གཏེར་རྡོའི་ནང་ནས་གསེར་དངུལ། མ་བྱན་ནང་ནས་བཀྲ་ཤིས།

政务   2024-10-25 12:23   西藏  


ལྷོ་ཁའི་ཕ་སྤྲེལ་ཞིང་ཁྱིམ་སྤྲོ་སྐྱིད་གླིང་དུ་ཉི་འོད་དྲོ་ཞིང་སྣང་བ་ཅི་ལས་སྐྱིད། མཛེས་འཆོས་ལྟ་ན་སྡུག་པའི་རས་གུར་དང་སྔོ་ལྗང་ཁོ་ར་ཁོར་ཡུག་བཀོད་པ་ལས། མི་རྣམས་ཀྱི་སེམས་རྣལ་ལ་ཕབ།

སྤྲོ་སྐྱིད་གླིང་གི་ཟུར་ཞིག་ན། ལག་ན་དཔེ་དེབ་ཐོགས་པའི་མ་བྱན་བཀྲ་ཤིས་ལགས་ནི་ཤེས་བྱའི་གནས་ལ་དབྱིངས་ཞུགས་བཞིན། བར་མཚམས་སུ་ཚལ་སྣ་གསར་པར་ཞིབ་འཇུག་གསར་སྤེལ་ཐད་སྤྲོ་བ་ཆེན་པོས་མནོ་བསམ་བགྱི་བའི་ངང་ཚུལ་བཟུང་བཞིན་མཆིས།
མ་བྱན་ལགས་ཆགས་པ་ནས་བཟུང་། བཀྲ་ཤིས་ལགས་ཀྱིས་བོད་ཟས་དང་། རྒྱ་ཟས། ཕྱི་ལུགས་ཟ་མ་སོགས་ཚལ་སྣའི་ཞིབ་འཇུག་གསར་སྤེལ་ཐད་སྤྲོ་བ་ཆེས་ཆེར་འཕེལ་ཞིང་། ཁོང་གིས་ཚལ་སྣ་གསར་སྤེལ་བྱ་རྒྱུ་ནི་ཚེ་གང་བརྩོན་ཕྱོགས་སུ་བརྩིས་ནས་གཡོས་སྦྱོར་ལམ་བུའི་ཐོག་འབད་པ་ཆེན་པོས་ཞུགས་བཞིན་ཡོད་པ་རེད།

བཀྲ་ཤིས་ལགས་ཀྱི་གསར་སྤེལ་ཟ་མར་བྱ་དགའ་ཐེངས་མང་ཐོབ་མྱོང་བ་དང་། ལྷག་དོན་དུ་ད་ལོའི་ཟླ་9པར་ལྷ་སར་གཉེར་བའི་ཀྲུང་ཧྭ་ལྗགས་སྨིན། བོད་ཀྱི་བྲོ་བ་ཞེས་པའི་ཟ་མ་གཡོས་སྦྱོར་འགྲན་བསྡུར་ཆེན་པོའི་ནང་། ཁོང་གི་ལག་གི་རྩལ་ནས་ཐོན་པའི་གཡག་མགོའི་གསོན་སྟོན་དང་འབྲོག་ཁྱིམ་ལུག་རྒྱུ་བརྔོས་བཀྲག་ཅེས་པར་འབོད་པའི་ལྗགས་སྨིན་བརྩམས་ཆོས་ལ་བྲོ་བ་དམིགས་བསལ་ལྡན་རྐྱེན། ལྗགས་སྨིན་འགྲན་བསྡུར་གྱི་གསར་གཏོད་ཆེ་ཤོས་ལ་འབོད་པའི་བྱ་དགའ་ཐོབ་པ་རེད།
ཟས་སྣ་གཡག་མགོའི་གསོན་སྟོན་ནི། གཡག་མགོ་ཧྲིལ་པོ་རྡོག་བཙོས་བརྒྱབ་རྗེས། ཤ་དང་། ལྕེ། ཨམ་ཅོག་སོགས་བཀྲ་ཤིས་ལགས་ཀྱི་ལག་པ་བརྒྱུད་ནས་བྲོ་བཅུད་གང་ཅིའི་ཐད་གཞན་དང་མི་འདྲ་བའི་ལྗགས་སྨིན་ལ་གྱུར། ད་དུང་ཟས་སྣ་འབྲོག་ཁྱིམ་ལུག་རྒྱུ་བརྔོས་བཀྲག་ནི་ལྷོ་ཁའི་ལུག་ཤ་སྤྱད་དེ། ལྷོ་ཁ་རང་གི་རི་སྐྱེས་རྫས་སྣ་མང་དག་གི་སྡེབ་སྦྱོར་བརྒྱུད། སྲོལ་རྒྱུན་འཚོས་སྟངས་ལྟར་འོ་མའི་ནང་རྒྱུན་རིང་པོ་བཙོས་རྐྱེན། ཁ་ལ་ཟ་སྐབས་བྲོ་བ་ཞིམ་ལ་འབོལ་ཞིང་། འོ་དྲི་ཁ་བ་བཅས་ཀྱི་ཁྱད་ཆོས་ཡོད་པས། དཔྱད་འདེམས་པ་དང་སྐུ་མགྲོན་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད།
བཀྲ་ཤིས་ལགས་ཀྱིས། ལྗགས་སྨིན་ནི་རོ་བཅུད་ཀྱི་ལོངས་སྤྱོད་ཁོ་ན་མིན་པར། བདེ་ཐང་དང་རིག་གནས་ཀྱི་རྒྱུན་བསྲིང་པ་ཞིག་ཀྱང་རེད། བོད་རིགས་སྲོལ་རྒྱུན་གྱི་ཁ་ཟས་སྨན་བཞིན་བསྟེན་པའི་ལུང་དང་དེང་རབས་ཟས་བཅོས་འདུ་ཤེས་ཟུང་དུ་འབྲེལ་ཏེ། དུས་ཡུན་རིང་མོའི་ནང་། ལྷོ་ཁ་དང་། ཉིང་ཁྲི། གཞི་ཀ་རྩེ་སོགས་ས་ཕྱོགས་གང་སར་བསྐྱོད་ཐོག རི་སྐྱེས་སྨན་རྒྱུ་སྤུས་དག་བཙལ་ནས་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད། རོ་བཅུད་དང་བདེ་ཐང་ཟུང་སྤྱོད་ལམ་འཚོལ་སྙེག་གིས་སྐུ་མགྲོན་ཚོར་རོ་བཅུད་ཆེ་ཞིང་ལུས་ཁམས་བདེ་བའི་ལྗགས་སྨིན་སྣ་ཚོགས་གསར་སྤེལ་བྱས་ཡོད་པ་རེད།

ཕྱི་རོལ་དུ་སྒར་བཏབ་གཡོས་སྦྱོར་གྱི་མྱོང་བརྒྱུད་ནང་། བཀྲ་ཤིས་ཀྱི་གཡོས་སྦྱོར་ལག་རྩལ་ལ་མཐོར་འདེགས་ཧ་ཅང་ཆེན་པོ་བྱུང་ཡོད། ཁོང་གིས་སྐབས་དེ་དུས་ཀྱི་གནས་ཚུལ་དྲན་གསོ་བྱེད་སྐབས་སྤོབས་སེམསས་ཆེན་པོས། དེ་དུས། ངས་ཚགས་ཤ་མེར་བསྲེགས་བཏང་ནས་བསྲེགས་ཟས་བཟོ་ཐེངས་དང་པོ་དེ་ཡིན། མ་ཟད་ད་དུང་ཡུལ་སྐོར་བ་ཚོར་ཕྱི་རོལ་ནས་གསོལ་སྟོན་གྲ་རྒྱས་པོ་བཤམས་མཁན་གྱི་མ་བྱན་གྲལ་དུ་ཚུད་པས། ང་ཚོའི་ཡུལ་ཟོག་ལ་བརྟེན་ནས་ཆུ་ཚད་མཐོ་བའི་ཞིམ་ཟས་བཟོས་ནས་བཤམས་མཐར། ཡུལ་སྐོར་བ་ཚོའི་གདེང་འཇོག་ཚད་མཐོན་པོ་ཐོབ་བྱུང་ཞེས་བརྗོད།

དེའང་། ཕྱི་རོལ་ཡུལ་སྐོར་བ་ཚོར་བཤམས་བྱའི་གསོལ་སྟོན་གྲས་སུ། བཀྲ་ཤིས་པའི་ཁ་བ་ཞེས་པར་འབོད་པའི་ཚལ་སྣ་ནི་མེ་རིའི་གངས་འཁྱགས་ཞེས་པའི་ཚལ་སྣ་ལས་ལེགས་བསྒྱུར་བྱས་པ་ཞིག་རེད། ཚལ་སྣ་དེའི་ཁྱད་ཆོས་གཙོ་བོ་ནི་ཀ་ར་དང་ཞོ་མཉམ་བསྲེས་ཐོག གྲོ་མ་དང་། རྩམ་པ། རྒུན་འབྲུམ་སྐམ་པོ་སོགས་སྦྱོར་སྡེབ་བྱས་ནས་གྲུབ་པ་ཞིག་ཡིན་པས། ལུས་ཁམས་ལ་འཕྲོད་ཅིང་ཁ་ལ་ཞིམ་པོ་ཡོད་པ་རེད། དེ་མིན་ཁྱད་ལྡན་ཚལ་སྣ་ཚགས་ཤ་མིག་ལྡན་ཞེས་པར་འབོད་པའི་སྐམ་ཁོག་ནི། ཚགས་ཤའི་བྲོ་བ་མི་ཤོར་བའི་ཁར། འཇུ་བདེ་བ་ཡོད་པས། སྐུ་མགྲོན་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།

ན་ནིང་། བཀྲ་ཤིས་ལགས་ཕ་སྤྲེལ་ཞིང་ཁྱིམ་སྤྲོ་ཁང་དུ་ཕེབས་ནས་ཡུན་རིང་མ་སོང་ཡང་། ཁོང་གི་གཡོས་སྦྱོར་རྩལ་ལས་ཐོན་པའི་ལྗགས་སྨིན་ལ་སྐུ་མགྲོན་ཚོས་མཉེས་པོ་ཞེ་དྲགས་གནང་གི་ཡོད། སྐུ་མགྲོན་ཚོར་བཤམས་པའི་གསོལ་སྟོན་ཚལ་སྣ་ག་རེ་ཡིན་རུང་། ལྷག་འཕྲོ་གཅིག་ཀྱང་མེད་པ་མཐོང་སྐབས། བཀྲ་ཤིས་ལགས་ཀྱི་སེམས་གཏིང་ནས་དགའ་ཚོར་བླ་ལྷག་སྐྱེས་ཀྱི་ཡོད་པ་རེད།
བཀྲ་ཤིས་ལགས་ཀྱིས། རང་ཉིད་ངོས་ནས། མ་འོངས་ཀྱི་ལམ་བུའི་ཐོག་འགྲན་སློང་དང་གོ་སྐབས་མང་དག་ཡོད། ངས་མུ་མཐུད་ནས་སློབ་སྦྱོང་དང་འཚོལ་ཞིབ་ལ་ཧུར་ཐག་འབད་དེ། རང་གིས་ལག་ནས་ཐོན་པའི་ཚལ་སྣ་དེ་བས་མང་བའི་ནང་ལྷོ་ཁའི་རིག་གནས་མཉམ་འདྲེས་ཐུབ་པ་བྱས་ནས་སྐུ་མགྲོན་དེ་བས་མང་བ་ཚོས་ཡར་ཀླུང་གི་ལྗགས་སྨིན་རིག་གནས་ལ་དགའ་བསུ་ཐོབ་པ་བྱ་རྒྱུ་ཡིན་ཞེས་ཡིད་ཆེས་ཆེན་པོས་འདི་ལྟར་གླེང་ངོ་། །

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བསྟན་དང་ཡེ་བཟང་གིས་ཞུས།


ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།    ཡེ་ཤེས་བཟང་མོ། 

ཞུ་དག   བསོད་ནམས་དོན་གྲུབ། 

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章