མིད་པ་ཟ་འཕྲུག་ལངས་པ། མིད་པ་ན་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད། ནད་པ་ཁག་གཅིག་ལ་ཚ་བ་རྒྱས་པ་དང་། གྲང་ཟུག་རྒྱག་པ། མགོ་ན་བ། ཤུགས་ཟད་པ། ཆག་བརྒྱབ་པ་ལྟར་ན་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད”ཅེས་ཟླ་བ་དབང་རྒྱལ་གྱིས་བཤད།
    ཟླ་བ་དབང་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དབུགས་ལམ་ནད་ཀྱི་ནད་རྐྱེན་ལ་འགོས་ལམ་གཉིས་ཡོད་དེ། གཅིག་ནི་ནད་པས་གློ་རྒྱག་པའམ་ཧབ་ཆི་རྒྱག་སྐབས་འཐོར་བའི་མཆིལ་མ་ལས་འགོ་བ་དང་། གཉིས་ནི་ནད་པ་དང་ཐག་ཉེ་པོ་བྱས་པ་ལས་ཐད་ཀར་འགོ་བའམ་ཡང་ན་ནད་དུག་འགོས་ཡོད་པའི་ཅ་དངོས་ལ་རེག་རྗེས་ཁ་སྣ་མིག་སོགས་ལ་ལག་པ་འཆང་བ་ལས་འགོ་བ་ཡིན།

འགོ་སླ་བའི་མི་ཚོགས།

    བྱིས་པའི་ནད་འགོག་ནུས་པ་ད་དུང་དར་མ་ལྟར་ཆགས་མེད་པ་དང་རྒན་རྒོན་གྱི་དབུགས་ལམ་འགོག་སྲུང་ནུས་པ་དང་གཟུགས་པོ་ཡོངས་ཀྱི་ནད་འགོག་ནུས་པ་སྐྱོ་རུ་སོང་བས། བྱིས་པ་དང་རྒན་རྒོན་ལ་དབུགས་ལམ་གྱི་ནད་ཕོག་སླ་པོ་ཡོད། གལ་ཏེ་བྱིས་པ་དང་རྒན་རྒོན་སོགས་ཆམ་པ་བརྒྱབ་པའམ་དབུགས་ལམ་ནད་ཀྱི་ནད་རྟགས་ཐོན་ཚེ་གང་མགྱོགས་སྨན་ཁང་དུ་འགྲོ་དགོས་ཞེས་ཟླ་བ་དབང་རྒྱལ་གྱིས་བཤད།

སྔོན་འགོག་བྱ་ཐབས།

    ཟླ་བ་དབང་རྒྱལ་གྱིས་གསུངས་དོན། དབུགས་ལམ་གྱི་རྩི་པགས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་སྔོན་འགོག་དང་དྲག་སྐྱེད་ཡོང་བར་ནུས་པ་ཧ་ཅང་ཆེན་པོ་ཐོན་གྱི་ཡོད།

    གཅིག་ནས། ནད་གཞི་འདི་རིགས་སྔོན་འགོག་བྱེད་པར་རྒྱུན་གཏན་ནས་དོ་སྣང་བྱེད་དགོས་ཤིང་། གཟུགས་པོ་སྦྱོང་བརྡར་རན་པོ་བྱེད་པ་དང་། གཉིད་འདང་ངེས་ཁུག་པ། བཟའ་བཏུང་ཚད་བཞིན་བསྟེན་པ། སྔོ་ཚལ་དང་ཤིང་ཏོག་སོགས་འཚོ་བཅུད་མང་བའི་བཟའ་བཅའ་མང་ཙམ་བཟས་ཏེ་ནད་འགོག་ནུས་པ་ཆེ་རུ་གཏོང་བ། དགུན་ཁ་ད་དུང་དྲོ་ཇུས་ཡག་པོ་བྱེད་དགོས།

    གཉིས་ནས། མི་སྒེར་གྱི་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ་ལག་པ་ཡང་སེ་འཁྲུ་བ་དང་། མི་མང་པོ་འདུ་འཛོམས་བྱ་ཡུལ་དུ་མི་འགྲོ་བ། དགོས་ངེས་སྐབས་ཁ་རས་ཡག་པོ་རྒྱག་དགོས།

































































ལོ་འགོ་དང་ལོ་མཇུག་གི་བདེ་འཇགས་བརྟན་ལྷིང་ལས་དོན་སྐོར་ལ་ཁོང་གིས……

ལས་ཁུངས་འདིའི་སྒོ་རའི་ནང་རིན་པ་མི་དགོས་པར་མོ་ཊ་འཇོག་ཆོག་གི་འདུག

ཁ་ས་ནས་ལག་ལེན་བསྟར་བའི་གཏན་འབེབས་གསར་པ་འདི་དག་ང་ཅག་དང་འབྲེལ་བ་ཆེ




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章