ཟླ་10པའི་ཚེས་25ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲ་ནང་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ། དེང་རབས་ཀྱི་སྒྲིག་བཀོད་ཚང་བའི་ཞིང་ལས་དང་། ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་བསྐྲུན། ཚོང་གཉེར་ཁོར་ཡུག་ལེགས་གཏོང་། ཚོང་འགུག་མ་འདྲེན། ཐོན་ལས་འཕེལ་རྒྱས། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར། ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་དང་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།
འདི་ནི་ལི་ཧྥུའུ་ཀྲུང་གིས་གྲ་ནང་རྫོང་རླུད་ཀྲེ་ཡོན་སྐྱེ་ལྡན་སྔོ་ཚལ་ཐོན་སྐྱེད་རྟེན་གཞིའི་ནང་ཕེབས་ཏེ། སྔོ་ཚལ་རིགས་འདྲ་མིན་དང་། ཐོན་སྐྱེད་ཕན་འབྲས། ཕྱིར་འཚོང་ལམ་བུ། མང་ཚོགས་ཀྱི་ལས་ཞུགས་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བཞིན་པ།
ལི་ཧྥུའུ་ཀྲུང་གིས་ཐོན་སྐྱེད་འཁོར་རྒྱུག་དང་མང་ཚོགས་ཀྱི་ལས་ཞུགས་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ལི་ཧྥུའུ་ཀྲུང་གིས་བླང་བྱ་བཏོན་གནང་དོན། ཁེ་ལས་ཀྱིས་བོད་ལ་བསྟར་བའི་གཟིགས་སྐྱོང་སྲིད་ཇུས་བེད་ཡག་པོ་སྤྱད་དེ། ཚན་རིག་ལག་རྩལ་གྱི་བྱེད་ནུས་འདོན་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཐོན་སྐྱེད་ཕན་འབྲས་དང་ཐོན་སྐྱེད་སྤུས་ཚད་མཐོ་རུ་བཏང་ཐོག ཕྱིར་འཚོང་ལམ་བུ་དང་གཞི་ཁྱོན་རྒྱ་སྐྱེད་བཏང་ནས་ཐོན་ལས་སྟོབས་ཆེ་རུ་གཏོང་དགོས། ས་གནས་དེ་གའི་མང་ཚོགས་ཀྱི་ཞོར་ལས་གསོག་པའི་ལས་གནས་མཁོ་འདོན་ཧུར་ཐག་བྱས་ཐོག ལས་གནས་ཐོག་འདེབས་འཛུགས་ལག་རྩལ་བརྒྱུད་སྤྲོད་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་ཁྲིད་སྐུལ་བྱེད་དགོས། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཛུགས་སྐྱོང་འཐུས་ཚང་བྱས་ཐོག ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཁེ་ལས་ཀྱི་དཀའ་ཁག་གནད་དོན་ལ་བལྟོས་ནས་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོས་ཁེ་ལས་སྟོབས་ཆེན་དང་རྩེ་གྲ་གཏོད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སོགས་ཀྱི་ཐད་ནུས་ཤུགས་འདོན་སྤེལ་མཐར་ཕྱིན་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་ཡག་པོ་ཡོང་བ་བྱེད་དགོས།
འདི་ནི་གྲ་ནང་རྫོང་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་ཐོན་སྐྱེད་འཁོར་ཁང་ནང་། ལི་ཧྥུའུ་ཀྲུང་གིས་ཁེ་ལས་ཀྱི་མ་འཇོག་དང་། ཐོན་སྐྱེད་ལས་གཉེར། སློབ་ཆེན་སློབ་མའི་ལས་ཞུགས་ཁྲིད་སྐུལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་མངའ་གནང་ནས་མིག་སྔར་དཀའ་ཁག་གནད་དོན་ཅི་ཡོད་མེད་བཀའ་འདྲི་གནང་བཞིན་པ།
ཀྲུང་ཁྲེ་ལྷོ་ཁ་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་ཐོན་སྐྱེད་འཁོར་ཁང་ནང་། ལི་ཧྥུའུ་ཀྲུང་གིས་ཁེ་ལས་ཀྱི་མ་འཇོག་དང་། ཐོན་སྐྱེད་ལས་གཉེར། སློབ་ཆེན་སློབ་མའི་ལས་ཞུགས་ཁྲིད་སྐུལ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་སྦྲགས། འཕྲད་པའི་དཀའ་ཁག་གནད་དོན་ལ་བཀའ་འདྲི་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། མིག་སྔར། བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་འཕེལ་རྒྱས་མདུན་ལྗོངས་ཡངས་པོ་ཡོད། རེ་བར་ཁེ་ལས་ཀྱིས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། བབ་བསྟུན་ཡར་བརྩོན་བྱེད་དགོས་པ་དང་། ལྗོངས་ཡོངས་ཀྱི་གནས་ཚུལ་དངོས་ལ་གཞི་རྐང་ཚུགས་ཏེ། ནུས་ལྡན་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་རྒྱུའི་ཁྱབ་ཁོངས་ཀྱི་ལག་རྩལ་དགེ་མཚན་འདོན་སྤེལ་ཡག་པོ་བརྒྱུད། ཁེ་ལས་ཀྱི་སྤུས་མཐོའི་གོང་འཕེལ་མངོན་འགྱུར་ཐུབ་པ་བྱ་དགོས། གྲ་ནང་རྫོང་གིས་མུ་མཐུད་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། ཁེ་ལས་ཀྱི་ཐོན་སྐྱེད་གཞི་ཁྱོན་དང་ཕན་ནུས། སྟོབས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས་ལྷོ་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་སྔར་བས་ཡག་པ་བསྒྲུབས་དགོས།
འདི་ནི་གྲ་ནང་རྫོང་སྒོ་ཕྱུགས་ཉོ་ཚོང་ཁྲོམ་རར། ལི་ཧྥུའུ་ཀྲུང་གིས་ས་ཡུལ་དངོས་ནས་ཁྲོམ་རའི་རྣམ་གྲངས་འཛུགས་སྐྲུན་དང་གསོ་ཚགས་མཉམ་ལས་ཁང་ཕྱིར་སྤོས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བཞིན་པ།
གྲ་ནང་རྫོང་གི་སྒོ་ཕྱུགས་ཉོ་ཚོང་ཁྲོམ་རར། ལི་ཧྥུའུ་ཀྲུང་གིས་ས་ཡུལ་དངོས་ནས་ཁྲོམ་རའི་རྣམ་གྲངས་འཛུགས་སྐྲུན་དང་གསོ་ཚགས་མཉམ་ལས་ཁང་ཕྱིར་སྤོས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས། སྒོ་ཕྱུགས་སེམས་ཅན་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་དང་བཤས་ར་ཕྱི་རུ་གནས་སྤོས་བྱས་པ་ལས་གྲོང་ཁུལ་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཐོན་ལས་འཆར་བཀོད་ཚད་ལྡན་གཏོང་བ། གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་གཏོད་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ་རྐྱེན། ལས་ཀའི་ལམ་སྲོལ་འཐུས་ཚང་འཛུགས་སྐྱོང་དང་། ལེ་ལག་སྒྲིག་བཀོད་འཐུས་ཚང་སྒྲིག་སྦྱོར། ཞབས་ཞུ་དང་འགན་སྲུང་ལས་ཀ་ཏན་ཏིག་ལེགས་བསྒྲུབ་སོགས་ལ་བརྟེན་ནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཡག་པོ་གཏོང་དགོས། འབྲེལ་མཐུད་མཐུན་སྦྱོར་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ས་གནས་དེ་གར་འཚམ་པའི་བཤས་ར་དང་འཁྱགས་གཏོང་ཟོག་སྦྲེལ་གྱི་འཕེལ་རྒྱས་གཏོང་བའི་དཔེ་གཞི་འཚོལ་ཞིབ་ཧུར་ཐག་བྱས་ནས་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འདི་ཉིད་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མའི་ཁྲོད་ལག་ལེན་ནང་བསྟར་ཐོག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་ཡག་པོ་བྱས་ཏེ་སྦགས་བཙོག་གི་དོན་འཛོལ་གཅིག་ཀྱང་མ་ཐོན་པ་བྱེད་དགོས་པ་སོགས་ཀྱི་ནན་བཤད་གནང་ངོ་། །
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།
བསོད་བསྟན་དང་ཡེ་བཟང་གིས་ཞུས།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ།
ཞུ་དག ཡེ་ཤེས་བཟང་མོ།