༄༅།།《ནང་རིག་འོད་སྣང》གི་དཔྱད་རྩོམ་བདམས་བཀོད།2023年《佛学之光》第2期论文选编

学术   2024-06-19 14:39   青海  



ཚད་མའི་གཞུང་གི་ཞིབ་འཇུག་བློ་གསལ་རིགས་རྒྱན།

因明学研究

༄༅།།ཚད་མ་ཀུན་བཏུས་ལས་བསྟན་པའི་བཀའ་ལུང་ཚད་མ་ཤེས་པ་ཡིན་མིན་རགས་ཙམ་གླེང་བ། 

གཞི་ཚང་ཟླ་བ་གྲགས་པ། 

ནང་དོན་གནད་བསྡུས།འདིར་བོན་སྔ་རབས་ཀྱི་ཡིག་ཆ་སྤྱི་དང་ཁྱད་པར་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་གསུང་རྩོམ་ཁག་ལ་གཞིར་བཅོལ་ནས་ཚད་མ་ཀུན་བཏུས་ལས་བསྟན་པའི་བཀའ་ཚད་མ་དང་ལུང་ཚད་མ་གཉིས་ཤེས་པ་ཡིན་མིན་སྐོར་བྲིས་ཡོད། དེ་ཡང་ཐོག་མར་མཛད་པ་པོ་ངོ་སྤྲོད་ནས་ཚད་གཞུང་གི་ཁྱད་བོན། ཚད་མ་སྤྱི་དང་བྱེ་བྲག་བཀའ་ལུང་ཚད་མའི་མཚན་ཉིད་འཇོག་སྟངས། བཀའ་ལུང་ཚད་མ་གཉིས་པོ་ཚད་མ་ཡིན་ཡང་བློ་མ་ཡིན་པས་ཚད་མ་ཡིན་ན་བློ་ཡིན་པས་མ་ཁྱབ་པ་ལས་འཕྲོས་ཏེ་དགག་སྒྲུབ་དང་རང་གི་ལྟ་ཚུལ་བཏོན་ཁུལ་བྱས་ཡོད། 

བརྡ་ཆད་གཙོ་བོ།ཚད་མ་ཀུན་བཏུས། བཀའ་ལུང་ཚད་མ། ཚད་མ། བློ། རྗོད་བྱེད་ཀྱི་སྒྲ། 

མཚོ་བོད་མཐོ་སྒང་གི་ཡུལ་ཁམས་ཆེན་པོར་ཚད་མ་རིག་པ་སོགས་བཅུ་ཕྲག་རིག་པའི་གནས་བཅུ་དར་ཁྱབ་བྱུང་བའི་དུས་ཚོད་དབུ་ཚུགས་སྔ་ཞིང་། དུས་རབས་རིམ་པའི་ཁྲོད་བྱོན་པའི་གངས་རིའི་ཕྲེང་ལྟར་བསྒྲིགས་པའི་ཞང་བོད་མཁས་གྲུབ་རྒྱ་མཚོས་རྒྱལ་འཕགས་གོང་མའི་གསུང་རབ་གཙོ་བཞག་གནང་ཐོག་རང་རང་གི་རྣམ་དཔྱོད་རྩལ་དུ་བཏོན་ནས་མོ་རྩིས་གཏོ་དཔྱད་ནས་མདོ་སྔགས་རྫོགས་གསུམ་བར་གྱི་ཤེས་བྱ་རིག་པའི་གནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་དམིགས་ནས་རིན་ཐང་གཞལ་ཐབས་བྲལ་བའི་རྗེས་བཞག་བཀའ་བརྟེན་ཡང་ཕོན་ཆེན་པོ་མཛད་ཡོད། དེ་བས་གནའ་མིའི་གཏམ་དཔེ་ལཚ་པོ་ཁྱེར་ཤོག་ཟེར་དུས་རླངས་པ་འཕྱུར་འཕྱུར་དང་གྲང་མོ་ཁྱེར་ཤོག་ཟེར་དུས་འཁྱགས་པ་བསིལ་བསིལཞེས་པ་ལྟར་རྒྱལ་སྤྱིའི་མཁས་པའི་མདུན་སར་འུ་ཅག་སྒང་པ་བོད་ཀྱི་ཤེས་རིག་ཅེས་ངོ་གནོང་མི་དགོས་པར་གཟི་བརྗིད་དང་དཔའ་གདེང་ལྡན་པའི་ངང་རང་ལ་སྤྱོད་རྒྱུ་སྦྱོང་རྒྱུ་དང་གཞན་ལ་ངོམ་རྒྱུ་སྟོན་རྒྱུ་ཡོད་པ་ནི་དགའ་འོས་པའི་གནས་སུ་ཁུམས། དེ་བཞིན་བཀའ་ཚད་མ་དང་ལུང་ཚད་མ་གཉིས་ཀྱི་བརྡ་དོན་ཡང་སྟོན་པ་གཤེན་རབ་མི་བོའི་སྐུ་དུས་ནས་ཡོད་པམདོ་འདུསདངམདོ་གཟེར་མིག》 མདོ་དྲི་མེད་གཟི་བརྗིདབཅས་སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་དུ་གསལ་ཚུལ་གྱིས་ཤེས་ཐུབ་ཅིང་། སྟོན་པས་བཀའ་ཚད་མ་དང་ལུང་ཚད་མ་སོགས་ཀྱི་ངོ་བོ་ཙམ་དང་མཚན་གཞི་རིགས་དབྱེ་ལས་མ་གསུངས་ཀྱང་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་སྟོན་པའི་བཀའ་མ་རྒྱུད་ལམ་མངོན་སངས་རྒྱས་པའི་རྒྱུད་ཀྱི་འགྲེལ་བར་ཚད་གསུམ་ཟུང་དུ་འབྲེལ་ལུགས་ལས་འཕྲོས་ཏེ་བཀའ་ལུང་ཚད་མའི་སྐོར་ལ་འགྲེལ་བཤད་ཁ་གསལ་དུ་མཛད་ཡོད། བཀའ་ཚད་མ་དང་ལུང་ཚད་མ་གཉིས་ལ་ཚད་མ་རིག་པའི་ལུགས་དང་མཐུན་པའི་སྒོ་ནས་རྫས་ཡོད་ཁྱད་གསུམ་ཚང་བའི་མཚན་ཉིད་ཐོག་མར་འཇོག་མཁན་ནི་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་ཡིན་ལ་ཁོང་གིས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་དུ་བཀའ་ལུང་སོ་སོའི་མཚན་ཉིད་དང་བཀའ་ལུང་ཚད་མ་སོ་སོའི་མཚན་ཉིད། མཚན་གཞི་དང་དབྱེ་བ་བཅས་ཁ་གསལ་གཏིང་གསལ་དུ་གསུངས་ཡོད། བོད་ཀྱི་ཚད་མ་རིག་པའི་ཁྲོད་ཚད་མ་ཡིན་ན་བློ་ཡིན་པས་ཁྱབ་པ་བཞེད་པའི་ཕྱོགས་དགོན་སྡེའི་བཤད་སྒྲུབ་སློབ་གླིང་ཁག་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པས་ཚད་མ་ཀུན་བཏུས་ལས་བསྟན་པའི་བཀའ་ཚད་མ་དང་ལུང་ཚད་མ་གཉིས་ནི་ཚད་མ་དང་བློ་ཡིན་མིན་ནི་འཆད་རའི་ནང་དུ་ནམ་རྒྱུན་རྩོད་གཞི་ཆེ་བའི་གྲས་སུ་གཏོགས།མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོདཅེས་གསུངས་པའི་དཔེ་ལྟར་དམ་བཅའ་བ་སོ་སོ་ལ་བཀའ་ལུང་གི་དགོངས་པ་འགྲེལ་སྟངས་རེ་དང་བདེན་པར་སྣང་བའི་རང་རང་གི་འཛིན་མཚམས་རེ་ཡོད་ངེས་ན་ཡང་། གཙོ་བོར་ཁ་ཤའི་པགས་པ་གར་འཐེན་གྱི་དཔེ་རུ་མ་སོང་བར་རང་ཉིད་ལ་ཚད་མ་གསུམ་དང་མི་འགལ་བའི་ཁས་ལེན་གྱི་འཛིན་མཚམས་ཤིག་ཆགས་རྒྱུ་ནི་ཧ་ཅང་གལ་ཆེ། དེས་ན་གུས་པས་ཀྱང་རང་ཉིད་སྐྱེས་སྦྱངས་ཀྱི་ཤེས་རབ་དམན་པ་ལ་མ་བལྟོས་པར་བཀའ་ཚད་མ་དང་ལུང་ཚད་མ་གཉིས་ཚད་མ་ཡིན་མིན་དང་བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་གང་ལ་ངོས་འཛིན་བྱེད་དགོས་མིན་གྱི་ཐད་ནས་སྔོན་གྱི་བཀའ་ལུང་རྣམས་ལ་གཞི་བཅོལ་ནས་བགྲོ་གླེང་བྱེད་པར་འབད་རྒྱུ་ཡིན། 

དང་པོ། ཚད་མ་ཀུན་བཏུས་དང་མཛད་པ་པོའི་ངོ་སྤྲོད་མདོར་བསྡུས། 

ཞང་བོད་ཤེས་རིག་རྒྱ་མཚོའི་གཞུང་ལུགས་ལ་རྣམ་དཔྱོད་ཀྱི་སྤྱན་དཀྱུས་རབ་ཏུ་ཡངས་པའི་མཁས་གྲུབ་དམ་པ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན(1198-1274)མཆོག་ནི་རྟོགས་ལྡན་ཉམས་བརྒྱུད་ཀྱི་བླ་མ་བརྒྱད་ལས་བདུན་པ་དང་། མཁས་གྲུབ་ཡོན་ཏན་གྱིས་སྙན་པའི་གྲགས་པ་དགུང་ལ་གཡོ་བའི་གཡས་རུའི་སྟོན་པ་བཅོ་བརྒྱད་ལས་བརྒྱད་པ་ཡིན། ཁོང་ཉིད་གཤེན་གྱི་འབྱུང་ལྡན་ཉིས་བརྒྱ་གྱ་བདུན་ཏེ་རབ་བྱུང་གསུམ་པའི་ས་ཕོ་རྟ་ལོར་ཡུལ་གཡོར་པོའི་ས་ཆར། ཡབ་འ་ཞ་ཤེས་རབ་སེང་གེ་དང་ཡུམ་རིན་ཆེན་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་བའི་དུས་ནས་འབྲི་ཀློག་ལ་བརྩོན་པའི་སྐལ་བཟང་ཐོབ་ཅིང་། ནར་སོན་སྐབས་བོན་གྱི་གདན་ས་ཆེན་མོ་གཡས་རུ་དབེན་ས་ཁར་ཕེབས་ཏེ་གཡས་རུའི་སྟོན་པ་བཅོ་བརྒྱད་ལས་བདུན་པ་ཁོང་གི་ཁུ་བོ་འ་ཞ་འགྲོ་མགོན་བདུད་རྩི་རྒྱལ་མཚན་གྱི་མདུན་ནས་རབ་ཏུ་བྱུང་སྟེ་ཚུལ་མིང་ལ་བློ་གྲོས་རྒྱལ་མཚན་ཞེས་གསོལ། འ་ཞ་བདུད་རྩི་རྒྱལ་མཚན་དང་བུ་སྟོན་དར་མ་རྒྱལ་མཚན་རྣམ་གཉིས་མཁན་སློབ་མཛད་པའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པའང་བཞེས། རྨ་སྟོན་ལྕམ་མེ་དང་དབྱིལ་སྟོན་ཁྱུང་རྒོད་རྩལ། སྐྱིད་མཁར་སློབ་དཔོན་མེ་སྟོན་ཞུ་བ། ཁྱད་པར་འ་ཞ་བདུད་རྩི་རྒྱལ་མཚན་གཡུང་དྲུང་དཔོན་གསས་བླ་མ་ཚུལ་བཞིན་བསྟེན་ནས་མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པའི་ཤེས་བྱ་ཀུན་ལ་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་སྒྲུབ་ཀྱི་ཉམས་ལེན་ཁྱུད་མོར་འཁོར་དུ་མཛད་ཅིང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པར་གྱུར་པས། དུས་ཕྱིས་ཁོང་ལ་དམིགས་བསལ་དུ་སྨན་རིའི་མཁན་རབས་ཉེར་གསུམ་པ་མཁན་ཆེན་ཉི་མ་བསྟན་འཛིན་གྱིསདབུ་ཚད་དང་གསང་སྔགས་ཀྱི་བོན་ལ་མངའ་བསྙེམས་པ་འགྲོ་མགོན་བློ་གྲོས་རྒྱལ་མཚནདངབོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚནཞེས་མིང་དོན་དང་མཐུན་པའི་བསྟོད་བསྔགས་ཆེན་པོ་གནང་ཡོད། བསྟན་འགྲོའི་མཛད་བཟང་འཕྲིན་ལས་ཀྱིས་སྐུ་ཡི་ཕྱྭ་ཚེ་རྫོགས་པས་མཁས་བཙུན་བཟང་གསུམ་གྱིས་ཀུན་ནས་ཕྱུག་པའི་གསུང་སྲས་ཐུགས་སྲས་ཀྱི་ཞལ་སློབ་གྲངས་ལས་འདས་པ་ཞིག་ཡོད་ཀྱང་མཆོག་ཏུ་གྱུར་པ་ནི་རྒྱལ་མཚན་ཐོགས་པའི་སྐྱེས་བུ་བཞི་སྟེ། བྲུ་སྟོན་དར་མ་རྒྱལ་མཚན། མདོ་ཁམས་ཁྲོ་ཚང་ཚུལ་ཁྲིམས་རྒྱལ་མཚན། གཤེན་སྟོན་བློ་གྲོས་རྒྱལ་མཚན། ལ་སྟོད་ཚུལ་ཁྲིམས་རྒྱལ་མཚན་བཅས་ཡིན། མཐར་དགུང་ལོ་དྲུག་ཅུ་རེ་དྲུག་པ་འབྱུང་ལྡན་ཉིས་བརྒྱ་གྱ་བརྒྱད་པ་རབ་བྱུང་བཞི་པའི་ཆུ་མོ་ཕག་ལོར་དགོངས་པ་བོན་དབྱིངས་སུ་བསྡུས། རྗེས་བཞག་གསུང་རྩོམ་ལས་ཚད་མའི་སྐོར་ལ་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད།ཐེག་པ་གྲུབ་མཐའི་སྐོར་ལ་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན།ས་ལམ་ཕར་ཕྱིན་གྱི་སྐོར་ལ་ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེའི་འཕྲུལ་གྱི་ལྡེ་མིག མཛོད་ཀྱི་སྐོར་ལ་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ།ལམ་རིམ་བློ་སྦྱོང་གི་སྐོར་ལ་གེགས་སེལ་མུན་སེལ་སྒྲོན་མེ།སྔགས་འགྲེལ་གྱི་སྐོར་ལ་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན།རྫོགས་ཆེན་གྱི་སྐོར་ལ་མན་ངག་གནད་དོན་བཞི་པལསོགས་མདོ་སྔགས་རྫོགས་གསུམ་གྱི་གསུང་རྩོམ་ཆེ་ཆུང་མང་དུ་བཞུགས་ཤིང་། ལོ་ཤས་གོང་བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་གསུང་འབུམ་ཞེས་པའི་མཚན་གྱིས་བཅིང་བའི་པོད་ཆེན་བརྒྱད་ཀྱི་བདག་ཉིད་ཅན་ཞིག་དེབ་གཟུགས་སུ་པར་སྐྲུན་གནང་ཡོད།ཨ་ཁྲིད་བླ་མ་བརྒྱུད་པའི་རྣམ་ཐརལས་འགྲོ་མགོན་བླ་མའི་རྣམ་ཐར་གླེང་སྐབས་ཆེ་བ་སྲིད་པའི་མཛོད་ཕུགས་ནས། །ཆུང་བ་ཆུ་སྦྱིན་ཡན་ཆད་ལ། །གཞུང་འགྲེལ་ཏི་ཀ་ཕྱག་བཞེས་སོགས། །འདིས་མ་མཛད་པ་གཅིག་ཀྱང་མེད། །བསྟན་ལ་བཀའ་དྲིན་ལྷག་པར་ཆེ། །འཆད་དང་རྩོད་དང་རྩོམ་པ་ལ། །བློ་ཡི་སྤོབས་པ་ཆེར་ཐོབ་ཅིང་། །སྨྲ་བའི་སེང་གེ་ལྟར་གྱུར་ཏེ། །བོད་ཀྱི་པཎྜི་ཏ་ཞེས་སུ། །དགུང་ལ་གཡུ་འབྲུག་གྲགས་པ་བཞིན། །སྙན་དང་གྲགས་པས་ས་སྟེང་ཁྱབ། །སྡེ་སྣོད་རྒྱུད་ལུང་མན་ངག་ཀུན། །འབྱེད་པའི་ལྡེ་མིག་ལྟ་བུའོ། །ཞེས་གསུངས་པར་བརྟགས་ན་ཁོང་ནི་མཛད་པ་ཀུན་ལས་མཆོག་ཏུ་གྱུར་བའི་གསུང་གི་མཛད་པ་ལ་མཛད་རྗེས་ཤིན་ཏུ་ཆེ་བ་རྟོགས་ཐུབ། དེ་བས་ཁོང་གི་གསུང་འབུམ་ཁྲོད་དུ་བསྡུ་རུབ་མ་ཐུབ་པའི་གསུང་རྩོམ་དུ་མ་ཞིག་ཡོད་སྲིད་ཅིང་དེའི་གྲལ་དུ་མ་ཚུད་པའི་གསུང་རྩོམ་མཐོང་རྒྱུ་ཡང་འདུག་སྟེ། ཉེ་ལམ་ཞང་བོད་རིག་གནས་ཞིབ་འཇུག་ཁང་གི་ལས་གྲོགས་རི་སྤུངས་གཤེན་བསྟན་དབང་རྒྱལ་དང་འབུམ་སྨད་ཚུལ་ཁྲིམས་བསྟན་འཛིན་དང་གུས་པ་གསུམ་གྱིས་ཤར་རྫ་རི་ཁྲོད་ནས་དཔེ་རྙིང་འཚོལ་སྡུད་བྱེད་སྐབསའདུལ་བའི་སྤྱི་དོན་རིན་པོ་ཆེའི་རྒྱན་ཞེས་བྱ་བ་བཞུགས་པ་ལེགས་སོཞེས་པའི་དཔེ་རྙིང་ཕྱག་བྲིས་མ། རྙིང་ཚུགས་ཟབ་ཅིང་སྣ་ཤིན་ཏུ་རིང་བ་ཤོག་ངོས་རེར་ཡིག་ཕྲེང་བརྒྱད་རེ་དང་ཤོག་གྲངས་བཅུ་གཅིག་གི་བདག་ཉིད་ཅན་ཞིག་གཉོས་ཚུལ་ཁྲིམས་རྒྱལ་མཚན་གྱི་སྣོད་བཅུད་དོན་འགྲེལ་དང་མཉམ་དུ་བཞུགས་པ་མཐོང་རྒྱུ་བྱུང་ལ། མཛད་བྱང་དུ་དེ་ལྟར་འདུལ་བའི་སྤྱི་དོན་རིན་པོ་ཆེའི་རྒྱན་ཅེས་བྱ་བ། འ་ཞ་བློ་གྲོས་རྒྱལ་མཚན་གྱིས་སྦྱར་བ་རྫོགས་སོ། །དགེའོ། །བཀྲ་ཤིས་པར་གྱུར་ཅིག་ཅེས་བྱུང་བར་བརྟགས་ན་ཁོང་གིས་མཛད་པ་ཡིན་པ་ནི་བསྙོན་དུ་མེད། ཁྱད་པར་འཆད་འགྱུར་གྱི་ཚད་མའི་གཞུང་འདིའི་མཚན་རྒྱས་པ་ལ་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་པ་འདི་ཡིན་ཡང་ཡིག་ཟོར་ཡང་ཕྱིར་གཤམ་ནས་ཚིག་བསྡུས་ཏེ་ཡོངས་གྲགས་ལྟར་ཚད་མ་ཀུན་བཏུསཞེས་འབོད་རྒྱུ་ཡིན། གཞུང་འདི་ནི་མཛད་བྱང་དུ་གསལ་བ་ལྟར་རོང་སྟོན་ཚུལ་སེང་གིས་བསྐུལ་ཏེ་བརྩམས་པ་ཞིག་ཡིན། དངོས་གཞི་གཞུང་གི་དོན་ལ་ལེའུ་བརྒྱད་ཡོད་པའི་དང་པོ་བློ་ཙམ་གྱི་རང་བཞིན་བསྟན་ལ་དབབ་པའི་ནང་། ཡུལ་གསུམ་དང་འཛིན་པ་གསུམ། བརྗོད་བྱ་རྗོད་བྱེད། ཚད་མིན་གྱི་བློ་དྲུག་སྟེ་ཡོངས་གྲགས་ཀྱི་ཚད་མིན་བློ་ལྔའི་སྟེངདོན་ལ་མ་ངེས་པའི་བློབཅས་དྲུག་གི་རྣམ་གཞག་རྒྱས་པར་བསྟན་པ་དང་། གཉིས་ལ་ཚད་མ་སྤྱིའི་རང་བཞིན་བསྟན་པའི་ལེའུར་ཚད་མའི་མཚན་ཉིད་ལ་དགག་བཞག་སྤོང་གསུམ་དང་། དགག་སྒྲུབ། རྫས་ལྡོག་དང་རྫས་ལྡོག་ལ་བརྟེན་པའི་བོན། རྫས་ཡོད་བཏགས་ཡོད། དངོས་མིང་བཏགས་མིང་། དངོས་རྟོགས་ཤུགས་རྟོགས། སྤྱི་དང་བྱེ་བྲག་གི་རྣམ་གཞག་རྒྱས་པར་བསྟན་པ་དང་། གསུམ་པ་བཀའ་ལུང་ཚད་མའི་ལེའུར་བཀའ་དང་བཀའ་ཚད་མ། ལུང་དང་ལུང་ཚད་མ་གཉིས་ཀྱི་མཚན་ཉིད་དང་དབྱེ་བ། ངེས་ཚིག་དང་རྩོད་སྤོང་རྒྱས་པར་བསྟན་པ་དང་། བཞི་པ་མངོན་སུམ་ཚད་མའི་ལེའུར་རིག་པ་ཚད་མ་དང་མངོན་སུམ་ཚད་མ། དབང་པོ་དང་དབང་པོ་མངོན་སུམ་ཚད་མ། ཡིད་ཀྱི་མངོན་སུམ་ཚད་མ། རང་རིག་མངོན་སུམ་ཚད་མ། རྣལ་འབྱོར་མངོན་སུམ་ཚད་མ་བཅས་ཀྱི་སྐོར་བསྟན་པ་དང་། ལྔ་པ་རྗེས་དཔག་གི་ལེའུར་རྗེས་དཔག་དང་རྗེས་དཔག་ཚད་མ། བསྒྲུབ་བྱ་དང་བོན་ཅན་གྱི་སྐོར། མཐུན་ཕྱོགས་དང་མི་མཐུན་ཕྱོགས། འགལ་མ་ངེས་མ་གྲུབ་གསུམ་གྱི་རྟགས་ལྟར་སྣང་སྐོར། རྟགས་ཡང་དག་དང་ཚུལ་གསུམ་གྱི་སྐོར། འགལ་བ་དང་འབྲེལ་བ་སོགས་ཀྱི་རྣམ་གཞག་རྒྱས་པར་བསྟན་པ་དང་། དྲུག་པ་རང་དོན་རྗེས་དཔག་གི་ལེའུར་རང་དོན་རྗེས་དཔག་དང་དགག་རྟགས་སྒྲུབ་རྟགས། འབྲས་རང་མ་དམིགས་པའི་རྟགས་གསུམ་གྱི་སྐོར་བཅས་ལེའུ་འདི་གཉིས་ཀྱི་ནང་དུ་རྟགས་རིགས་ཀྱི་རྣམ་གཞག་རྒྱས་པར་གསུངས་ཡོད། བདུན་པ་གཞན་དོན་རྗེས་དཔག་གི་ལེའུར་བསལ་བའི་སྐོར། རྒོལ་དང་ཕྱི་རྒོལ་དཔང་པོ་གསུམ་དང་རྩོད་པ་རྩོད་ལུགས་ཀྱི་རྣམ་གཞག སྒྲུབ་ངག་གི་སྐོར། ཐལ་འགྱུར་གྱི་སྐོར་བཅས་བསྟན་པ་དང་། བརྒྱད་པ་མཚན་མཚོན་གཞི་གསུམ་བསྟན་པའི་ལེའུར་མཚན་ཉིད་དང་མཚན་ཉིད་ལྟར་སྣང་། མཚོན་བྱ་དང་མཚོན་བྱ་ལྟར་སྣང་། མཚན་གཞི་དང་མཚན་གཞི་ལྟར་སྣང་གི་སྐོར་བསྟན་པ་བཅས་ལེའུ་ཆེན་པོ་བརྒྱད་ཀྱིས་གྲུབ་ཡོད། ཚད་མ་ཀུན་བཏུས་ཀྱི་གཞུང་འདི་ཉིད་བྱུང་བའི་དུས་ཚོད་སྔ་ཞིང་རྒྱས་བསྡུས་ཚད་དང་རན་པས་ཀློག་བདེ་བ་དང་རྟོག་གེ་པས་གཞན་གྱི་ཁ་འགོག་བྱེད་ཙམ་དུ་བཞག་པའིརིགས་སུ་གནས་པདངཆ་ནས་བཞག་པལྟ་བུའི་ཚིག་སྐམ་གྱིས་མ་བཅིང་པར་མཚན་མཚོན་གཞི་གསུམ་གྱི་ནང་དོན་ཁ་གསལ་གོ་བདེར་གསུངས་པ། བཀའ་ལུང་གང་རུང་ནས་བསྟན་པའི་ཚིག་དོན་དང་གཙོར་རྒྱུག་གི་འདོད་པའི་རྗེས་སུ་འཇུག་རྐྱང་མཛད་མེད་པར་བསྲེགས་བཅད་བརྡར་བའི་གསེར་བཞིན་ལེགས་པར་བརྟགས་ཏེ་བཀོད་པ། ལྷག་ཏུ་འགྲོ་མགོན་བློ་གྲོས་རྒྱལ་མཚན་ལ་རྩོམ་པ་པོ་གཞན་ལ་མཐོང་དཀོན་པའི་རྩོམ་ཐབས་ཁྱད་པར་ཅན་ཞིག་ཡོད་པ་ནི་ཁོང་གི་གསུང་རྩོམ་བྱིངས་ལ་མངོན་པའི་ཁྱད་བོན་ཏེམི་བདེན་དོན་དང་འགལ་ན་བདེར་གཤེགས་བཀའ་ཡང་ཞོག །བདེན་ཞིང་དོན་དང་མཐུན་ན་བྱིས་པའི་ལྟ་སྤྱོད་ལོངས། །ཞེས་པ་ལྟར་ཤེས་བྱ་གང་ཞིག་འཆད་སྐབས་བདེན་དོན་དང་རྒྱུ་མཚན་སུ་ཆེ་གཟིགས་པ་ལས་གྲུབ་མཐའི་ཕྱོགས་དང་བླ་མའི་ཕྱོགས་ཁག་མི་འཛིན་པ་ནི། ཁོང་གི་གསུང་རྩོམ་དུ་མའི་ནང་དུ་བོན་གྱི་སྟོན་པ་རྨེའུ་མཁས་པ་དཔལ་ཆེན། སྤ་ཚང་གི་སྟོན་པ། ཞུ་ཚང་གི་སྟོན་པ། གཡས་རུའི་སྟོན་པ་བཅོ་བརྒྱད་ནང་ནས་ཀྱང་བྲུ་ཤ་ཁྱུང་གི་རྒྱལ་མཚན། བྲུ་སྟོན་ཉི་མ་རྒྱལ་མཚན། གཉོས་ཚུལ་ཁྲིམས་རྒྱལ་མཚན་སོགས་ཀྱིས་བཞག་པའི་མཚན་མཚོན་གཞི་གསུམ་དང་ས་མཚམས་དབྱེ་བ། བཀའ་ལུང་གི་དགོངས་པ་འགྲེལ་སྟངས་ལ་དགག་སྒྲུབ་གནང་ཡོད་པ་ནི་མཛད་པ་པོ་གཞན་ལ་མཐོང་དཀོན་པའི་ཡོན་ཏན་ཁྱད་པར་ཅན་ཞིག་ལགས་ན། ཕྱི་རབས་བོན་བན་གྱི་རིག་པ་སྨྲ་བ་དག་གིས་ཀྱང་གཞུང་ལུགས་མཛད་དུས་རང་གི་བླ་མའི་ཕྱོགས་ཁག་མི་འཛིན་པར་བོན་གྱི་སྤྱན་ལྡན་ཆེན་མོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་རྩོམ་ཐབས་ལྟ་བུའི་རྗེས་སུ་ཅིས་ཀྱང་འབྲང་འོས་སོ། །

གཉིས་པ། ཚད་མ་ཀུན་བཏུས་ལས་བསྟན་པའི་ཚད་མ་སྤྱི་དང་བྱེ་བྲག་བཀའ་ལུང་ཚད་མའི་མཚན་ཉིད་འཇོག་སྟངས།

ཚད་མ་ཀུན་བཏུས་ཀྱི་ལེའུ་གཉིས་པ་ཚད་མ་སྤྱིའི་རྣམ་གཞག་བསྟན་པའི་སྐབས་སུ་མུ་སྟེགས་རིག་པ་ཅན་གྱིས་འདོད་པའིམ་རྟོགས་པའི་དོན་གསལ་བ་ཙམདང་སྡེ་འཛིན་ཁ་ཅིག་གིས་འདོད་པའི་བདེན་པའི་དོན་རྟོགས་སུམ་ལྡནཚད་མའི་མཚན་ཉིད་དུ་འདོད་པའི་ལུགས་བཀག་ནས་རང་གི་འདོད་པ་འཇོག་པའི་སྐབསམི་བསླུ་རྟོགས་པའི་བོན་སུམ་ལྡན་ནོ། །དེ་ཡང་ཡུལ་གྱི་ཁྱད་པར་ཡང་དག་ཉིད་དུ་གནས་པས་ལོག་པས་མི་བསླུ་བ་དང་། བློ་རང་གི་ངོ་བོ་འཁྲུལ་མེད་ཀྱི་ཤེས་རབ་འཆལ་བས་མི་བསླུ་བ། བྱེད་པའི་ལས་སྒྲོ་འདོགས་གཅོད་བྱེད་དེ་མ་ཡིན་གྱིས་མི་བསླུ་བའོ། །ཞེསམི་བསླུ་རྟོགས་པའི་བོན་སུམ་ལྡནནི་ཚད་མ་སྤྱིའི་མཚན་ཉིད་དུ་བཞག་པ་དང་མི་བསླུ་རྟོགས་པའི་བོན་གསུམ་གྱི་གྲངས་འདྲེན་དང་བཅས་པ་ཁ་གསལ་གསུངས་ཡོད། ལེའུ་བཞི་པརརྟོགས་བྱེད་ཀྱི་བློ་གང་ཞིག་ནི་རིག་པ་ཙམ་ལ། གསལ་རྟོགས་ཀྱི་བློ་གང་ཞིག་གིས་གཞལ་བྱ་རྟོགས་པའི་གསུམ་ལྡན་ནི་ཚད་མའི་མཚན་ཉིད་དོ། །ཞེས་གསུངས་པར་བལྟས་ཚོད་ཀྱིསགསལ་རྟོགས་ཀྱི་བློ་གང་ཞིག་གིས་གཞལ་བྱ་རྟོགས་པའི་གསུམ་ལྡནཚད་མའི་མཚན་ཉིད་ཡིན་པའི་རྣམ་པ་འདུག་ཀྱང་འདི་ཉིད་ཚད་མ་གསུམ་ལས་རིག་པ་ཚད་མ་འཆད་པའི་སྐབས་ཏེ་ལེའུ་བཞི་པའི་དངོས་བསྟན་གྱི་ཚད་མའི་མཚན་ཉིད་ཡིནཔ་ལས་ཚད་མ་སྤྱིའི་མཚན་ཉིད་ནི་མ་ཡིན། ཚད་མའི་དབྱེ་བ་ལ་བཀའ་ཚད་མ་དང་། ལུང་ཚད་མ། རིག་པ་ཚད་མ་བཅས་གསུམ་གསུངས་ཤིང་། ལེའུ་གཉིས་པའི་མཇུག་རྩོམ་དུགཞལ་བྱའི་ཡུལ་ལ་འཇལ་བྱེད་ཚད་མ་ནི། །ངེས་བྱ་བཀའ་དང་དཔང་གྱུར་ལུང་གི་དོན། །རིག་པ་མངོན་སུམ་རྗེས་དཔག་རྣམ་དྲུག་གིས། །དེ་དོན་ཉམས་སུ་མྱོང་བ་བསྐྱེད་པར་འགྱུར། །ཞེས་ཚད་མ་དྲུག་གི་རྣམ་དབྱེ་བསྟན་ཡོད། སྐབས་འདིའི་ཚད་མ་དྲུག་གི་རྣམ་གྲངས་འདྲེན་ལུགས་ཚད་མ་ཀུན་བཏུས་རང་གཞུང་དུ་ཁ་གསལ་གོ་བདེར་གསུངས་པའི་ཚུལ་ཧ་ཅང་གསལ་བོ་ཞིག་མི་འདུག་ཀྱང་། བོན་གྱི་ཚད་མ་རིག་པ་སྨྲ་བ་དག་གིས་རང་རང་གི་རྣམ་དཔྱོད་རྩལ་དུ་བཏོན་ནས་ཚད་མ་དྲུག་རྩི་ལུགས་ལ་རྒྱལ་བའི་བཀའ་ཚད་མ། འཕགས་པའི་ལུང་ཚད་མ། རང་གི་རིག་པ་ཚད་མ། མངོན་སུམ་ཚད་མ། རྗེས་དཔག་ཚད་མ། སྐྱེས་བུ་ཚད་མ་བཅས་དྲུག་ལ་རྩི་བ་དང་། ཁ་ཅིག་གིས་རྒྱལ་བའི་བཀའ་ཚད་མ། འཕགས་པའི་ལུང་ཚད་མ། དོན་དམ་མཐར་ཐུག་གི་ཚད་མ། རིག་པ་ཚད་མ། མངོན་སུམ་ཚད་མ། རྗེས་དཔག་ཚད་མ་བཅས་དྲུག་ལ་རྩི་བ། ཡང་ཁ་ཅིག་གིས་རྒྱལ་བའི་བཀའ་ཚད་མ། འཕགས་པའི་ལུང་ཚད་མ། དོན་དམ་མཐར་ཐུག་གི་ཚད་མ། གཞན་རིག་མངོན་སུམ་ཚད་མ། རང་རིག་མངོན་སུམ་ཚད་མ། རྗེས་དཔག་ཚད་མ་བཅས་དྲུག་ལ་བཞེད་པ་བཅས་རིགས་གསུམ་ཡོདལ་ད་དུང་འདི་དག་ཏུ་མི་འདུས་པའི་རྩི་སྟངས་གཞན་པའང་ཡོད་མི་སྲིད་པའི་ངེས་པ་མེད། འདི་དག་གི་ཁྲོད་ཀྱི་དོན་དམ་མཐར་ཐུག་གི་ཚད་མཞེས་པའི་བརྡ་ཆད་འདི་ཚད་མ་ཀུན་བཏུས་ལེའུ་གཉིས་པའི་འགོར་བྱུང་ཡོད་ཀྱང་།“སྐྱེས་བུ་ཚད་མ་དང་གཞན་རིག་མངོན་སུམ་ཚད་མཞེས་པའི་ཐ་སྙད་རང་གཞུང་དུ་དངོས་སུ་བྱུང་མེད། དོན་དམ་མཐར་ཐུག་གི་ཚད་མ་ནི་བོན་ཉིད་སྟོང་པ་ཉིད་ཡུལ་དུ་བྱེད་པའི་རྣལ་འབྱོར་མངོན་སུམ་ཚད་མ་ལྟ་བུར་བཞག་ཅིང་འདི་ཉིད་ཚད་མ་དྲུག་གི་ནང་འདྲེན་དགོས་པའི་རྒྱུ་མཚན་ནི། ལེའུ་གཉིས་པའི་མཇུག་སྡོམ་ཚིགས་བཅད་ནང་དཔང་གྱུར་ལུང་གི་དོན་ཞེས་བྱུང་བའིདོནགྱིས་དོན་དམ་མཐར་ཐུག་གི་ཚད་མ་བསྟན་པར་འགྲེལ། གལ་ཏེ་སྐབས་འདིར་དཔང་གྱུར་ལུང་གི་དོན་ཞེས་མ་བྱུང་བརདཔང་གྱུར་ལུང་དང་དོནཞེས་འབྱེད་པ་ལ་འཇུག་པའི་དང་སྒྲ་ཞིག་བྱུང་ཡོད་ཚེ། དོན་ཞེས་པ་འདིས་དོན་དམ་མཐར་ཐུག་གི་ཚད་མ་བསྟན་ཞེས་པར་བདེན་ཁ་ཆེ་ཡང་ཚད་མ་ཀུན་བཏུས་མ་དཔེ་མི་འདྲ་བ་དང་དཔར་གཞི་མི་འདྲ་བ་ཁག་ཏུ་གཅིག་གྱུར་གྱིས་དཔང་གྱུར་ལུང་གི་དོན་ཞེས་འབྲེལ་སྒྲ་བྲིས་པ་ཤ་སྟག་ལས་མ་བྱུང་བས་ཚིག་འདིས་དོན་དམ་མཐར་ཐུག་གི་ཚད་མ་བསྟན་པའི་རྒྱུ་མཚན་རྣམ་དག་ཅིག་ཡོང་དཀའ། ཚད་མ་དྲུག་གི་རྣམ་གྲངས་འདྲེན་ལུགས་ཐད་ལ་གུས་པ་རང་གི་རྨོངས་འཆར་ཙམ་ཞུས་ན། གོང་གི་མཇུག་སྡོམ་ཚིགས་བཅད་ནི་ལེའུ་གཉིས་པའི་མཇུག་ཏུ་བྱུང་བས་ཚད་མའི་གྲངས་ཀ་ཡང་གཞུང་རང་དུ་གསལ་བ་ཡིན་དགོས་ལ། དེ་ཡང་ངེས་པར་དུ་ལེའུ་གཉིས་པར་གསལ་བ་ཞིག་ཡིན་ན་གཞུང་གི་བབ་དང་ལེའུ་གོང་འོག་གི་འགྲོས་དང་ཧ་ཅང་མཐུན་ཏེ། དཔེར་ན་ལེའུ་དང་པོའི་མཇུག་རྩོམཤེས་བྱ་ཡུལ་དང་ཡུལ་ཅན་རྣམ་པ་ནི། །གཟུང་ཞེན་འཇུག་པའི་ཡུལ་དང་དེར་རྟོགས་བློ། །སུམ་ལྡན་ཚད་མིན་བློ་དྲུག་རང་བཞིན་གྱིས། །ཡུལ་རིག་གསལ་འགྱུར་བློ་གྲོས་ལྡན་འགྱུར་རོ། །ཞེས་བྱུང་བའི་ཚད་མིན་གྱི་བློ་དྲུག་པོ་ལེའུ་དང་པོའི་ནང་དུ་གསལ་བ་ལྟ་བུའོ། །ཚད་མ་ཀུན་བཏུས་ལེའུ་གཉིས་པའི་ནང་དུ་ཚད་མའི་དབྱེ་བ་བསྟན་སྐབསའཇལ་བྱེད་བློའི་རང་བཞིན་ལ་གསུམ་སྟེ། བཀའ་ཚད་མ། ལུང་ཚད་མ། རིག་པ་ཚད་མའོ། དང་པོ་བཀའ་ནི་སངས་རྒྱས་ཉེས་པ་ཟད་པས་གསུངས་པ་ཡིན་ལ། དེ་ལས་མན་ངག་ཚད་མ་འབྱུང་བས་བཀའ་དོན་གཏན་ལ་འབེབས་པའོ། །གཉིས་པ་ལུང་ནི། སངས་རྒྱས་ཀྱིས་གསུངས་ཤིང་ངེས་པའི་གནས་ལས་བྱུང་བ་ལ། དེ་ལས་ཀྱང་གཏན་ཚིགས་ཀྱི་ཚད་མ་འབྱུང་བས་དྲངས་ན་རང་ཚིམ་ཞིང་ཕ་རོལ་གྱི་ཐེ་ཚོམ་བཟློག་པའོ། །གསུམ་པ་ལ། རིག་པ་འཁྲུལ་མེད་རྡེང་གྱུར་གྱིས་གཏན་ལ་འབེབས་ཏེ། དེ་ལས་ཀྱང་རིག་པའི་ཚད་མ་འབྱུང་བས་མངོན་གྱུར་ལྐོག་གྱུར་གཏན་ལ་འབེབས་པ་ལ་མངོན་སུམ་དང་རྗེས་སུ་དཔག་པས་གཏན་ལ་འབེབས་པའོ། །བྱུང་བར་བརྟགས་ན་མཇུག་སྡོམ་ཚིགས་བཅད་ཁྲོད་ཀྱི་ངེས་བྱ་བཀའ་ཡིས་བཀའ་ཚད་མ་དང་བཀའ་ལས་བྱུང་བའི་མན་ངག་ཚད་མ་བསྟན་པ་དང་། དཔང་གྱུར་ལུང་གི་དོན་གྱིས་ལུང་ཚད་མ་དང་ལུང་ལས་བྱུང་བའི་གཏན་ཚིགས་ཚད་མ་བསྟན། རིག་པ་མངོན་སུམ་རྗེས་དཔག་ཅེས་པས་རིག་པའི་ངོ་བོར་གྱུར་བའི་ཚད་མ་ལ་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་བཅས་ཚད་མ་དྲུག་པོ་བསྟན་འདུག་སྙམ་པས་རིགས་པ་སྨྲ་བ་དག་གིས་དཔྱད་རོགས་ཞུ། ལེའུ་གསུམ་པའི་ནང་བཀའ་ཚད་མ་དང་ལུང་ཚད་མའི་རྣམ་བཞག་རྒྱས་པར་བསྟན་འདུག་སྟེཐམས་ཅད་མཁྱེན་པའི་བདག་རྐྱེན་ལས་གསུངས་ཤིང་རིག་པའི་བསྟན་བཅོས་དག་གིས་བདེན་པ་ནི་བཀའ་ཙམ་གྱི་མཚན་ཉིད་དོ། །ཐམས་ཅད་མཁྱེན་པའི་བདག་རྐྱེན་ལས་གསུངས་ཤིང་རིག་པས་བསྟན་གྱིས་དབེན་པའི་མི་བསླུ་རྟོགས་པའི་བོན་གསུམ་ལྡན་ནི་བཀའ་ཚད་མའི་མཚན་ཉིད་དོ། །ཞེས་བཀའ་དང་བཀའ་ཚད་མའི་མཚན་ཉིད་སོ་སོར་བསྟན་པ་དང་། དེ་ལ་བདག་རྐྱེན་གྱི་སྒོ་ནས་ཞལ་ནས་གསུངས་པའི་བཀའ། རྗེས་སུ་གནང་བའི་བཀའ། བྱིན་གྱིས་རླབས་པའི་བཀའ་དང་གསུམ། བཞག་པ་སྣོད་ཀྱི་སྒོ་ནས་དཀའ་བཅད། སླ་འགྱུར། གཉིས་ཀ་མ་ཡིན་པའི་སྡེའི་བཀའ་གསུམ། སྤང་བྱ་དུག་ལྔ་ལ་ལྟོས་ཏེ་བོན་སྒོ་བཞི་མཛོད་ལྔ། ལྟ་བའི་སྒོ་ནས་ཐེག་པ་རིམ་དགུའི་བཀའ་བཅས་དབྱེ་བ་གསུངས། “རྒྱལ་བས་གསུངས་པ་གཏན་ཚིགས་སུ་ཆེ་ཞིང་དཔང་པོ་ཐུབ་པ་ནི་ལུང་གི་མཚན་ཉིད་ཡིན་ལ། རྒྱལ་བས་གསུངས་པ་གཏན་ཚིགས་སུ་ཆེ་བའི་མི་བསླུ་རྟོགས་པའི་བོན་གསུམ་ལྡན་ནི་ལུང་ཚད་མའི་མཚན་ཉིད་དོ། །ཞེས་ལུང་དང་ལུང་ཚད་མའི་མཚན་ཉིད་གསལ་བར་བསྟན་པ་དང་དེ་ལ་དབྱེ་ན་སྟོན་པས་གསུངས་པ་གཏན་ཚིགས་ཆེ་བའི་ལུང་། རྟོགས་ཚད་ཐ་དད་ཐེག་སྒོ་བྱེ་བྲག་གི་ལུང་། སྡོང་བྱེད་ལྷ་སྨན་གྱིས་གསུངས་པ་དངོས་གྲུབ་ཉམས་སོད་ཀྱི་ལུང་བཅས་རིགས་དབྱེ་གསུམ་གསུངས་ཡོད།

གསུམ་པ། ཚད་མ་ཀུན་བཏུས་ལས་བསྟན་པའི་བཀའ་ལུང་ཚད་མ་ཤེས་པ་ཡིན་མིན། 

གཅིག བཀའ་ཚད་མ་དང་ལུང་ཚད་མ་གཉིས་བཀའ་དང་ལུང་ཡིན་མིན། 

ཅི་ཞིག་ལ་བཀའ་ཚད་མ་ཟེར་བ་དང་གང་ཞིག་ལ་ལུང་ཚད་མ་ཟེར་ཞེས་པའི་ལན་དུ་གོང་དུ་བཀའ་ལུང་ཚད་མ་གཉིས་ཀྱི་མཚན་ཉིད་བཞག་མ་ཐག་པ་ལྟར་ཡིན་ལ། ཚད་མ་ཀུན་བཏུས་ལས་བསྟན་པའི་བཀའ་ཚད་མ་དང་ལུང་ཚད་མ་གཉིས་ཤེས་པ་ཡིན་མིན་ཐད་ལ། ཚད་མ་རིགས་པ་སྨྲ་བ་རྣམས་ཀྱིས་ཚུལ་གསུམ་ཐལ་སྒྲའི་ཀློང་ནས་དགག་བཞག་སྤོང་གསུམ་མང་དུ་མཛད་ཀྱང་གཅིག་གྱུར་གྱི་འཛིན་མཚམས་འདོད་སྟངས་ཤིག་ད་དུང་གཞི་གྲུབ་མེད། ཁ་ཅིག་གིས་བཀའ་ཚད་མ་ཞེས་པ་ཚད་མ་ཡིན་ཡང་དེ་ཉིད་བཀའ་ལ་ངོས་འཛིན་མི་བྱེད། དཔེར་ན་ཁམས་བརྒྱད་སྟོང་ཕྲག་བརྒྱ་པས་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱས་པ་ལ་བརྟེན་ནས་ཁམས་བརྒྱད་སྟོང་ཕྲག་བརྒྱ་པའི་བརྗོད་དོན་ཚུལ་བཞིན་རྟོགས་པའི་བློ་ཚད་མ་ལྟ་བུ་བཀའ་ཚད་མ་དང་ལུང་ཚད་མ་ལ་བཞག་ནས་ཚད་མ་ཡིན་ན་བློ་ཡིན་པས་ཁྱབ་པར་བཞེད་པ་དང་། འགའ་རེས་བཀའ་ཚད་མ་ཞེས་པ་སངས་རྒྱས་ཀྱི་བཀའ་རང་ལ་བཞག་ནས་ཁམས་ཆེན་སྟོང་ཕྲག་བརྒྱ་པ་ལྟ་བུ་ཚད་མ་ཡིན་ཡང་བློ་མིན་པར་བཞེད་པ་བཅས་རྩ་བའི་འདོད་སྟངས་རིགས་འདི་གཉིས་རྒྱུག་ཆེ་བར་སྣང་། ལུགས་གོང་མ་ནི་མཁས་པ་ཕྱི་རབས་པར་ཡོངས་སུ་གྲགས་པའིའཇུག་ཡུལ་སྔར་མ་རྟོགས་པ་ལ་མི་བསླུ་ཞིང་སྒྲོ་འདོགས་དང་འགལ་བར་འཇུག་པའི་རིག་པ་ཚད་མའི་མཚན་ཉིད། དེ་དང་ཡང་དག་གི་ཤེས་པ་དོན་གཅིགཏུ་འདོད་པའི་ཤུགས་རྐྱེན་ལས་བྱུང་བ་ཞིག་ལས་ཚད་མ་ཀུན་བཏུས་རང་གཞུང་དུ་མཚན་གཞི་དེ་འདྲ་བ་ཞིག་བཞག་མེད་ཅིང་དེ་ལྟ་བུར་འཇོག་དགོས་པའི་ལུང་ཚིག་ཀྱང་མི་གསལ། ཡིན་ཡང་བཀའ་ལུང་ཚད་མ་ལ་མི་བསླུ་རྟོགས་པའི་བོན་སུམ་ལྡན་ལསབློ་རང་གི་ངོ་བོ་འཁྲུལ་བྱེད་ཀྱི་ཤེས་རབ་འཆལ་བས་མི་བསླུ་བཞེས་པའི་དོན་ཚང་དགོས་པ་དང་། ལེའུ་བདུན་པའི་མཇུག་ཏུ་བློ་རིགས་བདུན་པོའི་དོན་བསྡུ་བསྟན་སྐབསབློ་རིགས་བདུན་པོ་དེ་སྔར་གྱི་བློ་གསུམ་པོ་དེར་འདུས་ཏེ། འདི་ལྟར་ཡིད་དཔྱོད་ཐེ་ཚོམ་རྟོག་པ་བཅད་ཤེས་རྗེས་དཔག་ཞེན་ཡུལ་ལ་འཁྲུལ་བའི་ལོག་ཤེས་དང་ལྔ་ནི་རྟོག་པར་འདུས་ལ། མངོན་སུམ་ཚད་མ་སྣང་ལ་མ་ངེས་རྟོག་མེད་བཅད་ཤེས་གསུམ་རྟོག་བྲལ་མ་འཁྲུལ་བར་འདུས་ལ། བཀའ་ཚད་མ་དང་ལུང་ཚད་མ་གཉིས་དེ་གཉིས་ཀར་འདུས་སོ། །གཟུང་དོན་ལ་འཁྲུལ་བའི་ལོག་ཤེས་དང་དོན་ལ་མ་ངེས་པ་གཉིས་ནི་རྟོག་མེད་འཁྲུལ་བའི་ལོག་ཤེས་སུ་འདུས་སོ། །ཞེས་བྱུང་བ།ས་ལམ་འཕྲུལ་གྱི་ལྡེ་མིགལས་ཚོགས་ལམ་གྱི་བློ་རིགས་ངོས་འཛིན་གནང་སྐབསརྫས་ལ་ལྟོས་ན་རྗེས་དཔག་དང་ལུང་ཚད་མ། རིགས་ལ་ལྟོས་ནས་བཅད་ཤེས་དང་གསུམ་ཀར་འགྱུར་ཏེ། འདི་ལྟར་གང་ཟག་རིགས་པའི་རྗེས་འབྲང་གིས་རྟགས་ལ་བརྟེན་ནས་ངེས་པས་རྗེས་དཔག་ལ། དད་པའི་རྗེས་འབྲང་ལ་ལྟོས་ནས་ལུང་ཚད་མ་ཡང་ཡིན་ནོ། །ཞེས་གསུངས་པ་སོགས་ལ་བལྟས་ཚོད་ཀྱིས་བཀའ་ལུང་ཚད་མ་གཉིས་པོ་བློ་ཡིན་དགོས་པའི་སྣང་ཚུལ་འདུག་ཀྱང་དོན་ལ་དེ་ལྟར་མ་ཡིན།“ཤེས་རབ་ཀྱང་ཤིན་ཏུ་ལྐོག་གྱུར་གཏན་ལ་འབེབས་པས་གྲུབ་སྟེ། དེ་ལྟར་མ་ཡིན་ན། བདག་ལྟ་དང་རྨོངས་པས་གཏན་ལ་མི་ཕེབས་སོ། །འཆལ་བས་མི་བསླུ་བ་ནི། འཁྲུལ་མེད་ཀྱི་ཤེས་རབ་ཀྱིས་གྲུབ་སྟེ་དེ་ལྟར་མ་ཡིན་ན་འཁྲུལ་མེད་ཀྱི་ཤེས་རབ་ཏུ་མི་འགྱུར་བའི་ཕྱིར་རོ། །ཞེས་པ་ལྟར་བཀའ་ལུང་གིས་ཡུལ་ཡང་དག་པ་ཤིན་ཏུ་ལྐོག་གྱུར་གྱི་གནས་ཐམས་ཅད་གཏན་ལ་འབེབ་ཅིང་བྱེད་ལས་ཀྱང་ཚད་མ་དང་ཚད་མིན་གྱི་བློ་གཉིས་ལས་ཚད་མའི་བློ་གཙོ་བོར་སྐྱེད་པའི་རྒྱུ་ཁྱད་པར་ཅན་ཡིན་པསབློ་རང་གི་ངོ་བོ་འཁྲུལ་མེད་ཀྱི་ཤེས་རབ་འཆལ་བས་མི་བསླུ་བཡིན་ཆོག་པ་དང་། སྤྱིར་ཤེས་བྱ་གང་ཡང་རུང་བ་ཞིག་གཞི་དེར་འདུས་ན་གཞི་དེ་མཐའ་གཅིག་ཏུ་ཡིན་མི་དགོས་ཏེ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་བོན་ཐམས་ཅད་སེམས་ཉིད་ཐིག་ལེ་ཉག་གཅིག་ལ་འདུས་ཀྱང་སེམས་ཉིད་མིན་པ་བཞིན་ནོ། །དོན་བསྡུ་སྐབས་སུ་བཀའ་ལུང་ཚད་མ་རྟོག་པ་དང་རྟོག་མེད་མ་འཁྲུལ་བའི་འཛིན་པ་གཉིས་ཀར་འདུས་གསུངས་པ་ཡང་བཀའ་ལུང་གིས་རྟོག་པ་རྟོག་མེད་ཀྱི་མངོན་རྗེས་ཚད་མ་སྐྱེད་པའི་ཆ་ནས་འདུས་ཞེས་གསུངས་པ་ལས་ཁོང་གིས་བཀའ་ལུང་ཚད་མ་རྟོག་པ་དང་རྟོག་མེད་ཀྱི་གཞི་མཐུན་པར་མི་བཞེད་པ་ནི། ཚད་མ་ཀུན་བཏུས་ལས་བློ་རིགས་བརྒྱད་ཀྱི་དབྱེ་དོན་བསྟན་སྐབསགཞན་རིག་རྟོག་པ་རྟོག་མེད་གཅིག་ཏུ་སྐྱེ་མི་སྲིདཅེས་གསུངས་པས་ཤེས་ཐུབ། ཚོགས་ལམ་སྐབས་སུ་བཀའ་དང་ལུང་ཚད་མའང་ཡིན་ནོ་ཞེས་པ་ནི་ཉིད་ཀྱི་དགོངས་པ་ཉིད་ཀྱིས་བཀྲོལ་བ་ཡིན་པ་གཞུང་དེར་སྦྱོར་ལམ་གྱི་བློ་རིག་བསྟན་སྐབས། ཐེག་ཆེན་སྦྱོར་ལམ་གྱིབློ་དེའི་ཡུལ་མངོན་གྱུར་རམ། ལྐོག་གྱུར་རམ། ཤིན་ཏུ་ལྐོག་ཏུ་གྱུར་པའམ། དངོས་མེད་གསལ་སྣང་ཡིན། དང་པོ་ལྟར་ན་མངོན་སུམ་ལ། གཉིས་པ་ལྟར་ན་རྗེས་དཔག་གམ་ཡིད་དཔྱོད་ལ། གསུམ་པ་ལྟར་ན་ལུང་ཚད་མའི་བློ་དང་། བཞི་བ་ལྟར་ན་མེད་པ་གསལ་སྣང་ཡིན་པས་ཁས་བླངས་ཉམས་སོ། །ཞེས་གསུངས་པས། དཔེར་ན་གང་ཟག་དང་གང་ཟག་གི་བློ་གཉིས་ཀྱི་ནང་དོན་རྦད་དེ་མི་འདྲ་བ་བཞིན་དུ་འདི་ཡང་བཀའ་ཚད་མའི་བློ་དང་ལུང་ཚད་མའི་བློ་ལ་གཞག་དགོས་པ་ལས་བཀའ་ལུང་ཚད་མའི་ངོ་བོར་གྱུར་པའི་ཚོགས་སྦྱོར་གྱི་བློ་ཞིག་ཡོད་པའི་དོན་མ་ཡིན་སྙམ་པས་གྲོགས་རིགས་པ་སྨྲ་བ་ཚོས་དཔྱད་དགོས། བཀའ་ཚད་མ་དང་ལུང་ཚད་མ་གཉིས་བཀའ་ལུང་ལ་མ་བཞག་ན་གོང་གི་བཀའ་ལུང་དང་བཀའ་ལུང་ཚད་མའི་མཚན་ཉིད་ཀྱིས་གནོད་ཅིང་། ཚད་མ་ཀུན་བཏུས་ལས་བཀའ་ཚད་མའི་རྩོད་སྤོང་བསྟན་སྐབས་བཀའ་ཚད་མ་རང་ཉིད་ཚད་མ་ཡིན་མིན་གྱི་རྩོད་པ་བྱུང་མེད་པར་བཀའ་རང་ཚད་མ་ཡིན་མིན་གྱི་རྩོད་སྤོང་མཛད་འདུག་པ་ནི་གནད་འགག་ནང་གི་གནད་འགག་ཏུ་འདུག་ཅིང་། རང་གཞུང་དུབཀའ་དེ་ཚད་མ་ཡིན་ནམ་མིན། དང་པོ་ལྟར་ན། མངོན་གྱུར་ལ་ཡང་སྒྲོ་འདོགས་གཅོད་པ་ཡོད་པར་ཐལ་ལ། གཉིས་པ་ལྟར་ན། ཚད་མར་གསུངས་པ་དང་འགལ་ཞེ་ན། འདིའི་ལན་ལ་གསུམ་ལས། གཉིས་པ་རང་ལུགས་ནི། ཚད་མ་ཡིན་ཏེ། ཚད་མའི་མཚན་ཉིད་དེ་རྣམས་ལ་གཞལ་བྱ་འཇལ་བའི་ཕྱིར་རོ། །ཞེས་བཀའ་ཉིད་ཚད་མ་ཡིན་པའི་ཚུལ་བསྟན་པ་དང་། ལུང་ཚད་མའི་སྐབས་སུ་ཡངརྩོད་སྤོང་སྔར་བཀའི་གནས་སྐབས་སུ་བསྟན་པ་བཞིན་ནོ། །ཞེས་གསུངས་པར་བརྟགས་ན་བཀའ་ཚད་མ་དང་ལུང་ཚད་མ་ནི་བཀའ་དང་ལུང་རང་ལ་བཞག་པ་ལས་བཀའ་ལུང་གི་བརྗོད་དོན་རྟོགས་པའི་ཚད་མ་ལ་བཞག་མེད་པ་ཤེས་ཐུབ། ལྷག་ཏུ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་རང་གི་རྣམ་དཔྱོད་རྩལ་དུ་བཏོན་ནས་བཀའ་ལུང་ཚད་མའི་མཚན་ཉིད་གསུངས་པ་ལས། བཀའ་ལུང་ཚད་མའི་བརྡ་དོན་ནི་ཁོང་གིས་གསར་གཏོད་མཛད་པ་ཞིག་མིན་ཏེ་ཚད་མ་ཀུན་བཏུས་ཀྱི་རྒྱབ་རྟེན་ཡིག་ཆ་རྣམས་སུ་བཀའ་ལུང་ཚད་མའི་ཐ་སྙད་མང་པོ་གསལ་ཡོད། དཔེར་ནམདོ་གཟེར་མིགལསཟུང་འབྲེལ་གྱི་ཚད་མ་གསུམ་ནི། སྟོན་པའི་ལུང་ཚད་མ་དང་གཅིག སློབ་དཔོན་གྱི་བཀའ་ཚད་མ་དང་གཉིས། རང་གི་རིག་པའི་ཚད་མ་དང་གསུམ་མོ། །དེ་ལ་ཚད་མ་གསུམ་ཟུང་དུ་འབྲེལ་པ་ནི། ལུང་གི་ནང་ནས་གཏན་ཚིགས་ཀྱི་ཚད་མ་འབྱུང་ངོ་། །བཀའ་ཡི་ནང་ནས་མན་ངག་གི་ཚད་མ་འབྱུང་ངོ་། །རིག་པའི་ནང་ནས་རིག་པ་ཚད་མ་འབྱུང་ངོ་། །ལུང་ཚད་མ་ཞེས་བྱ་བ་ནི། སྔོན་གྱི་སྟོན་པ་ཇི་སྙེད་ནས་ད་ལྟ་གཤེན་རབ་བདག་ཉིད་ཡན་ཆོད་ཀྱིས་ཞལ་ནས་གསུངས་པའི་ལུང་འདི། ངེས་པར་མ་ནོར་བརྩོན་པར་གཟུངས་སུ་ཟུངས། བཀའ་ཡི་ཚད་མ་ཞེས་བྱ་བ་ནི། གང་ཟག་སྦྱངས་པའི་འཕྲོ་ཅན་ཤེས་རབ་ཟབ་མོས་བསྟན་པའོ། །ཞེས་དང་། མདོ་དྲི་མེད་གཟི་བརྗིདལས་ཚད་མ་གསུམ་གྱི་སྐོར་གསུང་སྐབསསྟོན་པའི་བཀའ་ཚད་མ་ནི། ད་ལྟའི་སྟོན་པ་བདག་ཉིད་ཀྱི་བཀའ་ལས་བྱུང་བ་རྣམས་སོ། །དེ་ལ་ཡང་རྣམ་པ་གསུམ་སྟེ། ཞལ་ནས་གསུང་པའི་བཀའ་དང་། བྱིན་གྱིས་རླབས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་དང་གསུམ་མོ། །ཞེས་འདི་གསུམ་གྱི་མཚན་གཞི་དང་བཅས་པ་གསུངས་པ་དང་། རྣམ་འབྱེད་འཕྲུལ་ལྡེལསབཀའ་ཡི་མཚན་ཉིད་བཅོས་བསླད་མེད། །རྒྱལ་བའི་ཐུགས་དང་ཞལ་ནས་གསུངས། །རྒྱལ་ཐེབ་ཀྱིས་གསུངས་ཚད་མའོ། །འདི་གསུམ་བཀའ་རུ་གཅིག་པ་སྟེ། །དགོངས་བསྒྲགས་གཞན་ནི་ཐ་དད་ཡིན། །བཀའ་གསུམ་བདག་ཉིད་གཅིག་འབྲེལ་ཏེ། །མིང་དང་སྐབས་ཀྱི་རྒྱུ་འབྲས་སོ། །ལུང་ནི་གཏན་ཚིགས་འབྱུང་གནས་ཏེ། །རྣམ་པ་ཐེག་སྒོ་དུ་མ་ཡིན། །ཞེས་སོགས་གསུངས་པ་ལས་བཀའ་ཚད་མ་དང་ལུང་ཚད་མ་ནི་བཀའ་དང་ལུང་རང་ལ་གཞག་དགོས་པ་ཤིན་ཏུ་གསལ། 

གཉིས། བཀའ་དང་ལུང་གཉིས་པོ་ཤེས་པར་འདོད་མིན། 

ང་ཚོས་བཀའ་ཚད་མ་དང་ལུང་ཚད་མ་གཉིས་བཀའ་དང་ལུང་ལ་འཇོག་དགོས་པ་ཤེས་ན་ཡང་། 

བཀའ་དང་ལུང་གཉིས་པོ་བེམ་པོ་ཤེས་པ་ལྡན་མིན་འདུ་བྱེད་གསུམ་ལས་གང་ལ་འདོད་མིན་གནད་འགག་ཅིག་ཏུ་ཆགས་ཡོད། ཤེར་ཕྱིན་འོད་སྣང་གསར་བལས་སངས་རྒྱས་ཀྱི་བཀའ་ནི་ལྡན་མིན་འདུ་བྱེད་དུ་བཞག་ནས་རྗོད་བྱེད་ཀྱི་སྒྲར་འདོད་པའི་ལུགས་ལ་དགག་པ་འདི་ལྟར་མཛད་ཡོད་དེདེ་ལྟར་མིན་པར་བཀའ་སྒྲ་ལ་བཞག་ན་ནི། དེང་སང་སོ་སོའི་ཆོས་སྒར་དུ་སྔོན་དུས་ཀྱི་བཀའ་དང་བསྟན་བཅོས་མེད་པར་འདོད་དགོས་ཏེ། དཔེར་ན་ཁ་སང་གི་སྒྲ་དང་དེའི་རྒྱུན་གཉིས་ཀ་དེ་རིང་མེད་པ་བཞིན་ནོ། །གསུངས་པ་དང་། ཕར་ཕྱིན་སྤྱི་དོན་ལེགས་བཤད་སྐལ་བཟང་ཀླུ་དབང་རོལ་མཚོལསགསེར་ཕྲེང་ལས། བཀའ་དང་བསྟན་བཅོས་སོགས་གདུལ་བྱའི་རྒྱུད་ཀྱིས་བསྡུས་པའི་ཤེས་པ་ཡིན་ཏེ། རྒྱན་སྣང་ལས། དེ་བས་ན་གདུལ་བྱའི་ཤེས་པ་སྒྲར་སྣང་བའི་རང་བཞིན་ཉིད་ཡིན་པས་བསྟན་པ་ཉན་པ་པོའི་སྐྱེ་བོ་དང་འབྲེལ་བ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་བདག་པོ་ལས་སྐྱེས་པའི་ཕྱིརབྱུང་བར་བལྟས་ན་སངས་རྒྱས་ཀྱི་བཀའ་དེ་སྒྲ་ལ་མི་འདོད་པར་ཤེས་པར་བཞེད་པའི་ཚུལ་ཞིག་ཡོད་པར་སྣང་ལ་རིགས་སྨྲ་ཚོས་འཆད་རའི་ནང་ནས་ཀྱངཚད་མ་རྣམ་འགྲེལལྟ་བུ་ཤེས་པར་ཁས་བླངས་ཏེ་གཞན་ལ་འཆད་རྒྱུ་མེད་པར་འདོད་པའི་ཚུལ་ཡང་མཐོང་ཐོས་འབྱུང་རྒྱུ་འདུག ཡིན་ཡང་བོན་ལུགས་ལ་བདེ་གཤེགས་ཀྱི་བཀའ་ལུང་ཤེས་པར་སྟོན་པའི་སྒྲུབ་བྱེད་ཁུངས་བཙན་ཞིག་མཐོང་དུ་མེད་ལ་བོན་གྱི་གྲྭ་ས་གོང་འོག་བར་གསུམ་གཙོས་པའི་བོན་གྱི་བཤད་སྒྲུབ་འདུས་སྡེ་ཁག་ནས་སངས་རྒྱས་སྟོན་པ་གཤེན་རབ་མི་བོའི་བཀའ་བློ་ཡིན་པར་འདོད་པའི་གནས་ཚུལ་གང་ཡང་མཐོང་ཐོས་མ་བྱུང་། དཔལ་མགོན་རྒྱལ་པོའི་གཟུངསལསབོན་གྱི་སྙིང་པོ་ཉེ་ལམ་གཟུངས་ཀྱི་དོན། །བཀའ་ཡི་ཉིང་ཁུ་སངས་རྒྱས་དགོངས་པའི་མཆོག། །ཅེས་པའི་ཚིག་ཅིག་བྱུང་ཡང་། ཚིག་འདིས་བཀའ་ནི་སངས་རྒྱས་ཀྱིས་གསུངས་ཤིང་སངས་རྒྱས་ཀྱི་དགོངས་པ་ལ་འཁྲུལ་བ་མེད་པས་བཀའ་ཡི་བརྗོད་བྱ་ཡང་སངས་རྒྱས་ཀྱི་དགོངས་པ་ལྟར་ནོར་འཆུགས་མེད་པ་ཡང་དག་ཡིན་པའི་དོན་བསྟན་པ་ལས། བཀའ་ཉིད་སངས་རྒྱས་ཀྱི་ཐུགས་དགོངས་སམ་རྣམ་མཁྱེན་ཡེ་ཤེས་ཡིན་པའི་དོན་བསྟན་པ་མིན་ནོ་སྙམ། ཚད་མ་ཀུན་བཏུས་ཀྱི་རྒྱབ་རྟེན་ཡིག་ཆ་སངས་རྒྱས་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་འབྲིང་པོམདོ་གཟེར་མིགདང་གྱེར་སྤུངས་དྲན་པ་ནམ་མཁའིརྣམ་འབྱེད་འཕྲུལ་ལྡེཡི་ནང་དུ་བཀའ་ལུང་ཚད་མ་རྗོད་བྱེད་ཀྱི་སྒྲ་ལ་འཇོག་དགོས་པའི་ཚུལ་ལས་ཤེས་པར་འདོད་པའི་རྣམ་པ་མེད་པ་གོང་དུ་དྲངས་པ་ལྟར་ཡིན་ལ། འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའིསྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བལསཚིག་ཐམས་ཅད་ཀྱང་མིང་ཚིག་ཡི་གེར་འདུས་ལ། དེ་ཡང་ཡི་གེ་དུ་མ་འདུས་པ་ལས་མིང་དང་། མིང་དུ་མ་འདུས་པ་ལས་ཚིག་དང་། ཚིག་འདུས་པས་རྣམ་པར་རབ་ཏུ་བྱེད་པ་འབྱུང་བའི་དོན་སངས་རྒྱས་དང་སེམས་དཔའ་རྣམས་ཀྱིས་གསུངས་པ་རྒྱ་ཆེ་ལ་གྲངས་མང་མོད་ཀྱི། དེ་ཡང་བསྡུས་པས་བཀའ་དང་བརྟེན་པ་གཉིས་སུ་འདུས་ཏེ། སྟོན་པའི་བཀའ་ལ་སློབ་དཔོན་བཀའ་ཡིས་བརྟེན།བཀའ་ལ་བདག་རྐྱེན་གྱི་སྒོ་ནས་དབྱེ་ནཉིད་ཀྱིས་གསུངས་པ་དང་། བྱིན་གྱིས་བརླབས་པ་དང་། རྗེས་སུ་གནང་བའི་བཀའ་འོ། །དང་པོ་ནི། སྟོན་པས་སྒྲ་འབྱུང་བའི་གནས་བརྒྱད་ནས་བརྟེན་ལ་གསུངས་པའི་སྣང་བ་འཁོར་ལ་འབྱུང་བ་སྟེ། ཞལ་ནས་གསུངས་པ་ཉིད་ཀྱི་བཀའ། །ཁོག་པ་མགྲིན་པ་རྐན་དང་ལྕེ། །སོ་མཆུ་སྤྱི་སྣའི་ཆ་དག་ལས། །མཆོག་དང་སྨན་དུ་ཕྱེ་ནས་ཞེས་གསུངས་སོ། །ཞེས་གསལ་བ་ལྟར། ཁོང་གིས་མཛད་པའིགསས་མཁར་ཁྲོ་བོ་དབང་ཆེན་གྱི་འགྲེལ་བདངརྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱནགཉིས་ཀའི་ནང་དུའང་འདི་བཞིན་གསུངས་པ། རྨེའུ་མཁས་པ་དཔལ་ཆེན(1052-1106)གྱིས་མཛད་པའིཁམས་ཆེན་པོ་བརྒྱད་ཀྱི་ཏི་ཀདང་། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་ཁུ་བོ་དང་རྩ་བའི་བླ་མ་གཉིས་ཀ་ཡིན་པའི་འ་ཞ་འགྲོ་མགོན་བདུད་རྩི་རྒྱལ་མཚན་གྱིས་མཛད་པའིཀློང་རྒྱས་ཀྱི་འགྲེལ་བ་ཉི་འོད་རྒྱནདུའང་སངས་རྒྱས་ཀྱི་བཀའ་ནི་རྗོད་བྱེད་ཀྱི་སྒྲ་ལས་བློ་ལ་བཞག་མེད་པས། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་བཀའ་ཚད་མ་དང་ལུང་ཚད་མ་ནི་བཀའ་དང་ལུང་ལ་བཞག་པ་དང་། བཀའ་དང་ལུང་གཉིས་ཀྱང་ཤེས་པ་བློ་ལ་མི་འཇོག་པར་བེམ་པོའི་སྒྲ་ལ་ངོས་འཛིན་གནང་ཡོད་པ་ཤིན་ཏུ་གསལ། དེ་བས་བོན་ལུགས་ལ་ཚད་མ་ཡིན་ན་རིག་པ་ཚད་མ་ཡིན་པས་མ་ཁྱབ་པ་དང་ཚད་མ་ལ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གང་རུང་གིས་ཁ་ཚོན་ཆོད་དགོས་པ་ནི་མ་ཡིན་ནོ། །

མཇུག་སྡོམ། 

མདོར་ན་ང་ཚོས་གོང་དུ་དྲངས་པའི་ཡིག་ཆ་དག་ལ་བལྟས་ན་བཀའ་ཚད་མ་དང་ལུང་ཚད་མ་གཉིས་ནི་བཀའ་ལུང་རང་ལ་ངོས་འཛིན་མི་གནང་པར་བཀའ་ལུང་གིས་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱས་པ་ལ་བརྟེན་ནས་སྐྱེས་པའི་བཀའ་ལུང་གི་བརྗོད་དོན་ཚུལ་བཞིན་རྟོགས་པའི་ཚད་མ་ཞིག་ལ་ངོས་འཛིན་པ་ནི་ཚད་མ་དང་བློ་ཚད་མ་གཉིས་གནད་གཅིག་ཏུ་འདོད་པའི་ཤན་ཞུགས་འོག་བྱུང་བ་ལས། སངས་རྒྱས་སྟོན་པ་གཤེན་རབ་ཀྱི་བཀའ་དང་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་སོགས་ཀྱི་བཞེད་དགོངས་དངོས་དང་མཐུན་ཤས་ཆེ་བ་ཞིག་མ་ཡིན། དེ་བས་བཀའ་ལུང་ཚད་མ་ནི་བཀའ་ལུང་རང་ལ་གཞག་དགོས་པ་དང་། བཀའ་དང་ལུང་གཉིས་ཀྱང་ཤེས་པ་དང་ལྡན་མིན་འདུ་བྱེད་གང་ཡང་མིན་པར་རྗོད་བྱེད་ཀྱི་སྒྲ་ལ་གཞག་དགོས་པ་བོན་རང་ལུགས་ཀྱི་ཡིག་ཆ་རྣམས་སུ་ཤིན་ཏུ་གསལ། རེ་ཞིག་རྩོམ་གྱི་མཇུག་གྲུབ་པའི་ཁུལ་ལགས་ཀྱང་ཤེས་ཡོན་གྱི་ཆུ་ཚད་དམའ་བའི་དབང་གིས་འགལ་འཁྲུལ་ཉེས་པའི་ཆ་འབྱུང་ངེས་པ་གཤིས་ཉིད་ལགས་པས་བཟོད་གསོལ་ཞུ་བ་དང་། བཀའ་ལུང་ཚད་མའི་སྐོར་བགྲོ་གླེང་གནང་བ་དང་ལྷག་ཏུ་བཀའ་ཚད་མ་དང་ལུང་ཚད་མ་གང་རུང་ཡིན་ན་བཀའ་ལུང་གང་རུང་ཡིན་པས་ཁྱབ་ཀྱང་། བཀའ་ཡིན་ན་བཀའ་ཚད་མ་ཡིན་དགོས་མིན་དང་ལུང་ཡིན་ན་ལུང་ཚད་མ་ཡིན་དགོས་མིན་སོགས་དཔྱད་མ་ཐུབ་པར་ལུས་པ་མང་བས་ཕྱོགས་ཀྱི་རིགས་པ་སྨྲ་བ་ཚོས་འདིའི་ཐད་དགག་སྒྲུབ་མཛད་རོགས་ཞེས་སྨྲའོ།།
རྩོམ་པ་པོ་གཞི་ཚང་ཟླ་བ་གྲགས་པ་ནི་དཀར་མཛེས་སྡེ་དགེ་རྫོང་ཤར་རྫ་བཀྲ་ཤིས་བཤད་སྒྲུབ་གླིང་གི་སློབ་གཉེར་བ་ཡིན།
རྩོམ་ཁུངས།2023ལོའིནང་རིག་འོད་སྣངདེབ་གཉིས་པ་ལས་དྲངས།
རྩོམ་སྒྲིག་འགན་འཁུར་པ། ངག་དབང་བཤད་སྒྲུབ།

     མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའིནང་རིག་འོད་སྣངརྩོམ་སྒྲིག་ཁང་གི་འབྲེལ་ལམ།

གློག་རྡུལ་ཡིག་སྒམ།  qhfxybjb@163.com
འབྲེལ་གཏུགས་ཨང་གྲངས།
ཡུལ་ལྷ་ཚེ་རིང་། 18797017950
ངག་དབང་རྒྱ་མཚོ།  18946857977
 

རྩོམ་སྒྲིག་པ། ངག་དབང་བཤད་སྒྲུབ།

དོ་དམ་པ།   ཤ་བོ་རིན་ཆེན།

རྩོམ་སྒྲིག་འགན་འཁུར་པ། མགོན་པོ་ཚེ་རིང་། ལིག་བཱེ།




长按二维码

关注我们


互联网宗教信息服务许可证|编号:青(2022)1000002



青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章