མཛོད་ཀྱི་དཀའ་གནད་དཔྱད་གླེང་མངོན་པའི་མིག་འབྱེད།
律藏部研究
འདི་ལ་བསྟན་པ་སྔ་དར་དང་ཕྱི་དར་བར་གྱི་བྱུང་རིམ་ཅུང་ཟད་གླེང་ནས་བླ་ཆེན་པོའི་མཁན་པོ་གང་ཡིན་པའི་ཚུལ་རིམ་པར་འགོད་པ། གྲུམ་ཡེ་ཤེས་རྒྱལ་མཚན་སོགས་ཀྱི་མཁན་པོ་གང་ཡིན་པའི་ཚུལ་འགོད་པ། ཀླུ་མེས་སོགས་དབུས་གཙང་གི་མི་བཅུའི་མཁན་པོ་གང་ཡིན་པའི་ཚུལ་རིམ་པར་འགོད་པ། ཀླུ་མེས་སོགས་ཀྱི་སྡོམ་རྒྱུན་རིམ་པར་སྤེལ་བའི་གནས་བབ་འགོད་པ། ཞར་བྱུང་གྲུམ་སོགས་ཀྱི་སྡོམ་རྒྱུན་སྤེལ་བའི་གནས་བབ་ཅུང་ཟད་འགོད་པ་དང་ལྔ་ལས།
དང་པོ་ནི། སྤྱི་ལོལོར་མངའ་བདག་ཁྲི་རལ་བ་ཅན་རྒྱལ་སར་འཁོད། བཙན་པོ་འདིས་ལོ་ཉེར་ལྔར་རྒྱལ་ས་བཟུང་། ཁོང་གི་སྐབས་སུ་དགེ་འདུན་པ་གཅིག་མི་ཁྱིམ་བདུན་གྱིས་གསོ་དགོས་པ་དང་། རྒྱལ་རབས་གསལ་མེ་རུ་ཆོས་ཁྲིམས་ཤིན་ཏུ་དམ་པས་རབ་བྱུང་བར་མ་གུས་པ་སུས་བྱས་ནའང་མིག་ཕྱུང་ལ་མཛུབ་མོ་ཆོད་ཅིག་གསུངས་པ་ལྟར། དགེ་འདུན་པར་མིག་ལོག་བལྟོས་ན་མིག་འབྲུ་དགོས་པ་དང་། ཚིག་ངན་སྨོས་ན་ལྕེ་གཅོད་དགོས་པ་དང་། སྡིག་མཛུབ་བསྟན་ན་མཛུབ་མོ་གཅོད་དགོས་པའི་ཁྲིམས་བཅོས། ཁྲི་རལ་བ་ཅན་རང་ཉིད་ཀྱིས་ཀྱང་རལ་བ་གདན་ལ་བཏིང་བའི་སྟེང་དགེ་འདུན་པ་རྣམས་བཞུགས་སུ་གསོལ་བ་སོགས་སྔར་བྱུང་མ་མྱོང་བའི་དགེ་འདུན་པ་རྣམས་ལ་བསྙེན་བཀུར་ཆེན་པོ་བྱས་སོ། །དེར་བརྟེན་བློན་འབངས་ཀྱི་ཁྲོད་ནས་ཀྱང་ཕྱོགས་གཉིས་སུ་གྱེས་ཤིང་ཆོས་ལ་མི་དགའ་བ་རྣམས་ཀྱིས་ལྐོག་ནས་གྲོས་བྱས་པས། ལྷ་སྲས་གཙང་མ་ས་ཆ་གཞན་ལ་སྤྱུགས། ཆོས་བློན་ཆེན་མོ་བྲན་ཀ་དཔལ་གྱི་ཡོན་ཏན་དང་བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་གཉིས་ཀྱིས་ཚུལ་མིན་གྱི་སྤྱོད་པ་བྱས་སོ་ཟེར་ནས་ཉེས་འགེལ་གྱིས་བློན་པོ་བསད། བཙུན་མོ་ལྕེབས། དེ་རྗེས་ཁྲི་རལ་བ་ཅན་བགྲོངས་པས། སྤྱི་ལོ༩༠༡ལོར་ཁྲི་རལ་བ་ཅན་གྱི་ཕུ་བོ་གླང་དར་མ་ཁྲིར་འཁོད། བཙན་པོ་འདིས་སྔར་རང་ཉིད་རྒྱལ་སར་འདོན་དགོས་པ་ལ་མ་བཏོན་པར་རང་གི་གཅུང་བོ་རྒྱལ་སར་བསྐོས་པས་འཁོན་སློན་བསློགས་ནས། ཁྲི་རལ་བ་ཅན་གྱི་བཀའ་སྤྱི་བོར་ལེན་པའི་བློན་པོ་ཁ་ཤས་བསད། བཙུན་པ་རྣམས་ཀྱི་བྱ་སྤྱོད་ལ་མ་དགའ་བས་སྔར་གྱི་ཕ་མེས་ཀྱི་སྲོལ་ལྟར་དུ་མ་བཟུང་བར་དགོན་སྡེ་རྣམས་བཤིག་པ་དང་། རབ་བྱུང་རྣམས་ལ་བཙན་ཤེད་ཀྱིས་འདུལ་ཁྲིམས་མེད་པར་བྱས་ནས་ཁྱིམ་ཐབ་འཛིན་དུ་བཅུགས་པ་དང་། གྱང་ངོས་དང་ལྡེབས་རིས་སོགས་སུ་གྲྭ་བ་རྣམས་ཀྱིས་བུད་མེད་དང་མཉམ་དུ་འདུག་པ་དང་ཆང་འཐུང་བ་སོགས་བྲིས། བཙུན་པའི་རྟགས་འདོར་དུ་མ་འདོད་པ་རྣམས་ལ་མདའ་གཞུ་སྤྲད་ནས་རྔོན་པ་ལ་བཏང་། མི་ཉན་པ་རྣམས་བསད། ཇོ་བོ་ཤཱཀྱ་མུ་ནེ་བསྒུལ་མ་ནུས་པར་བྱེ་ཐེམ་དུ་བཅུགས་ཏེ་སྦས། སྒོ་བཅད་ནས་ཞལ་བ་བྱས་པའི་སྟེང་དུ་བཙུན་པས་ཆང་འཐུང་བའི་རི་མོ་སོགས་བྲིས། བསམ་ཡས་དང་ར་མོ་ཆེ་སྒོ་ལ་ཡང་འདག་ཞལ་བྱས། པོ་ཏི་མང་ཆེ་བ་ལྷ་སའི་བྲག་ལ་སྦས་ནས་སྔར་གྱི་ཆོས་རྒྱལ་རྣམས་ཀྱིས་འབད་པ་མང་བོས་བསྒྲུབས་པའི་བསྟན་པ་བསྣུབས། རྒྱ་དཀར་ནག་གི་བར་ལ་བཅོས་པའི་འབྲེལ་བའང་ཆད་པ་ཙམ་དུ་བྱས་པས། དུས་འདི་ཙམ་ན་ཤཱཀྱའི་དགེ་སློང་འཇད་ཀྱི་གྱེལ་མི་གཙང་རབ་གསལ། བོ་དོང་བ་གཡོ་དགེ་འབྱུང་། སྟོད་ལུང་བ་དམར་ཤཱཀྱ་མུ་ནེ་གསུམ་དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭ་དང་བྲག་ཡེར་བ་སོགས་ན་བཞུགས་པའི་སྐབས། བཙུན་པ་རྣམས་ཁྱི་ར་བྱེད་པ་སྟེ་རྔོན་བྱེད་པ་སོགས་མཐོང་བས་དེ་དག་ལ་གཏམ་དྲིས་པས་བཙན་པོས་བསྟན་པ་བསྣུབས་ཅིང་། ད་དུང་ག་ས་གང་དུ་དགེ་འདུན་པ་གར་བཞུགས་རྣམས་རྩད་གཅོད་ཅིང་འདུག་ཟེར་བས་རྐྱེན་བྱས་ནས། རྣམ་པ་གསུམ་གྱིས་རང་གི་དངོས་ཀྱི་སློབ་དཔོན་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའི་འདུལ་བའི་ལས་ཆོག ཀརྨ་ཤཱ་ཏམ་སོགས་འདུལ་བ་དྲེལ་ཁལ་གཅིག་བཀལ་ཏེ་མངའ་རིས་སྟོད་དུ་བྲོས་ཀྱང་འདུག་མ་ནུས་པར་གར་ལོག་ཏུ་ཕྱིན། དེ་ནས་ཧོར་གྱི་ཡུལ་དུ་ཕྱིན་ཏེ་སྐད་རིགས་མི་གཅིག་པས་སར་བསྟན་པ་དར་བར་བྱ་སྙམ་ལ། སངས་རྒྱས་ཀྱི་བསྟན་པ་དར་མི་ནུས་ཏེ། མདོ་སྨད་ལྷོ་ངོས་བེ་རོ་ཚྭ་མཚོ་ནས་ཚུར་བྱུང་སྟེ་རྨ་ལུང་རྡོ་རྗེ་བྲག་དང་། ཨ་ཆུང་གནམ་རྫོང་། ཏན་ཏིག་ཤེལ་གྱི་ཡང་དགོན་སོགས་ན་བཞུགས་པའི་ཚེ། རྨ་ཆུ་ཁའི་ཕྱུགས་རྫི་རྣམས་ཀྱིས་མཐོང་ནས་རིམ་བཞིན་གཞན་ལ་བཤད་པས། བོན་པོའི་བུ་སྐལ་བ་དང་ལྡན་པ་མོས་པ་སྤྱོད་པའི་ས་བ། སྐྱ་བོའི་མིང་ལ་ཀ་ར་འཕན། བོན་གྱི་མིང་མུ་གཟུ་གསལ་འབར། ཞེས་བྱ་བ་ཞིག་ཡོད་པ་དེ་ཆོས་ལ་དད་ནས་རྣམ་པ་གསུམ་ལ་ཆོས་གཅིག་སློབ་པར་ཞུས་པས། དེ་དག་གིས་འདུལ་བ་འོད་ལྡན་བསྟན་ནས་འདི་ལ་ལྟོས་དང་། ཉམས་སུ་ལེན་པའམ་དད་ན་གྲོས་བྱ་ཡི་གསུངས་པས། དེ་ཁྱེར་ནས་ལམ་དུ་ལྟ་བཞིན་ཕྱིན་པས་དད་པས་མཆི་མ་བྱུང་། ཟླ་གཅིག་ནས་རབ་ཏུ་འབྱུང་བར་ཞུས་པས། གཙང་རབ་གསལ་གྱིས་མཁན་པོ་དང་། གཡོ་དགེ་འབྱུང་གིས་སློབ་དཔོན་བྱས་ཏེ་དགེ་ཚུལ་བསྒྲུབས། དེ་ནས་དགེ་ཚུལ་ལོ་གཅིག་ལོན་ཏེ་བསྙེན་རྫོགས་ཞུས་པས་དགེ་སློང་ལྔ་མ་ཚང་བར་བསྙེན་རྫོགས་མི་འོང་བར་གསུངས་ནས། དམར་གཡོ་གཙང་གསུམ་གྱིས་ལྷ་ལུང་དཔལ་རྡོར་ཁམས་ཀློང་ཐང་ན་འདུག་པ་ཤེས་པས་རྩར་བཅད་དེ་ཞུས་པས། ཁོས་རྒྱལ་བོ་སྡིག་ཅན་བསད་པས་བསྙེན་རྫོགས་ཀྱི་ཁ་སྐོང་མི་འོང་གིས་བཙལ་གསུངས་ནས་རྒྱའི་དགེ་སློང་ཀོའུ་བང་དང་ཇེ་བན་བྱ་བ་གཉིས་བཙལ་ནས། སྔར་གྱི་མཁན་སློབ་ཀྱིས་མཁན་སློབ་བྱས། དམར་གྱིས་གསང་ཏེ་སྟོན་པ་དང་། རྒྱའི་དགེ་སློང་གཉིས་ཀྱིས་ཁ་བསྐངས་ནས་བསྙེན་རྫོགས་བསྒྲུབས། མཁན་བརྒྱུད་འདི་ནི་སད་མི་བདུན་གྱི་མཁན་པོ་པོ་ངྷཱི་ས་ཏྭའམ་ཞི་བ་འཚོའི་མཁན་བརྒྱུད་ཡིན་པར་བཤད་པ་དང་། ཡང་པཎྜི་ཏ་ཛི་ན་མུ་ཏྲའི་མཁན་བརྒྱུད་ཡིན་པར་བཤད་པའི་བཤད་ཚུལ་གཉིས་ཡོད་པར་མངོན། མཁན་སློབ་གསུམ་གྱི་མིང་ནས་སྦྱར་ཏེ་མཚན་ལ་ཤཱཀྱ་དགེ་བ་གསལ་དུ་བཏགས། བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་བསླངས་ཤིང་ཐུགས་རབ་གསལ་པས་བླ་ཆེན་པོ་ཞེས་པར་གྲགས། འཁྲུངས་ལོ་ནི་སྤྱི་ལོཡིན་པར་བཤད་པ་སོགས་བཤད་ཚུལ་མང་། མངའ་བདག་རལ་བ་ཅན་ཁྲིར་འཁོད་ནས་ལོ་བཅུ་དྲུག་པ་ཡིན་པར་མཁས་པ་མང་བོས་བཤད་རྒྱུན་འདུག བླ་ཆེན་བསྙེན་པར་རྫོགས་པའི་ཚེ་གཙང་རབ་གསལ་གྱིས་མཁན་པོ་བྱས་པ་འདི་ནི་བུ་སྟོན་ཆོས་འབྱུང་དང་དེབ་ཐེར་སྔོན་པོའི་འདོད་པ་ལྟར་ཡིན་ལ། ལྡེའུའི་ཆོས་འབྱུང་ལྟར་ན། གཡོས་མཁན་པོ་བྱས། གཙང་གིས་སློབ་དཔོན། དམར་གྱིས་གསང་སྟེ་སྟོན་པ་བྱས་ནས། རྒྱ་ནག་གི་ཧ་ཤང་སྐྱེ་བ་དང་། ཧ་ཤང་གིམ་འབག བླ་ཆེན་པོ་གསུམ་རབ་ཏུ་བྱུང་ནས་ཞེས་གཡོ་དགེ་འབྱུང་གིས་མཁན་པོ་བྱས་ཡོད་པ་དང་། ད་དུང་ཧ་ཤང་གཉིས་དང་མཉམ་དུ་རབ་ཏུ་བྱུང་ཡོད་པར་བཀོད་ཡོད། རྒྱལ་རབས་གསལ་མེ་ན་མཁན་པོ་གང་ཡིན་མིན་གྱི་ཕྱོགས་གང་ཡང་བཀོད་མེད། དེབ་དམར་གྱི་བསྟན་པའི་གཏད་རབས་དང་མཁན་བརྒྱུད་བྱུང་ཚུལ་གྱི་སྐབས་ན་གཡོར་གྱི་མཁན་བུ་བླ་ཆེན་པོ། དེས་སྤ་གོང་ཡེ་ཤེས་གཡུང་དྲུང་། གྲུམ་ཨ་ཙ་ར་ཡེ་ཤེས་རྒྱལ་མཚན། དེས་དབུས་གཙང་གི་མི་ལྔའམ་དྲུག་གམ་བཅུར་གྲགས་པ་རྣམས་རབ་ཏུ་བྱུང་ཞེས་བཀོད་ཡོད་ལ། འདིས་མཁན་པོ་གཡོ་དགེ་འབྱུང་ཡིན་པ་ལྡེའུའི་ཆོས་འབྱུང་དང་མཐུན་པར་བཀོད་པ་མ་ཟད་དབུས་གཙང་གི་མི་བཅུ་རྣམས་ཀྱང་གྲུམ་ལ་རབ་ཏུ་བྱུང་ཞེས་འཁོད་པ་ཡང་གསལ་མེ་དང་བཅོམ་ལྡན་རིགས་རལ་གྱི་གཞུང་དང་མཐུན་པར་བཀོད་ཡོད་པས་འདི་ཡང་རང་ལུགས་ཡིན་པ་ལྟར་བཀོད་ཡོད་མོད་ཀྱང་། དེབ་དམར་རང་གི་བསྟན་པ་ཕྱི་དར་སྐབས་ཀྱི་བཤད་པ་ལྟར་ན། གཙང་གིས་མཁན་པོ་གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་བྱས། མཚན་དགེ་བ་རབ་གསལ་དུ་བཏགས་ཞེས་བཀོད་ཡོད་དོ། །བུ་སྟོན་ཆོས་འབྱུང་དང་། དེབ་སྔོན། ལྡེའུའི་ཆོས་འབྱུང་སོགས་སུ་རྨ་ཀླུང་རྡོ་རྗེའི་བྲག་ར། དན་ཏིག་པད་མའི་ཡང་དགོན། རྩེ་དྲུག་ལྷུན་གྱི་གོང་བ། གཡུང་དྲུང་ཤེལ་གྱི་བྲག་ཕུག་ཅེས་བྱ་བའི་གནས་དེར་བླ་ཆེན་པོ་དགོངས་པ་རབ་གསལ་སྐུ་འཁྲུངས་ཏེ། ཞེས་སོགས་གསུངས་ཡོད་པས་བླ་ཆེན་མདོ་ཁམས་སྨད་དུ་འཁྲུངས་པ་དང་། མདོ་སྨད་ཆོས་འབྱུང་ན་ཡང་ཙོང་ཁ་བདེ་ཁམས་ཀྱི་དམུ་ཟུ་གསལ་འབར་བྱ་བའི་ཁྱེའུ་ཞིག་དད་པ་སྐྱེས་ཏེ་རབ་བྱུང་ཞུས་པས། ཞེས་གསུངས་ཡོད་པས་མདོ་སྨད་དུ་འཁྲུངས་པར་གསུངས་ཀྱང་། རྒྱལ་རབས་གསལ་མེ་ན། ཐོག་མར་བོན་པོའི་བུ་རྨ་ཟ་གསལ་གྱིས་ཕྱུགས་འཚོར་ཕྱིན་པས། ཆུ་བོ་རི་ནས་བྱོན་པའི་དགེ་སློང་གསུམ་དང་མཇལ། ཞེས་བླ་ཆེན་པོ་སྔར་མདོ་ཁམས་སྨད་ནས་ཕྱུགས་རྫི་ཡིན་པ་ལྟར་བཤད་ཡོད་ལ། མཇུག་ཏུ་འཕན་ཡུལ་ཞོག་པ་ན་རྨུ་གསལ་གཤེན་འབར་བྱ་བའི་བོན་པོའི་བུ། རྨུ་ཟ་འཕན་བྱ་བའི་བྱིས་པ་ཅིག་གིས། ཞེས་འཁྲུངས་ཡུལ་འཕན་ཡུལ་དུ་བྱས་ནས་དེས་རྒན་མོ་ཞིག་ལ་བཙུན་པའི་གཟུགས་བརྙན་གྱང་རིས་ལ་བྲིས་འདུག་པ་དྲིས་པས། རྒན་མོས་ང་བུ་མོའི་དུས་སུ་མཐོང་ཀྱང་ད་ལྟ་དབུས་གཙང་ན་མེད། ཆུ་བོ་རི་དང་ཡེར་བ་སོགས་ནས་བྲོས་པའི་རབ་བྱུང་མང་བོ་ད་ལྟ་ཁམས་སུ་ཡོད་ཐག་ཆོད་འདུག་ཟེར་བས། རབ་ཏུ་དགའ་སྟེ། ལུས་སྲོག་ལ་མ་བལྟས་པར་བྱིས་པ་དེ་ཁམས་སུ་ཕྱིན་པས། ལྷ་ལུང་དཔལ་གྱི་རྡོ་རྗེ་དང་མཇལ། ཞེས་འཁྲུངས་ཡུལ་ཁམས་མ་ཡིན་པ་ལྟར་བྲིས་ཡོད་པས་གཞུང་གི་སྔ་ཕྱིའི་ཚུལ་ལ་དཔྱད་པ་འདི་ནི་བྲག་དགོན་པས་བཤད་པ་ལྟར་རོ། །
གཉིས་པ་ནི། དེ་ལྟར་བླ་ཆེན་པོ་དགོངས་པ་རབ་གསལ་རབ་ཏུ་བྱུང་བ་ལ་བརྟེན་ནས་རྒྱལ་རབས་གསལ་མེ་ལྟར་ན་ཁམས་པའི་མི་བལ་རྡོ་རྗེ་དབང་ཕྱུག སྣུབས་དཔལ་གྱི་བྱང་ཆུབ། ཡང་གོང་ཡེ་ཤེས་གཡུ་རུ། སྦར་རིན་ཆེན། ལྕང་ཡེ་ཤེས་སེང་གེ ཅོ་རོ་ཤེས་རབ་བྱང་ཆུབ། ཤོད་ཆུང་བ་ཤེས་རབ་གྲགས། ཨན་འབར་བ་བྱང་ཆུབ། གྲུམ་ཡེ་ཤེས་རྒྱལ་མཚན། གནུབས་དཔལ་གྱི་བྱང་ཆུབ། སྒྲོ་མཉྫུ་ཤཱི་རི་ལ་སོགས་པ་དང་། ལྡེའུའི་ཆོས་འབྱུང་ལྟར་ན། དེ་ནས་ལོ་འགའ་ལོན་པ་ན། བྲུམ་འབར་བ་ཞེས་བྱ་བས་གསུམ་པོ་ལ་རབ་ཏུ་འབྱུང་བར་གསོལ་བས། གཡོ་ན་རེ་ཁོ་བོ་རྒས་པས་མཁན་བུ་མི་འཁྱོངས་པས། དགེ་བ་གསལ་གྱིས་མཁན་པོ་གྱིས་ལ་གནས་གཞི་ཚུགས། ཞེས་གསུངས་པས། དགེ་བ་གསལ་གྱིས་མཁན་པོ་བྱས། གཙང་གིས་སློབ་དཔོན་བྱས་ཏེ། བྲུམ་རབ་ཏུ་བྱུང་སྟེ་ཡེ་ཤེས་རྒྱལ་མཚན་དུ་བཏགས། གཞན་ཡང་སྤ་གོང་ཡེ་ཤེས་གཡང་དྲུང་། ཤོ་ཆུང་ལེགས་རབ་དྲག་པ། སྣུབས་དཔལ་གྱི་བྱང་ཆུབ་དང་། རློན་འབར་བ་བྱང་ཆུབ་ལ་སོགས་པ་མང་བོ་བཀའ་དྲིན་གནང་ངོ། །ཞེས་དང་། དེབ་དམར་ན་ཡང་། དེ་ནས་ལོ་ལྔ་ནས་མཁན་པོ་དགོངས་པ་གསལ་ལ། གྲུམ་ཡེ་ཤེས་རྒྱལ་མཚན། སྣུབས་དཔལ་གྱི་དབང་ཕྱུག་གིས་རབ་ཏུ་བྱུང་། ཞེས་དང་། དེབ་སྔོན་ན། སྤ་པར་གཉིས་དང་། ཇ་ཅོག་གཉིས་དང་། བཞད་སྲགས་གཉིས་དང་། འལ་བསྣུབས་གཉིས་དང་། ཟོང་འཚུར་གཉིས་སོ། །འཚུར་གྱི་མཁན་བུ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ལ་སོགས་པ་དབུས་གཙང་བ་རྣམས་ཡིན་ནོ། །མཇུག་ཏུ་བཤད་པ་འདི་རྣམས་དབོན་བི་ཅིས་བྲིས་པ་ལྟར་བཀོད་པ་ཡིན། ཞེས་དེའི་རྗེས་སུ་འབྲངས་བས། དེ་དག་བླ་ཆེན་དགོངས་པ་རབ་གསལ་གྱིས་མཁན་པོ་བྱས་ནས་བསྙེན་པར་རྫོགས་པར་གསུངས་ལ། སྤྱིར་བཏང་གྲུམ་སོགས་འདི་དག་བསྙེན་པར་རྫོགས་པའི་མཁན་པོ་ནི་བླ་ཆེན་པོ་ཡིན་པ་ལ་ལྡེའུ་ཆོས་འབྱུང་དང་། དེབ་དམར་དང་གསལ་མེ། བཅོམ་ལྡན་རིགས་པའི་རལ་གྲི་རྣམས་ལ་མི་མཐུན་པ་མེད་པར་བསམ། འོན་ཀྱང་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་མཛད་པའི་བསྟན་པ་ཕྱི་དར་གྱི་ལོ་རྒྱུས་དང་། དེ་མིན་གྱི་གཞུང་ཁ་ཤས་ནང་བླ་ཆེན་དགོངས་པ་རབ་གསལ་གྱི་དངོས་སློབ་སྦ་གོང་ཡེ་ཤེས་ལས་གྲུམ་ཡེ་ཤེས་རྒྱལ་མཚན་གྱིས་བསྙེན་རྫོགས་ཞུས་པ་དང་། དེའི་དྲུང་དུ་དབུས་གཙང་གི་མཁས་པ་མི་བཅུ་བསྙེན་པར་རྫོགས་པའི་བཤད་ཚུལ་གཞན་ཡང་ཡོད་པར་མངོན།
གསུམ་པ་ནི། བུ་སྟོན་ཆོས་འབྱུང་ལྟར་ན་གྲུམ་ཡེ་ཤེས་རྒྱལ་མཚན་སོགས་རབ་ཏུ་བྱུང་བའི་ལོ་རྒྱུས་གསལ་བོར་བརྗོད་མེད་ཅིང་། དེ་ནས་ལོ་ལྔ་ལོན་པ་ན། དབུས་ནས་ཀླག་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། སྦ་ཚུལ་ཁྲིམས་བློ་གྲོས། སུམ་པ་ཡེ་ཤེས་བློ་དང་ལྔ། གཙང་ནས་མགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག ཤབ་སྒོ་ལྔའི་ཚོང་བཙུན་ཤེས་རབ་སེང་གེ །མངའ་རིས་པ་འོ་བརྒྱད་སྤུན་གཉིས། བོ་དོང་བ་ཨུ་བ་དེ་དཀར་དང་ལྔ་སྟེ། མི་བཅུ་འོངས་ནས་གཙང་ལ་བཀའ་དྲིན་ཞུས་པས། ང་རྒས་ནས་མཁན་བུ་མི་སྐྱོང་བས་བླ་ཆེན་པོ་ལ་ཞུས་གསུངས་པས། བླ་ཆེན་གྱིས་ང་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་པས་མཁན་པོ་མི་བཏུབ་གསུངས་པ་ལ། གཙང་ན་རེ། དམིགས་གསལ་ལ་བཏུབ་པས་གྱིས་གསུངས་ནས། བླ་ཆེན་པོས་མཁན་པོ་བྱས་གཙང་དང་གཡོས་ལས་སློབ་དང་གསང་སྟོན་བྱས། དམར་དང་ཧྭ་ཤང་གིས་ཁ་སྐོང་བྱས་ཏེ་ཐམས་ཅད་ཅིག་རྫོགས་བྱས་སོ། །ཞེས་ཀླུ་མེས་སོགས་མི་བཅུ་བསྙེན་པར་རྫོགས་པའི་ཚུལ་གསལ་བོར་བརྗོད་ཡོད་ཅིང་། ད་དུང་དེ་དག་གི་མཁན་པོ་ཡང་བླ་ཆེན་དགོངས་པ་རབ་གསལ་ཡིན་པ་གསལ་བོར་བརྗོད་ཡོད་པར་མ་ཟད། མདོ་སྨད་ཆོས་འབྱུང་ཡང་འདི་དང་གཅིག་པར་སྣང་། ལྡེའུས་ཆོས་འབྱུང་ན་ཡང་། ཤབ་ཀྱི་སྔོན་མོ་ལུང་ནས་ཚོང་བཙུན་ཤེས་རབ་སེང་གེ །རྒྱན་གོང་རི་ཕུག་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག ཤ་ཚ་ན་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲི་ཡས་ནི་འབྲི་རྫི་ཀ་ར། རྦ་བཙུན་བློ་གྲོས་དབང་ཕྱུག རག་ཤི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་རྣམས་ཀྱིས་བླ་ཆེན་པོ་ལས་སྡོམ་པ་བླངས་སྐད་དོ། །ཞེས་དང་། དེབ་ཐེར་དམར་པོའི་བསྟན་པ་ཕྱི་དར་བཤད་པའི་སྐབས་སུ། དབུས་གཙང་གི་མི་དྲུག་རིམ་པར་བརྫངས་ཏེ། དབུས་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡེ་ཤེས་ཡོན་ཏན། གཙང་ནས་ཚོང་བཙུན་ཤེས་རབ་སེང་གེ །ལོ་སྟོན་རྡོ་རྗེ་དབང་ཕྱུག་རྣམས་ཀྱིས་བླ་ཆེན་དགོངས་པ་རབ་གསལ་ལ་སྡོམ་པ་བླངས། དབའ་བཙུན་བློ་གྲོས་དབང་ཕྱུག རག་ཤི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་འབྱུང་གནས་རྣམས་ཀྱིས་གྲུམ་སྣུབས་གཉིས་ལ་སྡོམ་པ་བླངས་ཏེ། དེ་རྣམས་ལ་སྦ་རག་གཉིས་གཅིག་ཏུ་བགྲངས་པས་མི་དྲུག་ཟེར་རོ། །ཞེས་སྔ་མ་བཞིས་བླ་ཆེན་ལ་སྡོམ་པ་བླངས་པ་ལ་མི་མཐུན་པ་མེད་ཀྱང་ཕྱི་མ་གསུམ་གྱིས་གྲུམ་ཡེ་ཤེས་རྒྱལ་མཚན་ལ་བླངས་པར་གསུངས་ཡོད་ལ། དེབ་དམར་གྱི་བསྟན་པའི་གཏད་རབས་དང་མཁན་བརྒྱུད་བྱུང་ཚུལ་གྱི་སྐབས་ན་གཡོར་གྱི་མཁན་བུ་བླ་ཆེན་པོ། དེས་སྤ་གོང་ཡེ་ཤེས་གཡང་དྲུང་། གྲུམ་ཨ་ཙ་ར་ཡེ་ཤེས་རྒྱལ་མཚན། དེས་དབུས་གཙང་གི་མི་ལྔའམ་དྲུག་གམ་བཅུར་གྲགས་པ་རྣམས་རབ་ཏུ་བྱུང་ཞེས་བཀོད་ཡོད། འོན་ཀྱང་གསལ་མེ་ལྟར་ན། ཀླུ་མེས་ཤེས་རབ་ཚུལ་ཁྲིམས། འབྲི་ཡེ་ཤེས་ཡོན་ཏན། ཚོང་གེ་ཤེས་རབ་སེང་གེ ལོ་སྟོན་རྡོ་རྗེ་དབང་ཕྱུག སུམ་པ་ཡེ་ཤེས་བློ་གྲོས། རྒྱ་བློ་གྲོས་ཤེས་རབ། གཞོན་བན་ཆོས་མཆོག་དང་བདུན་གྱིས་གྲུམ་ཡེ་ཤེས་རྒྱལ་མཚན་ལ་མཁན་པོ་ཞུས། ཅོ་རོ་ཤེས་རབ་བྱང་ཆུབ་ལ་སློབ་དཔོན་ཞུས་ནས་བཀའ་དྲིན་མནོས་སོ། །དེའི་རྟིང་ལ་ཕྱིན་པ་ལྔ་ནི། མཐའ་བཞི་རྒྱལ་འཕགས། རག་ཤི་ཚུལ་ཁྲིམས་འབྱུང་གནས། སྦ་བཙུན་བློ་གྲོས་དབང་ཕྱུག སྐྱེས་ལེགས་ཉང་བྲན་ཆོས་སྐྱབས། གྲུམ་ཤིང་ཤེས་རབ་སྨོན་ལམ་མོ། །འདི་དག་གིས་ཀྱང་སྔར་གྱི་མཁས་བཙུན་རྣམས་དང་མཇལ། སྡོམ་པ་བླངས་ཏེ། ཞེས་དང་། འདི་དང་དགོངས་པ་གཅིག་པ་བཅོམ་ལྡན་རིགས་པའི་རལ་གྲིས་ཀྱང་བླ་ཆེན་པོའི་མཁན་བུ་གྲུམ་ལ་དབུས་གཙང་གི་མི་བཅུས་སྡོམ་པ་བླངས་པར་གསུངས་པས། གསལ་མེ་དང་བཅོམ་ལྡན་རིགས་པའི་རལ་གྲི་གཉིས་ལྟར་ན་དབུས་གཙང་གི་མི་བཅུས་སྡོམ་པ་གྲུམ་ཡེ་ཤེས་རྒྱལ་མཚན་ལས་བླངས་པ་དང་། ལྡེའུའི་ཆོས་འབྱུང་དང། བུ་སྟོན་ཆོས་འབྱུང་། མདོ་སྨད་ཆོས་འབྱུང་ལྟར་ན་དེ་དག་གིས་བླ་ཆེན་པོ་ལས་བླངས་པ་དང་། དེབ་སྔོན་ན་ཕྱོགས་གཉིས་ཀྱི་འདོད་པ་བཀོད་ཡོད་ཀྱང་རང་ཉིད་ཀྱི་འདོད་པ་ནི་འདི་རྣམས་དབོན་བི་ཅིས་བཀོད་པ་ལྟར་བྲིས་པ་ཡིན་པར་གསུངས། སྤྱིར་བཏང་གཞུང་གི་སྔ་གཞུག་ལ་བསམ་ན་ལྡེའུའི་ཆོས་འབྱུང་དང་རིགས་རལ་གྱི་གཞུང་རྣམས་སྔ་བར་འདུག་པས་འདི་དག་དཔྱད་གཞིའི་གཙོ་བོ་ཡིན་ཡང་། དེ་དག་གི་འདོད་པ་ཕྱོགས་གཉིས་སུ་འདོད་པས། དེ་དག་གི་རྗེས་འབྲང་ཡང་མང་བོ་ཞིག་གིས་ཀྱང་ཕྱོགས་གཉིས་ཀྱི་འདོད་པ་བརྗོད་ཡོད་པས་དབུས་གཙང་གི་མི་བཅུས་བླ་ཆེན་དང་གྲུམ་གང་ལ་བླངས་དཀའ་བར་འདུག་སྙམ། ཡིན་ཡང་མཁས་པ་ཆེན་པོ་བཅོམ་ལྡན་རིགས་པའི་རལ་གྲིའི་འདོད་པ་ལྟར་འཐད་སྙམ་སྟེ། སྐབས་དེ་ལ་བླ་ཆེན་པོ་དགུང་ལོ་བགྲེས་པོ་འདུག་པ་དང་། གྲུམ་ཡེ་ཤེས་རྒྱལ་མཚན་འདུལ་བ་ལ་མཆོག་ཏུ་མཁས་པས་དབུས་གཙང་གི་མི་བཅུ་ཡང་དེ་ལས་རབ་ཏུ་འབྱུང་བ་ཡང་སྲིད་པ་ཞིག་རེད། ལྡེའུའི་ཆོས་འབྱུང་ན།
གྲུམ་ཡེ་ཤེས་རྒྱལ་མཚན་གྱིས་ཀྱང་། སྤ་གོང་ཡེ་ཤེས་གཡང་དྲུང་དང་བསྡེབས་ནས་ཀྱང་མཁན་སློབ་ཀྱི་གྲ་མཛད་པ་ན། སློབ་མ་རྣམས་ལ་དགེ་འདུན་གྱི་ཆེད་དུ་ཞིང་རྨོ་བ་བཀག་གོ །ཕྱུགས་སྲེལ་བ་ཡང་མ་གནང་། འོག་ཏུ་འདང་བའི་དོམ་སྟན་ཡང་ཕྱུང་ངོ་། །བཙུན་པའི་ཕུལ་དུ་ཕྱིན་པས་མཚན་ཡང་ཨ་ཙ་ར་ཡེ་ཤེས་རྒྱལ་མཚན་ཞེས་གྲགས་སོ། །
ཞེས་དང་། མཇུག་ཏུ་བླ་ཆེན་པོ་ལས་སྡོམ་པ་བླངས་སྐད་དོ། །ཞེས་པ་ལ་དཔག་ན་ཡང་དོན་ལ་ཆོས་འདུལ་བའི་ཀུན་སྤྱོད་ལ་རབ་ཏུ་མཁས་པའི་གྲུམ་ཡེ་ཤེས་རྒྱལ་མཚན་ཡིན་པ་གོ་ཐུབ། དེབ་དམར་ན། ཀླུ་མེས་ཀྱི་རྟིང་ལ་གྲུམ་ལ་འདུལ་བ་ཉན། ཞེས་དང་། བུ་སྟོན་ཆོས་འབྱུང་ན་ཡང་། དེ་ནས་བྱིངས་པོ་ཚོ་ཡར་འོངས། ཀླུ་མེས་ཀྱིས་གྲུམ་ཡེ་ཤེས་རྒྱལ་མཚན་ལ་འདུལ་བ་ཉན་ཅིང་བསྡད་དོ། །ཅེས་བརྗོད་པས་གྲུམ་ཡེ་ཤེས་རྒྱལ་མཚན་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ཀྱི་མཁན་པོ་ཡིན་པ་འགྲུབ་ལ། འདུལ་བའི་བཤད་རྒྱུན་རིམ་པར་འགོད་པའི་སྐབས་སུ་ཡང་། པཎྜི་ཏ་ཛི་ན་མུ་ཏྲས་ལོ་ཙཱ་བ་ཀླུའི་རྒྱལ་མཚན་དང་། གཡོ་དགེ་འབྱུང་ལ་སོགས་པ་ལ། དེས་བླ་ཆེན་པོ་ལ། དེས་གྲུམ་ལ། དེས་ཀླུ་མེས་ལ། དེས་གཟུས་རྡོ་རྗེ་རྒྱལ་མཚན་ལ། ཞེས་གྲུམ་ལས་ཀླུ་མེས་ལ་བརྒྱུད་པར་བུ་སྟོན་རིན་པོ་ཆེས་ཀྱང་གསུངས་པས་དཔྱད་དོ། །
བླ་ཆེན་པོའི་འཁྲུངས་ལོལ་སུམ་པའི་ཆོས་འབྱུང་སོགས་སུ་མཁས་པ་མང་བོས་བཤད་པ་ཡང་གཞུང་ཁ་ཤས་ན་ལོ་དྲུག་ཅུས་སྔ་བར་གསུངས་མོད་ཀྱང་། ལོ་རྒྱུས་ཁུངས་བཙུན་མང་བོའི་ནང་བླ་ཆེན་པོ་མཁས་པ་མི་གསུམ་དང་མཇལ་བའི་ཚེ་ལོ་ཚོད་མནར་སོན་ཡོད་པར་དེའི་སྐབས་སུ་ཕྱུགས་རྫི་ཡིན་པ་དང་། ཡང་འདུལ་བ་འོད་ལྡན་བསྟན་པས་དོན་གོ་བར་བརྗོད་པ་དང་། འཕན་ཡུལ་ནས་ཁམས་སུ་ཕྱིན་པ་སོགས་ལ་དཔག་ན་ཡང་ཤེས་ཐུབ། དེ་བས་འཁྲུངས་ལོ་དེ་ནས་བརྩིས་པའི་བླ་ཆེན་འདས་ལོལ་བྱེད་ན་དགུང་ལོ་བརྒྱད་ཅུ་གྱ་གསུམ་ཙམ་ལ་ཐུག་པར་སྣང་བས། འདིའི་དུས་སུ་ཚུལ་ཤིའི་ཆོས་འབྱུང་ནང་དུ་དབུས་གཙང་གི་མི་བཅུ་རབ་ཏུ་བྱུང་ཞེས་བཀོད་ཡོད་པས་དགུང་གྲངས་བརྒྱད་ཅུར་རྩ་གསུམ་ལ་སླེབས་འདུག་པས་དབུས་གཙང་གི་མི་བཅུ་ཁོང་གི་མཁན་བུ་གྲུམ་ཡེ་ཤེས་རྒྱལ་མཚན་ལ་རབ་ཏུ་བྱུང་ཞེས་པ་ནི་དོན་ལ་གནས་པ་ཞིག་རེད་སྙམ། ཡོངས་གྲགས་ཀྱི་ལོ་རྒྱུས་མང་བོའི་ནང་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་བླ་ཆེན་པོའི་སྡོམ་རྒྱུན་དབུས་གཙང་གི་མི་བཅུས་བླངས་པར་གསུངས་པ་ལས། མི་བཅུ་བླ་ཆེན་པོའི་མཁན་བུ་དངོས་ཡིན་པ་མཐའ་གཅིག་ཏུ་བརྗོད་དུ་མེད་དེ། འདི་ལ་ཡིན་མིན་གྱི་ཕྱོགས་གཉིས་བྱུང་འདུག་ཅིང་། དེ་ལས་ལྡོག་སྟེ་བླ་ཆེན་པོ་ལས་བླངས་པར་ཁས་བླངས་ན་གསལ་མེ་དང་བཅོམ་ལྡན་རིགས་རལ་གྱི་གཞུང་རྣམས་དང་ཡང་མི་མཐུན་ནོ། །
བླ་ཆེན་པོའི་འཁྲུངས་ལོ་འཕྱི་བའི་དབང་དུ་བྱས་ན་ཀུན་མཁྱེན་བསྟན་རྩིས་དང་མདོ་སྨད་ཆོས་འབྱུང་སོགས་སུབྱེད་པ་དང་། བསྟན་རྩིས་ཀུན་བཏུས་ན་གསལ་མེ་རུ་བསྟན་པ་བསྣུབས་ནས་ལོ་དྲུག་ཅུ་ལོན་པ་ན་བླ་ཆེན་པོ་འཁྲུངས་པར་གསུངས་པ་སོགས་བཀོད་ཡོད་པ་དག་ལ་ཡང་། ང་ཚོའི་ཡོངས་གྲགས་ཀྱི་ལོ་རྒྱུས་ཆེ་ཆུང་རྣམས་སུ་སྤྱི་ལོཀྱི་དུས་སུ་ལོ་ཙཱ་བ་རིན་ཆེན་བཟང་བོ་སོགས་ཀྱང་སྐབས་འདི་ལ་འཁྲུངས་པ་ཡིན་པར་བཤད་པས། འདི་དག་གི་དུས་བླ་ཆེན་པོ་ཡང་འཁྲུངས་པར་བརྗོད་ན་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་དམིགས་ཀྱིས་བཀར་བའི་བཤད་པ་དགོས་དོན་མེད་དེ། ལོ་ཆེན་དང་ལོ་ཆུང་སོགས་མངའ་རིས་ཕྱོགས་ཀྱི་པཎ་གྲུབ་མང་བོ་དང་། ཇོ་བོ་རྗེ་དང་འབྲོག་མི་ལོ་ཙཱ་བ་སོགས་ཀྱང་སྐབས་འདི་དག་ལ་བྱོན་པ་ཡིན་པར་གསལ་ལོ། །དབུས་གཙང་གི་མི་བཅུ་ཁམས་སུ་སླེབས་པའི་ཚེ་གཙང་གིས་ང་རྒས་པས་མཁན་བུ་མི་འཁྱོངས་པས་བླ་ཆེན་པོས་གྱིས་ཞེས་པ་ལ་དཔག་ན་དེ་དག་གི་སྐབས་སུ་མཁས་པ་མི་གསུམ་ཡང་བཞུགས་ཡོད་པ་ལྟར་བྲིས་ཡོད་པས་འདི་ལ་ཡང་འགྲིག་དཀའ་བར་སྣང་ངོ་། །
དེབ་དམར་ན་གླང་དར་མས་བསྟན་པ་བསྣུབས་ནས། དབུས་གཙང་གི་མི་དྲུག་གིས་བསྟན་པ་མ་བཙུགས་བར་དུ། བསྟན་པ་མེད་པ་ལོ་བདུན་ཅུ་སོང་སྐད་ཞེས་པ་དང་། ཡང་གསལ་མེ་ན་ངེས་པ་ཅན་དུ་ལོ་སྐོར་བརྒྱད། ལོ་དགུ་བཅུ་གོ་བརྒྱད་ཀྱི་བར་ཆོས་ཀྱི་མིང་ཙམ་ཡང་མེད་དོ་ཞེས་པ་སོགས་གླང་དར་མས་བསྟན་པ་བསྣུབས་ནས་ལོ་བདུན་ཅུའམ་དགུ་བཅུ་ལ་བོད་ཡུལ་མུན་པའི་གླིང་དུ་བྱས་སོ་ཞེས་གྲགས་པ་རྣམས་ལ་ཡང་འཁྲུངས་ལོ་འཕྱི་བའི་དབང་དུ་བྱས་ན་དེ་དག་གི་དུས་སུ་གཙང་སོགས་ཡོད་དགོས་པས་བསྟན་བསྣུབས་བདུན་ཅུའམ་དགུ་བཅུ་གོ་བརྒྱད་ཀྱི་བར་ཏེ། དེ་ནས་ཀླུ་མེས་སོགས་ཀྱི་བར་དུ་ལོ་བདུན་ཅུ་ནས་དགུ་བཅུའི་བར་འགོར་ཡོད་ན་འདི་དག་གི་སྐབས་སུ་མཁས་པ་མི་གསུམ་བཞུགས་ཡོད་པའི་སྒྲུབ་བྱེད་འགོད་པར་དཀའ་སྟེ། གྲུམ་ཡེ་ཤེས་རྒྱལ་མཚན་རབ་ཏུ་བྱུང་བའི་ཚེ་གཙང་གིས་ང་རྒས་པས་མཁན་བུ་མི་འཁྱོངས་པས་དགེ་བ་གསལ་གྱིས་མཁན་པོ་གྱིས་ཞེས་པ་ལས་ཀྱང་གོའོ། །
གཞན་ཡང་མ་མཐའ་ཡང་གླང་དར་མས་བསྟན་པ་བསྣུབས་པའི་ཚེ་དམར་གཡོ་གཙང་གསུམ་དགེ་སློང་ཡིན་པས་ལོ་ཉི་ཤུར་བུད་ཡོད་པར་ངེས་ལ། དེའི་སྟེང་དུ་གསལ་མེ་ལྟར་ཆོས་བསྣུབས་ནས་དྲུག་ཅུ་ཡོལ་ནས་བླ་ཆེན་པོ་འཁྲུངས་ན་ཁོང་སྐྱེས་དུས་སུ་མཁས་པ་མི་གསུམ་ལོ་བརྒྱད་ཅུ་ལོན་དགོས་ཤིང་། དེ་ལས་བླ་ཆེན་པོ་ཡང་དགེ་སློང་སྒྲུབ་པ་ལ་ཉི་ཤུ་ལོན་དགོས་པས་དམར་གཡོ་གཙང་གསུམ་དགུང་ལོ་བརྒྱར་བཞུགས་པའི་ལོ་རྒྱུས་ཤིག་ངང་གིས་བསུས་ཡོང་པས་འདིའི་དུས་སུ་བླ་ཆེན་ད་དུང་འཁྲུངས་ཡོད་མེད་ཀྱི་དཔྱད་པ་མི་འཐད་སྙམ། དེའི་ཕྱིར་འདི་དག་གི་ཚེ་བླ་ཆེན་པོ་དགུང་ལོ་ཕལ་ཆེར་དམར་གཡོ་གཙང་གསུམ་དང་མཉམ་པ་ཙམ་ཡིན་པར་གྲུམ་སོགས་རབ་ཏུ་བྱུང་བའི་ཚེ་གཙང་རབ་གསལ་གྱིས་ང་རྒས་བས་མཁན་བུ་མི་འཁྱོངས་པས་དགེ་བ་གསལ་གྱིས་མཁན་པོ་གྱིས་གསུངས་པ་ལས་ཤེས་ལ། གྲུམ་ཡེ་ཤེས་རྒྱལ་མཚན་ནི་ཀླུ་མེས་སོགས་ཀྱི་འདུལ་བའི་བཤད་རྒྱུན་སྤེལ་བ་བོར་གཞུང་མང་བོས་བཤད་པ་དང་། མཁས་པ་མི་གསུམ་གླང་དར་མའི་སྐབས་ཀྱི་མི་ཡིན་པ་དང་གྲུམ་ཡེ་ཤེས་རྒྱལ་མཚན་བསྟན་པ་ཕྱི་དར་གྱི་ཀླུ་མེས་སོགས་མི་བཅུའི་སྐབས་ཀྱི་མཁས་པ་ཡིན་པས་བླ་ཆེན་པོ་དབུས་པ་བཅུའི་མཁན་པོ་ཡིན་པ་དཔྱད་དགོས་པར་འདུག་གོ །གཞན་ཡང་། གླང་དར་མ་བགྲོངས་ནས་ལོ་ལྔ་བཅུ་ལོན་པའི་སྐབས། སྤྱི་ལོཆུ་བྱི་ལ་བླ་ཆེན་པོ་འཁྲུངས་པར་གསུངས་པའི་དབང་དུ་བྱས་ཀྱང་བླ་ཆེན་པོ་དགོངས་པ་རབ་གསལ་བསྙེན་པར་རྫོགས་པའི་ཚེ་དམར་གཡོ་གཙང་གསུམ་དགུང་གྲངས་དགུ་བཅུར་སླེབས་དགོས་པར་བསམ་སྟེ། གླང་དར་གྱི་དུས་སུ་མཁས་པ་མི་གསུམ་དགུང་གྲངས་ཉི་ཤུར་འབུད་དགོས་ཤིང་། བླ་ཆེན་སྐྱེས་ནས་བསྙེན་པར་རྫོགས་པ་ལ་ཡང་ལོ་ཉི་ཤུ་འགོར་དགོས་པའི་ཕྱིར། མདོར་ན་བླ་ཆེན་པོ་འཁྲུངས་ལོལ་བྱེད་པ་དང་། དེ་མ་ཟད་བསྙེན་པར་རྫོགས་པའི་ཚེ་དགུང་གྲངས་ཉི་ཤུ་ཡན་ལ་བུད་ཡོད་པར་ངེས་པས། དེས་ན་བྲག་དགོན་པ་བསྟན་པ་རབ་རྒྱས་མཆོག་གི་མདོ་སྨད་ཆོས་འབྱུང་དང་ས་སྐྱ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་གྱི་རྒྱལ་རབས་གསལ་མེ་སོགས་ན་རྒྱལ་བོ་སྡིག་ཅན་གྱིས་ཆོས་བསྣུབས་ནས་ལོ་བརྒྱད་ཅུ་ལོན་པ་ན་བསམ་ཡས་ཀྱི་མངའ་བདག ཚ་ན་ཡེ་ཤེས་རྒྱལ་མཚན་དེས་བདག་རྐྱེན་མཛད་ནས་ཁམས་སུ་སྡོམ་པ་ལེན་པའི་ཐོག་མར་དབུས་གཙང་གི་མི་བདུན་དུ་གྲགས་པ་ནི། ཞེས་སོགས་གསུངས་ཡོད་པས། བསྟན་པ་བསྣུབས་ནས་ལོ་བརྒྱད་ཅུའི་དུས་སུ་ད་དུང་བླ་ཆེན་བཞུགས་ཡོད་ན་ཅུང་དཀའ་བར་སེམས་ཏེ། བླ་ཆེན་པོ་བྱོན་པའི་དུས་ཅུང་འཕྱི་ཡང་སྐྱོན་ཆེན་པོ་མེད་པའི་དབང་དུ་བྱས་ཀྱང་། མཁས་པ་མི་གསུམ་དགུང་གྲངས་དགུ་བཅུ་ལྷག་རེ་བཞུགས་དགོས་པར་ཐལ་ཞེས་མཁས་པ་ཁ་ཅིག་གི་དོགས་པ་བཀོད་ཡོད་པ་རྣམས་འདིར་དཔྱད་པའི་གཞི་ཙམ་ལ་བསྐྱར་དུ་བཀོད་པ་ཡིན་ནོ། །
བཞི་བ་ནི། དབུས་གཙང་གི་མི་བཅུས་སྡོམ་རྒྱུན་རིམ་པར་སྤེལ་བའི་ཚུལ་ནི། རག་ཤི་ཚུལ་ཁྲིམས་འབྱུང་གནས་དང་སྤ་ཚུལ་ཁྲིམས་བློ་གྲོས་གཉིས་ཀྱི་གཅུང་བོ་གཉིས་ཕུ་བོ་གཉིས་བསུ་རུ་ཡོང་པ་དང་ལམ་དུ་ཁམས་ཀློང་ཐང་ནས་མཇལ་བས། གཅུང་བོ་གཉིས་དད་པས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་མཁན་པོ་དང་། སྤ་རག་གཉིས་སློབ་དཔོན་བྱས་ནས་རབ་ཏུ་བྱུང་། དེ་ནས་དབུས་པ་ལྔས་རང་ཅག་གིས་གནས་གཞི་བརྩིགས་དགོས་པར་གསུངས་ནས། རང་རང་སར་ཕྱིན་ཏེ། ཀླུ་མེས་ཀྱིས་ལ་མོ་ཆག་དེའུ་བཏབ། དེ་ལ་མཁན་བུ་བཞི་བྱུང་། དང་པོ་གྲུ་མར་ཚུལ་ཁྲིམས་འབྱུང་གནས་ཀྱིས་སོལ་ནག་ཐང་བོ་ཆེ་བརྩིགས་བས་ཐང་སྐོར་དང་། གཉིས་པ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་ར་ཚག་དང་རྒྱལ་བརྩིགས་པས་ཞང་སྐོར་དང་། གསུམ་པ་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་བ་རང་བརྩིགས་པས་དེ་ལས་སྡོམ་རྒྱུན་མཆེད་པ་རྔོག་ཚོ་དང་། བཞི་བ་གླན་ཡེ་ཤེས་ཤེས་རབ་ཀྱིས་རྒྱལ་གསར་སྒང་དང་། གླག་མདའ་ལྷ་ཁང་མཚལ་ཆུང་གཉིས་བཟུང་བས་དེ་དག་གླན་སྐོར་ཞེས་འབོད།
སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་འབྲོ་ས་ཐང་དུ་རྨེ་རུ་བརྩིགས་པ་ཞིག་ནས་མེད་ལ་དེ་ལས་མཆེད་པ་མེད་ཀྱང་ཁོང་དང་ཀླུ་མེས་མཁན་བུ་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་སྐྱིད་ཤོད་དུ་གཡུ་སྒྲོ་ཁང་དམར་བརྩིགས་པས་དེ་ལས་མཆེད་པ་ཡོད་ཀྱང་དེ་རྔོག་གིས་མཁན་བརྒྱུད་དུ་སྣང་བ་ལས་རང་ཉིད་ཀྱི་མཁན་བརྒྱུད་མེད་པར་སྣང་ངོ་། །
རག་ཤི་ཚུལ་ཁྲིམས་འབྱུང་གནས་རག་ཤི་འཕྲང་འོག་གི་ལྷ་ཁང་བརྩིགས། དེ་ནས་ཀ་ཚལ་དང་ཞ་བཟུང་དེ་ནས་མཆེད་པ་ལ་རག་ཚོ་ཟེར། སྦ་ཚུལ་ཁྲིམས་བློ་གྲོས་སྤུངས་འཁུར་བརྩིགས། དེ་ནས་ལན་པ་སྤྱིལ་བུ་བཟུང་། དེ་དག་ལས་མཆེད་པ་ལ་སྦ་ཚོ་ཟེར། འབྲིང་ཡེ་ཤེས་ཡོན་ཏན་གྱིས་ངན་ལམ་སྤྱི་མོ་བརྩིགས། དེ་ནས་དཀར་ཆུང་བཟུང་། དེ་དག་ལས་རིམ་བཞིན་མཆེད་པ་ལ་འབྲིང་ཚོ་སྟོད་སྨད་བར་གསུམ་ཞེས་གྲགས། འདི་དག་དབུས་པ་ལྔའི་སྡོམ་རྒྱུན་སྤེལ་ཚུལ་དང་། གཙང་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་རྒྱན་གོང་བརྩིགས་ནས་མཁན་བུ་བསྐྱངས་པས། མཁན་བུ་ཉེར་བཞི་བྱུང་སྟེ། རྒྱ་ཤཱཀྱ་གཞོན་ནུས་སྟོད་མར་ལ་ཐང་བརྩིགས་པས་རྒྱ་ཚོ་དང་། སྐྱོ་ཤེས་རབ་རྡོ་རྗེས་དོན་མོ་རི་བརྩིགས་ནས་སྟོད་ནས་མཆེད་པ་དང་། སྟག་ལོ་གཞོན་བརྩོན་གྱིས་སྟག་ལོ་ལྷ་ཁང་བརྩིགས་ནས་མཆེད་པས་སྟག་ཚོ་དང་། ཨ་མེ་ཞུ་གཅིག་མས་འཕྲང་དང་བྲག་དམར་བཟུང་བས་དེ་ནས་མཆེད་པ་ལ་ཞུ་ཚོ་དང་། འདར་ཤཱཀྱ་ཡོན་ཏན་གྱིས་གཟུས་བཟུང་ནས་མཆེད་པ་ལ་འདར་ཚོ་དང་། ལི་བློ་གྲོས་གཞོན་ནུས་ཇོ་མོ་བརྩིགས་ནས་མཆེད་པ་ལ་ལི་ཚོ་དང་། གླག་བྱང་ཆུབ་རྒྱལ་མཚན་གྱིས་ཆུ་མིག་བརྩིགས་ནས་མཆེད་པ་ལ་གླག་ཚོ་དང་། གླང་བཙུན་བྱམས་པས་འོམ་ཕུག་བརྩིགས་ནས་རིམ་བཞིན་མཆེད་པ་ལ་གླང་ཚོ་སྟོད་སྨད་དང་། ལྕེ་བཙུན་ཤེས་རབ་འབྱུང་གནས་རྒྱ་གར་དུ་བྱོན་ནས་སྡོམ་པ་བསྐྱར་མ་བླངས་པས་ཤུལ་དུ་འགོ་བ་གཡང་དྲུང་གིས་ཞ་ལུ་བཟུང་ནས་མཆེད་པ་ལ་ཞ་ལུ་རྒྱ་སྐོར་དང་། གྱི་ཡེ་ཤེས་དབང་བོས་ཤངས་ཀྱི་མཁར་ལུང་བརྩིགས་ནས་རིམ་བཞིན་མཆེད་པས་གྱི་ཚོ་སྨད་པ་དང་། གྱི་ཡེ་ཤེས་དབང་བོས་གླང་ར་ནས་འཁྲིས་ཀྱི་ཁ་ཆད་དགོན་པ་བཟུང་ནས་རིམ་བཞིན་མཆེད་པ་ལ་གྱི་ཚོ་བར་བ་དང་། ཁྲི་སྟོན་བརྩོན་འགྲུས་འབར་གྱིས་ཤོང་སྣ་ར་བཟུང་ནས་རིམ་བཞིན་མཆེད་པ་ལ་གྱི་ཚོ་སྟོད་པ་སོགས་བྱུང་བར་གསུངས་སོ། །
ཚོང་བཙུན་ཤེས་རབ་སེང་གེ་ནས་མཆེད་པ་ལ། ཁྲལ་ཚོ་དགུ་བྱུང་སྟེ། ཚོང་ཚོ་སྟོད་པ་ལ་སྐལ་སྐོར་དང་རྒྱན་སྐོར་གཉིས་བྱུང་། ཚོང་ཚོ་བར་བ་ལ་གནས་གསར་དང་གནས་རྙིང་གཉིས་བྱུང་། ཚོང་ཚོ་སྨད་པ་ལ་ཁྲལ་ཚོ་ལྔ་བྱུང་བར་གྲགས་སོ། །དེ་ལྟར་མི་བཅུ་ཁམས་སུ་ཕྱིན་ནས་སྡོམ་པ་བླངས་ཀྱང་། ཀླུ་མེས་སོགས་མི་དྲུག་གིས་གཞན་ལ་སྤེལ་བ་ལས། གཞན་སུམ་པ་ཡེ་ཤེས་བློ་གྲོས་དང་མངའ་རིས་པ་འོ་བརྒྱད་སྤུན་གཉིས་ལས་སྡོམ་རྒྱུན་གཞན་ལ་མཆེད་པ་མེད་པར་བཤད་དོ། །བོ་དོང་བ་ཨུ་བ་དེ་དཀར་ཞེས་པ་ལ་སྡོམ་རྒྱུན་གཞན་ལ་མཆེད་པ་ཡོད་ཀྱི་སྐོར་བརྗོད་མེད་པར་བསམ།
ལྔ་བ་ཞར་བྱུང་གྲུམ་སོགས་ཀྱིས་སྡོམ་རྒྱུན་རིམ་པར་སྤེལ་བའི་ཚུལ་ནི། འ་ཞ་མགོ་བོ་ཆེའི་བུ་འ་ཞ་ཡེ་ཤེས་གཡུང་དྲུང་གིས་ཁམས་སུ་སྡོམ་པ་ལེན་པར་ཕྱིན་པས་བླ་ཆེན་པོའི་མཁན་བུ་ཀྲེ་བོ་མཆོག་བླ་ཞེས་བྱ་བ་ལ་ཞུས་པས་ངས་ཆུ་གཏོར་བཏང་ལ་འོང་གིས་གསུངས་ནས་བཀའ་དྲིན་ནོད་ལོང་མེད་པར་མཁན་པོ་འདས་པས་ངས་ཆུ་གཏོར་བཏང་ལ་འོང་གིས་ཟེར་བ་ཙམ་ལ་སྡོམ་པ་ཐོབ་པར་བྱས་ནས་དགེ་ཚུལ་ཆུ་གཏོར་མ་ཞེས་གྲགས། དེས་མཁན་པོ་བྱས་ནས་སྣ་ནམ་འདྲེ་བརྡས་བཟུང་། དེ་ནས་རིམ་བཞིན་ར་ཤ་ནས་འོ་ཡུག་གསལ་སྒང་བཟུང་སྟེ་བརྒྱུད་པ་རྣམས་ལ་འ་ཚོ་ཞེས་ཟེར་རོ། །
འབྲེ་གཞོན་ཚུལ་ཞེས་བྱ་བས་ཁམས་སུ་སྡོམ་པ་ལེན་པར་ཕྱིན་ནས་བླ་ཆེན་པོའི་མཁན་བུ་ཡ་ཟི་བོན་སྟོན་ཞེས་བྱ་བ་ལ་བཀའ་དྲིན་ཞུས་པས། དེར་བས་ཟེར་ནས་སྡོམ་པ་སྦྱིན་ལོང་མེད་པར་འདས་པ་དང་། ང་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པ་ཡིན་ཏེ་མཁན་པོ་ན་རེ་དེར་བས་ཞེས་གསུངས་པའི་ཕྱིར་ཟེར་བས་དེར་བས་བསྙེན་རྫོགས་སུ་གྲགས། དེས་རྟ་ནག་ཕུའི་བྱ་ཚང་ལ་སོགས་པ་བཟུང་ནས་མཆེད་པ་ལ་འབྲེ་ཚོ་ཞེས་ཟེར་ཞིང་། འ་འབྲེ་གཉིས་ཀླུ་མེས་སོགས་དབུས་གཙང་གི་མི་བཅུའི་ནང་དུ་མི་འདྲེན་པར་གསུངས་སོ། །
བླ་ཆེན་མོའི་མཁན་བུ་གྲུམ་སོགས་ཀྱིས་སྡོམ་རྒྱུན་སྤེལ་ཚུལ་ནི། གྲུམ་ཡེ་ཤེས་རྒྱལ་མཚན་གྱིས་ཀྱང་། སྤ་གོང་ཡེ་ཤེས་གཡུང་དྲུང་དང་བསྡེབས་ནས་ཀྱང་མཁན་སློབ་ཀྱི་གྲ་མཛད་པ་ན། སློབ་མ་རྣམས་ལ་དགེ་འདུན་གྱི་ཆེད་དུ་ཞིང་རྨོ་བ་བཀག་གོ །ཕྱུགས་སྲེལ་བ་ཡང་མ་གནང་། འོག་ཏུ་འདང་བའི་དོམ་སྟན་ཡང་ཕྱུང་ངོ་། །བཙུན་པའི་ཕུལ་དུ་ཕྱིན་པས་མཚན་ཡང་ཨ་ཙ་ར་ཡེ་ཤེས་རྒྱལ་མཚན་ཞེས་གྲགས་པས། དེ་ལས་སྡོམ་རྒྱུན་མང་དུ་སྤེལ་བ་དང་། དེབ་དམར་ན་སུམ་པ་ཡེ་ཤེས་བློ་གྲོས། གར་མི་ཡོན་ཏན་གཡུང་དྲུང་། དམར་ཤཱཀྱ་བྱང་ཆུབ་ལ་སོགས་པ་རྟིང་གྲུམ་གྱི་མཁན་པོ་ཡིན་པར་བཞེད། ཞེས་གསུངས་ཡོད་པས། རྗེ་རིན་པོ་ཆེའི་མཛད་ཆེན་བཞིའི་སྐབས་སུ་བཤད་པའི་རྫིང་ཕྱིའི་བྱམས་པ་བཞེངས་པ་བོ་གར་མི་ཡོན་ཏན་གཡུང་དྲུང་ལ་སོགས་པ་ཡང་གྲུམ་ཡེ་ཤེས་རྒྱལ་མཚན་ལས་རབ་ཏུ་བྱུང་བར་གསལ་ལོ། །
རློན་འབར་བ་བྱང་ཆུབ་བསླབ་པ་ལ་འཕན་འབྱུང་བར་གྲགས་པ་དེའི་བསྙེན་བཀུར་སྤངས་པས། ཞེ་སྡང་གི་བྲུམ་ཤིང་གླག་ཅན་དུ་གྲགས། སྣུབས་དཔལ་གྱི་ཡེ་ཤེས་དང་བསྡེབས་ནས། མཁན་སློབ་ཀྱི་སྡེ་ལོགས་སུ་མཛད་ནས། དགེ་འདུན་གྱི་ཆེད་དུ་ཞིང་རྨོད་པ། ཕྱུགས་སྲེལ་པ། ཚོང་བཀག་སྟེ། རྒྱལ་སྲིད་ཕྱེད་གནང་ནས། སློབ་མ་རྣམས་མཁས་བརྒྱུད་དུ་གྲགས་སོ། དེ་ལྟར་དམར་གཡོ་གཙང་གསུམ་ནས་བླ་ཆེན་པོ་དང་། དེ་ནས་གྲུམ་ཡེ་ཤེས་རྒྱལ་མཚན། དེས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང་། དེ་ནས་གཟུས་འདུལ་འཛིན་བུ་བཞི་སློབ་རྒྱུད་དང་བཅས་པ། རྒྱ་འདུལ་འཛིན་སོགས་འདུལ་བ་འཛིན་པ་ཕལ་ཆེ་བ། སྐུ་མཆེད་གསུམ། གླང་ཤར་གཉིས། སྣར་ཐང་བ་སོགས་བཀའ་གདམས་པ་རྣམས་དེང་སང་གི་བར་བསྙེན་པར་རྫོགས་པ་ཕལ་ཆེ་བ་བླ་ཆེན་པོའི་སྡོམ་རྒྱུན་ཡང་དག་པ་ཡིན་པས། མཐར་ཐུག་ན་སྟོད་འདུལ་དང་པཎ་ཆེན་ཤཱཀྱ་ཤྲཱིའི་མཁན་བརྒྱུད་ཀྱི་སྡོམ་པའི་ཁ་སྐོང་ཡང་འདི་ལ་ཐུག་པར་མཁས་པ་མང་བོས་གསུངས་པར་སྣང་ན། འདུལ་བའི་མངའ་བདག་ཆེན་པོ་བླ་ཆེན་དགོངས་པ་རབ་གསལ་ཤཱཀྱ་དགེ་བ་གསལ་གྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་མཐུན་པའི་རྐྱེན་གྱིས་དབང་གིས་སྣུམ་ཟད་མར་མེ་ལྟར་གྱུར་པའི་ཚེ། ཉག་རྟ་རྔ་ཙམ་གསོས་ནས་འཛམ་གླིང་མཐའ་དབུས་མེད་པར་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་བསྐྲུན་པ་ནི་བཀའ་དྲིན་གཞལ་མཐའ་མེད་པའི་མཛད་འཕྲིན་དུ་གྱུར་ཏོ། །དེ་བས་འདི་དག་ལ་ས་ཇོ་དགེ་ཀར་རྙིང་གི་མཁས་པ་མང་བོའི་གཞུང་གི་རིམ་པ་མང་བོ་ཞིག་བྱུང་ཡོད་པས་དེ་དག་གི་འདོད་པ་གཞིར་བཞག་སྟེ་རང་གིས་ཐོས་པ་ཅུང་ཟད་བྱས་སོ།། །།
སྨྲས་པ། བླ་མེད་སྟོན་པ་ཤཱཀྱའི་རྒྱལ་བོ་ཡི། །སྙིགས་དུས་འགྲོ་བ་སྒྲོལ་བའི་ཐབས་གཅིག་བུ། །མ་ཉམས་གྱེན་དུ་འདེགས་པའི་དེད་དཔོན་མཆོག །ཤཱཀྱ་དགེ་བ་གསལ་གྱི་བཀྲ་ཤིས་ཤོག །
དཔྱད་གཞིའི་ཡིག་ཆ།
མཁས་པ་ལྡེའུའི། ལྡེའུའི་ཆོས་འབྱུང་རྒྱས་པབོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་། 2010ལོར་པར། དཔར་ཐེངས་གཉིས་པ། ཤོག་ངོས། 370
ཚེ་ཏན་ཞབས་དྲུང་། བསྟན་རྩིས་ཀུན་བཏུས མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོར་པར། ཤོག་ངོས། 149
བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། 1987ལོར་པར། ཤོག་ངོས། 198
བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུངཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། 1987ལོར་པར། ཤོག་ངོས། 194
ཚལ་བ་ཀུན་དགའ་རྡོ་རྗེ། དེབ་ཐེར་དམར་པོམི་རིགས་དཔེ་སྐྲུན་ཁང་། 1981ལོར་པར། ཤོག་ངོས། 56
ཚལ་བ་ཀུན་དགའ་རྡོ་རྗེ། དེབ་ཐེར་དམར་པོམི་རིགས་དཔེ་སྐྲུན་ཁང་། 1981ལོར་པར། ཤོག་ངོས། 41
བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་མེམི་རིགས་དཔེ་སྐྲུན་ཁང་། 1993ལོར་པར། ཤོག་ངོས། 242
གཞོན་ནུ་དཔལ་བ། དེབ་ཐེར་སྔོན་པོསེར་གཙུག་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤོག་ངོས81
དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོདཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོར་པར། ཤོག་ངོས། 1524
བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུངཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོར་པར། ཤོག་ངོས། 18
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི《ནང་རིག་འོད་སྣང》རྩོམ་སྒྲིག་ཁང་གི་འབྲེལ་ལམ།
རྩོམ་སྒྲིག་པ། བརྩོན་འགྲུས།
དོ་དམ་པ། རིག་འཛིན་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་པ། མགོན་པོ་ཚེ་རིང་། ལིག་བཱེ།
长按二维码
关注我们
互联网宗教信息服务许可证|编号:青(2022)1000002