༄༅། །གནམ་ལོ་གསར་པར་བསུ་བ་ཞུ།

政务   2024-12-31 09:37   西藏  




༄༅། །གནམ་ལོ་གསར་པར་བསུ་བ་ཞུ།

 

    དུས་ཀྱི་གཙང་པོ་རབ་མེད་དེ་མདུན་ནས་མདུན་དུ་བཞུད་མཐར། སླར་ཡང་སྐྱིད་སྡུག་འདྲེས་མའི་ལོ་རྙིང་པར་གྱེས་ཕྱག་ཕུལ་ནས། སྐྱ་རེངས་ཀྱི་མཐའ་ནས་བཀྱགས་ཏེ་གནམ་ལོ་གསར་པའི་ཉི་གཞོན་དབང་ཕྱོགས་ལྷུན་པོའི་སྤོ་ནས་བྱེ་བ་ཕྲག་བརྒྱའི་འོད་ཟེར་དབྱིག་འཛིན་བུ་མོའི་བཞིན་ལ་སྤྲོས་བཞིན། རེ་བས་ཁེངས་པའི་གནམ་ལོ་གསར་པ་ཞིག་ལ་བསུ་བ་ཞུས།

    སྙན་ངག་པའི་ཤེས་རབ་ལས་འཁྲུངས་པའི་སྙན་ཚིག་དང་། གཞས་པ་གཞས་མའི་གྲེ་འགྱུར་ལས་གྲགས་པའི་སྙན་དབྱངས། ད་དུང་མིག་ཡིད་ཀྱི་དཔྱིད་དཔལ་དུ་སིམ་པའི་གཞོན་ནུ་མའི་སྒོར་གཞས། ལྡིར་ལྡིར་གནམ་ས་གཡོ་བའི་ཤོག་སྦག་གི་སྐད་སྒྲ། བྱིས་པ་ཚོའི་དགའ་འབོད་ཀྱི་སྒྲ་དབྱངས། བགྲེས་སོང་ཚོའི་བཀྲ་ཤིས་ཀྱི་སྨོན་ཚིག འདི་དག་ཡོད་ཚད་ཀྱི་ཡོད་ཚད་ནི་གནམ་ལོ་གསར་པའི་དགའ་སྟོན་ལ་བསུ་བ་ཞུ་བའི་འགྱུར་ཁུག་སྟོང་ལྡན་གྱི་མཉམ་དཀྲོལ་རོལ་མོ་ཞིག་གམ། ཡང་ན། མཛེས་སྡུག་ཡིད་དུ་འོང་བའི་སྣུམ་ཚོན་རི་མོ་ཞིག་དང་ཅིས་མི་འདྲ།

    ང་ཚོས་རང་རྒྱུད་ལ་སིམ་པའི་ང་རྒྱལ་གྱི་མེ་ལྕེ་དང་། ཕྲག་དོག་གི་ཚེར་མ། འདོད་ཆགས་ཀྱི་ཆུ་ལྦུར་ཞི་ནས། གནོད་སེམས་ཀྱི་དྲི་མ་དང་། བརྣབ་སེམས་ཀྱི་རྩྭ་ངན་དྲུངས་ནས་ཕྱུངས་ཏེ། ནང་སེམས་ལ་བྱི་དོར་ཡང་ཡང་བགྱིས་ནས་དྲང་བདེན་དང་ལྷག་བསམ་གྱི་གོ་ཆས་རྟག་ཏུ་རང་གི་ལུས་སེམས་བརྒྱན་དགོས།

    ངེད་ཅག་གི་ཤ་ཁྲག་གདོས་བཅས་ལས་གྲུབ་པའི་ལུས་ཕུང་ལ་ནད་གདོན་ར་རིའི་དྲི་མས་མ་སྦགས་ཤིང་། འབྱུང་བཞིའི་རླུང་འཚུབ་ཀྱིས་མ་གཙེས་པར་རྟག་ཏུ་འདུ་བ་སྙོམས་པའི་སྨོན་ལམ་འདེབས་པ་ཡིན།

    བདག་གིས་ཡིད་ཀྱི་དབྱིངས་རུམ་ནས་ཡ་ཐོད་སྣུམ་གྱིས་འཚོས་པའི་རྒན་རྒོན་དབུ་དཀར་ཅན་ཚོ་སྐུ་ཚེ་བྲག་ལས་བརྟན་པ་དང་། ལང་ཚོའི་བཀྲག་མདངས་རྒྱས་པའི་ལོ་ཆུང་རིག་པ་ཅན་ཚོ་ཤེས་རབ་དབྱར་གྱི་ཆུ་གཏེར་བཞིན་འཕེལ་བ། སྤྱི་སྒེར་གྱི་བྱ་བར་འགན་སེམས་ཆེ་བའི་དར་མ་བརྩོན་སེམས་ཅན་ཚོ་བྱ་གཞག་མཐའ་དག་ལེགས་འགྲུབ་ཡོང་བའི་སྨོན་ལམ་ཞུ་བ་ཡིན།

    བདག་གིས་སྙིང་དབུས་ནས་ཨ་ཁུ་འབྲོག་པ་རྣམས་ལ་གཡང་ཟོག་ཕྱུགས་ཀྱི་འཕེལ་ཁ་རྒྱས་ཤིང། རྟ་འདོ་བའི་བང་འགྲོས་མྱུར་བ། ལུག་གཡང་དཀར་བལ་ཁ་འཇམ་ཞིང་། འབྲི་མཛོ་མོའི་འོ་མ་བཟང་བ། ཨ་ཁུ་ཞིང་པ་ཚོར་ཞིང་ཐང་ཡངས་མོ་གྲོ་ནས་སྙེ་མའི་མགོ་ལྕོག་ལྡེམ་ཞིང་། ནག་ཆུང་སྲན་མས་ལག་གདང་སྦྲེལ་བ། དམར་རིལ་པད་ཆུང་གིས་བྲོ་གར་འཁྲབ་ཅིང་། འབྲུ་རིགས་སྣ་ལྔས་བང་མཛོད་གཏམས་པའི་སྨོན་ལམ་གྲངས་མེད་ཞུ་བ་ཡིན།

    རྒྱལ་ཁམས་ཡོངས་སུ་དམག་འཁྲུག་དང་མུ་གེའི་ཁམ་ནག་ཆུ་འཛིན་གྱི་འཇིགས་པ་མེད་པར། བདེ་སྐྱིད་ཀྱི་ཉི་མ་རྟག་ཏུ་འཆར་བ་དང་། རང་རེའི་རླབས་ཆེན་མེས་རྒྱལ་འདི་ཉིད་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་ཤིང་། མི་རིགས་ཁག་མཛའ་མཐུན་གྱི་འོ་ཆུ་གཅིག་ཏུ་འདྲེས་ཏེ། འཕེལ་རྒྱས་ཀྱི་གོམ་ཁ་གློག་གི་འགྲོས་ལ་འགྲན་ནས། འཛམ་གླིང་ས་ཡི་གོ་ལའི་དབུས་སུ་མངོན་པར་འཕགས་པའི་སྨོན་ལམ་འདེབས།

    གནམ་ལོ་གསར་པར་ང་ཚོས་སྔར་བཞིན་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིལ་ཏེ། རང་འཁྲིའི་ལས་ལ་འབད་འབུངས་དང་། ཐབས་ཤེས་ཟུང་འཇུག་གིས་རང་གི་བློ་གྲོས་དང་སྟོབས་ཤུགས་ལ་བརྟེན་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་དགོས།

    གནམ་ལོ་གསར་པར་ང་ཚོའི་མགོ་ཐོག་གི་ནམ་མཁའ་དེ་བས་གཡའ་དག་པ་དང་། ང་ཚོའི་རྐང་འོག་གི་འགྲོ་ལམ་དེ་བས་བདེ་ཞིང་ཡངས་པའི་བཀྲ་ཤིས་སྨོན་ལམ་གྲངས་མེད་ཡང་ནས་ཡང་དུ་འདེབས།



སྤེན་ཚེ་གཞོན་པ།




ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་བསྒྲོན་རྒྱུ་རེད་འདུག

བོད་ཀྱི་ཕྲུ་གུ་འདི་དག་གིས་རྒྱལ་ཡོངས་ལ་སྐད་གྲགས་བཞག་འདུག

ཐོ་རེངས་ཆུ་ཚོད་5པར་མགྲོན་ཁང་ཞིག་ནས་བཟུང་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།
         ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章