བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།
བསམ་གྲུབ་ཚེ་རིང་གིས་ལྷུན་རྩེ་རྫོང་དུ་རྟོག་ཞིབ་གནང་བ།
སྤྱི་ཚེས་19ནས་20ཉིན་བར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་ལྷུན་རྩེ་རྫོང་དུ་ཟབ་འཇུག་གནང་ནས། ས་གནས་ས་ཐོག་ཏུ་མངའ་སྲུང་མཐའ་བརྟན་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་ལེན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་ཡང་གནང་བ་རེད།
སྤྱི་ཚེས་19ཉིན། བསམ་གྲུབ་ཚེ་རིང་དང་བཅས་པས་མཐའ་སྲུང་ལེན་ཤོག་ཞིག་ཏུ་ཕེབས་ནས་མདུན་ཕྱོགས་སོ་ལྟ་བྱེད་མཁན་དཔུང་སྡེའི་དཔོན་དམག་ཚོར་འཚམས་འདྲི་གནང་བ་དང་། ཁོང་གིས། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མཐའ་སྲུང་གི་འགན་འཁྲི་ཡག་པོ་འཁུར་བ་དང་། མཐའ་སྲུང་གི་འགན་འཁྲི་གཙང་སྒྲུབ་མཐའ་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་། དམག་དཔུང་དང་ས་གནས་དབར་གྱི་དམག་དམངས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ནས་མེས་རྒྱལ་དང་མི་དམངས་ཀྱི་བློ་དཀར་སེམས་དཀར་གྱི་སྲུང་དམག་ཡག་པོ་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
སྤྱི་ཚེས་20ཉིན། བསམ་གྲུབ་ཚེ་རིང་དང་བཅས་པས་ཙ་རི་ཤང་གི་ལས་སྒྲུབ་ས་ཚིགས་ཤིག་ཏུ་ཕེབས་ནས་ལས་སྒྲུབ་ཉེན་རྟོག་པ་དང་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། སྡོད་བྱའི་སྐོར་གཡེང་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ། ལས་སྒྲུབ་མི་སྣས་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་ལས་གནས་བརྟན་སྲུང་བྱེད་པར་ཁས་ལེན་གང་ལེགས་གནང་བ་དང་། ཁོང་ཚོས་མུ་མཐུད་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དར་སྤེལ་བཏང་ནས་མེས་རྒྱལ་མཐའ་མཚམས་ཀྱི་རྩྭ་རྩི་ཤིང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོར། བསམ་གྲུབ་ཚེ་རིང་གིས་སངས་རྒྱས་ཆོས་པའི་བཞུགས་གནས་རྙིང་པ་དང“རྒྱལ་གཅེས་མཐའ་སྲུང”གི་སྔོན་ཐོན་བྱས་རྗེས་འགྲེམས་ཁང་ལ་ལྟ་སྐོར་གནང་ནས“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཚམས་འདྲི་གནང་བ་དང་། ཕྱུགས་འཚོ་སའི་ཁུལ་དུ“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་སྒྲོལ་དཀར་དང་བྱམས་བརྩེའི་ངང་སྤེལ་རེས་གནང་གིན་ཁོང་གི་གཟུགས་པོའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཕ་དང་བུ་མོ་གསུམ་པོས་ལོ་བཅུ་ཕྲག་རིང་ཉིན་གཅིག་ལྟར་དཀའ་ངང་ལ་མི་སྐྲག་པར་ཕྱུགས་འཚོ་གིན་མངའ་ཁོངས་སྲུང་བའི་སྙིང་སྟོབས་ལ་སེམས་གཏིང་ནས་དགའ་མགུ་ཡི་རངས་ཞུས་པ་དང་གཟུགས་པོར་གཅེས་སྤྲས་བྱས་ནས་སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་དེ་བས་མང་བས་མཐའ་བརྟན་མཐའ་སྲུང་དང་མཐའ་མཚམས་བརྟན་ལྷིང་ཡོང་བར་སྣེ་ཁྲིད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
རྟོག་ཞིབ་རིང་། བསམ་གྲུབ་ཚེ་རིང་གིས་སྔ་རྗེས་སུ་བོད་ལྗོངས་ཁོའོ་ཡོན་ཞིང་ལས་གསར་སྤེལ་མ་རྐང་ཚད་ཡོད་ཀུང་སི་དང་བོད་ལྗོངས་རྫོང་སྣེ་འཛུགས་སྐྲུན་ཚད་ཡོད་ཀུང་སིར་འཚམས་འདྲི་གནང་ནས་ཁེ་ལས་ཀྱི་མིག་སྔའི་ཐོན་སྐྱེད་དང་། གཉེར་སྐྱོང་། བྲིན་ཚོང་བཅས་དང་དེ་བཞིན་འབྱུང་འགྱུར་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ལྷུན་རྩེ་རྫོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཚང་གྲོས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“དམངས་ཀྱི་གནས་ཚུལ་འདྲི་བ་དང་། ཁོར་ཡུག་ལེགས་སུ་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་སེམས་ནུས་ཡོད་རྒུས་ཁེ་ལས་ཀྱི་ཞབས་ཞུ་ཡག་པོ་བསྒྲུབས་ཏེ་ཁེ་ལས་བརྟན་པོའི་ངང་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱེད་དགོས་པ་དང་། སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲིད་ཇུས་ཀྱི་མཉམ་ཤུགས་ཆགས་པ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ནས་ཁྲོམ་རའི་གསོན་ཤུགས་དང་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བྱེད་དགོས། དུས་མཚུངས་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་འགྱུར་ལྡོག་ཧུར་ཐག་གཏོང་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཡིད་ཆེས་བརྟན་དུ་གཏོང་བ། དུས་བསྟུན་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ལྷོ་ཁའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་སོ།
ཡར་ཀླུང་བསྡུས་འཕྲིན།
ཉེ་དུས། ལྷུན་རྩེ་རྫོང་གིས་རྫོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་ཚོགས་འདུ་སྐོང་འཚོགས་བྱས་པ།
ཉེ་ཆར། ཆུ་གསུམ་རྫོང་གིས་དུས་ཡུན་ཉིན་བཞི་ཡིན་པའི་ཚན་རྩལ་གཞི་རིམ་དུ་སྤེལ་བའི་ལག་རྩལ་གསོ་སྦྱོང་གཉེར་བ།
ཉེ་དུས། གྲ་ནང་རྫོང་གིས་བུད་མེད་ལ“འབྲས་སྐྲན་གཉིས”ཀྱི་རོགས་སྐྱོབ་དངུལ་སྤྲོད་པའི་ལས་དོན་སྤེལ་བ།
ཉེ་ལམ། འཕྱོངས་རྒྱས་རྫོང་གི་འབྲེལ་ཡོད་ཚན་པས་སློབ་གྲྭ་ཁག་ཏུ་སྟོན་དུས་ཀྱི་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཉེ་དུས། མཚོ་སྨད་རྫོང་གིས་དམག་ཞབས་ཐིམས་པའི་དམག་མིའི་ཁེ་ལས(ཁེར་རྐྱང་བཟོ་ཚོང་དུད་ཚང)3ལ“དམག་བཀུར་ཁེ་ལས”དང“དམག་བཀུར་ཁང”གི་སྒོ་བྱང་སྤྲད་པ།
ཉེ་ཆར། ངེད་གྲོང་ཁྱེར་གྱིས་“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”མྱོང་རོལ་བྱེད་སྒོ་སྤེལ་བ་དང་རྒྱལ་ཁབ་ཁག་གི་ཡུལ་སྐོར་ཚོགས་པ་དང་སྨྱན་སྦྱོར་མཁས་པ་48ཞུགས་ཡོད།
ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་དང་བསོད་དོན་གྱིས་ཞུས།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། ཡེ་ཤེས་བཟང་མོ།
ཞུ་དག བསོད་ནམས་དོན་གྲུབ།