༄༅།།《ནང་རིག་འོད་སྣང་》གི་དཔྱད་རྩོམ་བདམས་བཀོད།2023年《佛学之光》第2期论文选编

学术   2024-09-19 09:14   青海  



ཕར་ཕྱིན་གཞུང་དོན་ཞིབ་འཇུག་བྱམས་མགོན་དགོངས་རྒྱན།

般若学研究

༄༅།།བདེན་བཞིའི་དཔྱད་པ་ཐུབ་དབང་དགྱེས་པའི་མཆོད་སྤྲིན། 

ཐར་ཤུལ་ཤེས་རབ་རྒྱ་མཚོ། 

ནང་དོན་གནད་བསྡུས།དཔྱད་རྩོམ་འདི་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞི་གསུངས་པའི་དགོངས་གཞི་ལས་འཕྲོས་ཏེ་བདེན་པ་བཞིའི་འཇུག་ལྡོག་དང་། བདེན་བཞིའི་ངོ་བོ་ངོས་འཛིན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དབང་གིས་འཁོར་བར་འཁོར་ཚུལ། དེ་ལ་དཔྱད་པ་བྱེད་ཚུལ་སོགས་བརྗོད་ཡོད་ཅིང་། ལྷག་པར་དུ་བདེན་བཞིའི་བླང་དོར་གྱི་གནས་ལུགས་ལས་འཕྲོས་ཏེ་ནང་བསྟན་རིག་གཞུང་གི་ཁྱད་ཆོས་བརྗོད་དེ་མ་འོངས་པར་ནང་བསྟན་རིག་གཞུང་ཇི་ལྟར་ཡུན་རིང་ལ་གནས་དགོས་པ་དང་རྒྱུ་མཚན་སོགས་བརྗོད་ཡོད། 

བརྡ་ཆད་གཙོ་བོ།སངས་རྒྱས་བཅོམ་ལྡན་འདས། བདེན་པ་བཞི། རྟེན་འབྲེལ་ཡན་ལག་བཅུ་གཉིས། ནང་བསྟན་རིག་གཞུང་། 

ལས་ཉོན་སྟོབས་ཀྱིས་བསྐྱེད་པའི་ཁམས་གསུམ་གྱི།།སྐྱེ་འགྲོ་སྡུག་བསྔལ་དྲག་པོས་རབ་མནར་བ།།མི་འདོད་ཕྱིར་ན་དེའི་རྒྱུ་ལས་ཉོན་གཉིས།།སྤོང་བའི་ཚུལ་ལ་བརྩེ་བའི་འདོམས་པར་བྱས།།འཐོབ་བྱའི་བདེ་བ་ཞི་བའི་མྱང་འདས་དེ།།ལམ་གྱི་བདེན་པ་བསྒོམས་པའི་འབྲས་བུ་རུ། །བསྟན་ནས་གྲོལ་བའི་ལམ་དུ་བཙུད་པ་ནི། །སྟོན་པ་ཚད་མར་གྱུར་བའི་རྣམ་ཐར་ཡིན། །དེ་སླད་བདེན་པ་བཞི་ཡི་འཇུག་ལྡོག་ལ། །རིང་ནས་གོམས་པའི་ཐོས་བསམ་ཉུང་དྲགས་ཀྱང་། །བཤེས་གཉེན་དམ་པའི་དྲིན་ལས་ཐོས་པ་ཡི། །བདེན་བཞིའི་རྣམ་གཞག་ཅུང་ཟད་བཤད་པར་སྤྲོ། 
དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་བོ་དེ་ཉིད་ཀྱིས་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་གཞན་དོན་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། མཐར་བླ་ན་མེད་པའི་གོ་འཕང་མངོན་དུ་བྱས་ཏེ་སེམས་ཅན་རྣམས་འཁོར་བར་སྡུག་བསྔལ་གྱིས་མནར་ཞིང་། འཁོར་བར་འཁོར་ཚུལ་ཇི་ལྟ་བ་བཞིན་མ་ཤེས་པར་རྨོངས་པའི་དབང་གིས་འཁོར་བར་སྡུག་བསྔལ་ཡང་ཡང་མྱངས་པའི་ཚུལ་ལ་གཟིགས་ནས་སྡུག་བསྔལ་དེ་ལས་གྲོལ་བའི་ཆེད་དུ་འཛམ་བུ་གླིང་འདིར་མཆོག་གི་སྤྲུལ་སྐུས་མཛད་པ་མཛད་དེ་འཁོར་ལྔ་སྡེ་བཟང་བོ་ལ་དགེ་སློང་དག་འདི་ནི་སྡུག་བསྔལ་ཤེས་པར་བྱ། འདི་ནི་ཀུན་འབྱུང་སྤང་བར་བྱ། འདི་ནི་འགོག་པ་མངོན་དུ་བྱ། འདི་ནི་ལམ་བསྒོམ་པར་བྱ་ཞེས་བདེན་པ་བཞིའི་ཆོས་འཁོར་བསྐོར་ལ། བདེན་བཞིའི་ཆོས་འཁོར་དེ་ཡང་འཛམ་བུ་གླིང་འདིར་གདུལ་བྱ་ལ་ཐོག་མར་གསུངས་པའི་ཆོས་འཁོར་དེ་ཡིན་ནོ། །དེ་བས་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་དགོངས་པ་མཐའ་དག་བདེན་བཞིའི་འཇུག་ལྡོག་གི་རྣམ་གཞག་ནང་དུ་འདུ་ཞིང་། ནང་བ་སངས་རྒྱས་པའི་ཆོས་ཀྱི་སྙིང་བོ་ཡང་དག་པར་ཉམས་སུ་ལེན་ཤེས་པ་ལ་བདེན་བཞིའི་འཇུག་ལྡོག་གི་རྣམ་གཞག་ཤེས་པ་ལ་རག་ལས་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པའང་སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་སེལ་ཆེད་ཡིན་ལ། ཉོན་མོངས་སེལ་དགོས་པའི་རྒྱུ་མཚན་ནི། ཉོན་མོངས་ཀྱི་དབང་གིས་ལས་བསགས། ལས་དེའི་དབང་གིས་འཁོར་བར་སྐྱེས་ནས་འཁོར་བར་སྡུག་བསྔལ་ཡང་ཡང་མྱོང་པ་ཡིན་ཞིང་། རང་གཞན་སེམས་ཅན་རྣམས་ཉོན་མོངས་ཀྱི་དབང་གིས་སྡུག་བསྔལ་གསུམ་གྱིས་བསྡུས་པའི་སྡུག་བསྔལ་ཡང་ཡང་མྱངས། སྡུག་བསྔལ་དེ་དག་སྡུག་བདེན་གྱི་ནང་དུ་འདུ་ལ། སྡུག་བསྔལ་དེ་དག་ཀྱང་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་ཞིག་ཡེ་ནས་མ་ཡིན་པར་རྒྱུ་རྐྱེན་ཞིག་ངེས་པར་ཡོད་ཅིང་། དེ་དག་གི་རྒྱུ་རྐྱེན་ནི་ཉོན་མོངས་དང་ཉོན་མོངས་ཀྱི་དབང་གིས་བྱུང་བའི་ལས་ཡིན། དེ་ལྟར་ན་སྡུག་བསྔལ་དེ་དག་སྤངས་པ་ལ་དེའི་རྒྱུ་སྟེ་ཉོན་མོངས་དང་ཉོན་མོངས་ཀྱི་དབང་གིས་བྱུང་བའི་ལས་གཉིས་སྤང་དགོས་པ་ཡིན་ལ། དེ་གཉིས་ནི་ཀུན་འབྱུང་བདེན་པའི་ནང་དུ་འདུ་བ་ཡིན། ཀུན་འབྱུང་བདེན་པ་སྤངས་པ་ལ་དེ་སྤངས་པའི་ཐབས་ཉམས་སུ་ལེན་དགོས་ཤིང་། དེ་སྤངས་པའི་ཐབས་དམ་པ་སྟེ་ལམ་ལྔའི་རྣམ་གཞག་མཐའ་དག་ལམ་བདེན་གྱི་ནང་དུ་འདུ་བ་ཡིན། ལམ་ལྔའི་རྣམ་གཞག་ཉམས་སུ་བླངས་པ་ལ་བརྟེན་ནས་ཉོན་མོངས་ཕྲ་རགས་གང་སྤངས་པའི་སྤངས་པ་ཐོབ་པ་དེ་ནི་འགོག་བདེན་ཐོབ་པ་ཡིན་ནོ། །

དེ་ལྟར་ན་ཁོ་བོས་ཀྱང་བདེན་བཞིའི་འཇུག་ལྡོག་གི་རྣམ་གཞག་ཅུང་ཟད་ཅིག་རྨོངས་བློ་ལ་ཤར་ཚོད་ལྟར་བྲི་བར་བྱ། དེ་ཡང་རང་ཉིད་ལེགས་བཤད་ལ་གོམས་པ་འཕེལ་བའི་ཆེད་དུ་མཁས་པ་སྔ་མས་བདེན་བཞི་བཀྲལ་ཚུལ་ལ་དཔྱོད་པ་དང་། བདེན་བཞི་ལས་འཕྲོས་ཏེ་ནང་བསྟན་རིག་གཞུང་གི་གནས་བབས་གླེང་བ་གཉིས་ཏེ་ས་བཅད་གཉིས་ཀྱི་སྟེང་ནས་འཆད་པ་ལ། 

དང་པོ་ནི། བདེན་བཞིའི་འཇུག་ལྡོག་གི་རྣམ་གཞག་ཤེས་པ་ལ། སྔོན་དུ་སྡུག་བདེན་གྱི་རྣམ་གཞག་ཤེས་དགོས་པས་སྡུག་བསྔལ་ཤེས་པར་བྱ། ཞེས་གསུངས། སྡུག་བསྔལ་བདེན་པ་ནི་རང་རྒྱུ་ཀུན་འབྱུང་བདེན་པ་ལས་སྐྱེས་པའི་ཟག་བཅས་ཀྱི་དངོས་པོ་ཞིག་ལ་འཇོག་སྟེ། ཀུན་མཁྱེན་བླ་མའི་ཕར་ཕྱིན་མཐའ་དཔྱོད་ལས།[1]རང་རྒྱུ་ཀུན་འབྱུང་བདེན་པ་ལས་སྐྱེས་པའི་ཆ་ནས་བཞག་པའི་ཟག་བཅས་ཀྱི་དངོས་པོ་དེ། སྡུག་བསྔལ་བདེན་པའི་མཚན་ཉིད། ཅེས་གསུངས། སྡུག་བདེན་ལ་ཕྱིའི་སྡུག་བདེན་དང་ནང་གི་སྡུག་བདེན་གཉིས་ཡོད་ཅིང་། ནང་གི་སྡུག་བདེན་ལ་སྐྱེས་བུའི་རྒྱུད་ཀྱིས་བསྡུས་པའི་ལས་དང་ཉོན་མོངས་དང་། ཟག་བཅས་ཀྱི་ཕུང་བོ་ལྔ་ལ་སོགས་པ་འཇོག་པ་དང་། ཕྱིའི་སྡུག་བདེན་ལ་ཕྱིའི་རི་ར་བ་ཁང་ཁྱིམ་ལ་སོགས་པའི་མ་དག་པའི་སྣོད་བཅུད་ཐམས་ཅད་འཇོག་སྟེ། ཀུན་བཏུས་ལས།[2]སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་གསུངས། རང་གི་རྒྱུད་ཀྱིས་བསྡུས་པའི་ལས་དང་ཉོན་མོངས་ལ་སོགས་པ་ཐམས་ཅད་སྡུག་བདེན་ཡིན་པའི་རྒྱུ་མཚན་ནི། དེ་དག་ནི་དེ་དག་གི་རྒྱུར་གྱུར་བའི་ཀུན་འབྱུང་སྟེ་སྔར་གྱི་ཉོན་མོངས་དང་ཉོན་མོངས་ཀྱི་དབང་གིས་བྱུང་བའི་ལས་གཉིས་ལས་སྐྱེས་པ་ཡིན་ལ། རང་གི་རྒྱུད་ཀྱི་ཟག་བཅས་ཉེར་ལེན་ཕུང་བོའང་དེ་ལྟར་ཡིན་ནོ། །རི་ར་བ་ཁང་ཁྱིམ་ལ་སོགས་པ་མ་དག་པའི་སྣོད་ཀྱི་བཀོད་པ་དེ་དག་ཀྱང་སྡུག་བདེན་ཡིན་པའི་རྒྱུ་མཚན་ནི། དེ་དག་ནི་སྔ་མའི་ལས་ཉོན་གྱིས་བདག་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བས་སྔ་མའི་ལས་ཉོན་གྱི་བདག་འབྲས་ཡིན་ལ། དེ་དག་གིས་རང་རྒྱུད་ལ་བདག་འཛིན་སོགས་ཀྱིས་བསྡུས་པའི་ནང་གི་སྡུག་བདེན་མང་བོ་བསྐྱེད་པས་ཡིན། དེ་བས་རི་ར་བ་ཁང་ཁྱིམ་སོགས་སྤོང་ཚུལ་ནི་དེ་དག་ལ་དམིགས་པའི་ཉོན་མོངས་སྤོང་ཚུལ་དེ་ཡིན་ཏེ། མཛོད་རང་འགྲེལ་ལས། རང་གི་རྒྱུད་ལ་ཡོད་པ་ནི་ཐོབ་པ་ཆད་པས་སོ། །གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་དང་། གཟུགས་ཐམས་ཅད་དང་ཉོན་མོངས་པ་ཅན་གྱི་ཆོས་ནི་དེ་དག་དམིགས་པའི་ཉོན་མོངས་པ་རང་གི་རྒྱུད་ལ་ཡོད་པ་སྤངས་པས་སོ། །ཞེས་གསུངས། དེས་ན་ལས་དང་ཉོན་མོངས་ཀྱི་དབང་གིས་བྱུང་བ་ཡིན་ན་སྡུག་བདེན་ཡིན་དགོས་སམ་ཞེ་ན། དེ་ནི་མི་དགོས་ཏེ། ལས་ཉོན་གྱི་དབང་གིས་སྐྱེ་བ་ལེན་པའི་གང་ཟག་དེ་ལས་ཉོན་གྱི་དབང་གིས་བྱུང་ཡང་སྡུག་བདེན་མ་ཡིན་པས་སྡུག་བསྔལ་བདེན་པའི་མཚན་ཉིད་ཀྱི་ཟུར་དུ་ཆ་བཞག་མཛད་པ་ཡིན། དེ་ལྟ་བུའི་གང་ཟག་དེ་སྡུག་བདེན་མ་ཡིན་པའི་རྒྱུ་མཚན་ནི། གང་ཟག་དེ་སྡུག་བདེན་ཡིན་ན་ནང་གི་སྡུག་བདེན་ཡིན་དགོས་ལ། དེ་ཡིན་ན་ནང་གི་སྡུག་བདེན་དང་འཁོར་བ་དོན་གཅིག་ཡིན་པས་འཁོར་བ་ཡིན་དགོས་པས། དེ་ནི་འཁོར་བ་མ་ཡིན་པར་འཁོར་བ་པོ་ཡིན་ནོ། །སྡུག་བདེན་ལའང་རང་ཡིན་པར་གྱུར་བའི་འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ཡོད། འགྱུར་བའི་སྡུག་བསྔལ་ནི་འཁོར་བ་པ་རྣམས་ཀྱི་ཟག་བཅས་ཀྱི་ཚོར་བ་བདེ་བ་ལྟ་བུ་འཇོག ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་འགྱུར་བའི་སྡུག་བསྔལ་ཡིན་པའི་རྒྱུ་མཚན་ནི། དེ་ནི་རེ་ཞིག་ཚོར་བ་བདེ་བའི་ངོ་བོར་ཡོད་ཀྱང་ནམ་ཞིག་པ་ན་ཚོར་བ་སྡུག་བསྔལ་བསྐྱེད་པར་འགྱུར་བས་ཡིན། འགྱུར་བའི་སྡུག་བསྔལ་ལ་ཟག་བཅས་ཀྱི་ཚོར་བ་བདེ་བ་ཙམ་ལས་མི་ཆོག་པར་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་དང་དེ་དག་གི་ཡུལ་ཟག་བཅས་རྣམས་ཀྱང་འགྱུར་བའི་སྡུག་བསྔལ་ཡིན་ཏེ། བྱང་ཆུབ་ལམ་རིམ་ཆེན་མོ་ལས།[3]དེ་ཡང་ཚོར་བ་དེ་ཁོ་ན་མ་ཡིན་གྱི། དེ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་གཞན་རྣམས་དང་། གང་ལ་དམིགས་ནས་སྐྱེ་བའི་ཡུལ་ཟག་བཅས་རྣམས་ཀྱང་འགྱུར་བའི་སྡུག་བསྔལ་ལོ། །ཞེས་གསུངས། སྡུག་བསྔལ་གྱི་སྡུག་བསྔལ་ལ་ཚོར་བ་སྡུག་བསྔལ་ལྟ་བུ་འཇོག་སྟེ། བྱང་ཆུབ་ལམ་རིམ་ཆེན་མོ་ལས།[4]འབྲས་ཚ་བས་གདུངས་པ་དེ་ཚྭ་ཆུ་ལ་སོགས་པའི་འགྱུར་བྱེད་ཀྱི་རེག་པ་དང་ཕྲད་པ་ན་ཆེས་སྡུག་བསྔལ་བ་བཞིན་དུ། ཚོར་བ་སྡུག་བསྔལ་ཤེས་པར་བྱ་སྟེ། ཞེས་གསུངས། ཚོར་བ་སྡུག་བསྔལ་དེ་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་པའི་རྒྱུ་མཚན་ནི། སྡུག་བསྔལ་ཞེས་པའི་སྒྲ་འཇུག་པའི་གཞི་ཡིན་པས་ཡིན། སྡུག་བསྔལ་གྱི་སྡུག་བསྔལ་ལའང་ཚོར་བ་གཅིག་པུ་ཙམ་མ་ཡིན་པར་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་དང་། གང་ལ་དམིགས་ནས་སྐྱེ་བའི་ཡུལ་ཟག་བཅས་སོགས་འཇོག་གོ། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ལྟ་བུ་འཇོག་སྟེ། ལམ་རིམ་ཆེན་མོ་ལས།[5]ཟག་པ་དང་བཅས་པའི་ཚོར་བ་བཏང་སྙོམས་ཏེ། གནས་ངན་ལེན་རྗེས་སུ་འབྲེལ་བས་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །ཞེས་གསུངས། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་དེ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པའི་རྒྱུ་མཚན་ནི། ཟག་བཅས་ཀྱི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ལ་ཁྱབ་པ་སྟེ་ཟག་བཅས་ཀྱི་ཚོར་བ་བདེ་སྡུག་གང་སྐྱེས་ཀྱང་། འགག་པའི་ཚེ་ཚོར་བ་བཏང་སྙོམས་ཀྱི་ངོ་བོར་བག་ལ་ཞ་ནས་ཆུད་མ་ཟ་བར་གནས་ཏེ། རྐྱེན་དང་འཕྲད་ན་ཚོར་བ་བཏང་སྙོམས་ཀྱི་སྟེང་ནས་སླར་ཡང་སྐྱེས་པ་དང་། སྔ་མའི་ལས་ཉོན་གྱིས་གཞན་དབང་དུ་གྱུར་ཅིང་། སྡུག་བསྔལ་དང་ཉོན་མོངས་ཕྱི་མ་བསྐྱེད་པའི་ས་བོན་དང་རྗེས་སུ་འབྲེལ་བས་ཀུན་ཏུ་འགྲོ་བའི་གནས་ངན་ལེན་དང་ལྡན་པས་ཡིན་ཏེ། ཕར་ཕྱིན་མཆན་ལས།[6]ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ལ་ཁྱབ་པ་འདུ་བྱེད་ཅེས་བརྗོད་པའི་རྒྱུ་མཚན་ནི། ཟག་བཅས་ཀྱི་ཚོར་བ་བདེ་སྡུག་གང་སྐྱེས་ཀྱང་། འགག་པའི་ཚེ། དེའི་ངོ་བོར་བག་ལ་ཞ་ནས་ཆུད་མི་ཟ་བར་གནས་ཏེ། རྐྱེན་དང་འཕྲད་ཚེ་ལྡང་རུང་དུ་གནས་པ་སྟེ། གསོད་ཁྲིམས་མ་ཁྲོལ་བར་གནས་སྐབས་བདེ་བ་མྱོང་ཡང་མཐར་སྡུག་བསྔལ་འབྱིན་པའི་ཁྲིམས་ཀྱིས་ཟིན་པ་ལྟ་བུ་སྟེ། བདེ་ལམ་སོགས་ལས་ཤེས་པར་བྱའོ། །ཞེས་གསུངས་པ་དང་། འདི་ནི་ལས་དང་ཉོན་མོངས་པ་སྔ་མའི་གཞན་དབང་དུ་གྱུར་ཅིང་། སྡུག་བསྔལ་དང་ཉོན་མོངས་པ་ཕྱི་མ་སྐྱེ་བའི་ས་བོན་དང་རྗེས་སུ་འགྲོ་བས་ན་ཀུན་ཏུ་འགྲོ་བའི་གནས་ངན་ལེན་དང་ལྡན་པའོ། །ཞེས་གསུངས། དེ་ཡང་ཚོར་བ་གཅིག་བུ་ཙམ་མིན་པ་སྔར་ལྟར་རོ། །སྡུག་བསྔལ་དེ་གསུམ་གྱི་བྱེད་ལས་ཀྱི་སྒོ་ནས་ཉོན་མོངས་བསྐྱེད་ཚུལ་ནི། ཟག་བཅས་ཀྱི་ཚོར་བ་བདེ་བ་སྐྱེས་པ་ལས་ཆགས་པ་རྒྱས་པ་དང་། སྡུག་བསྔལ་སྐྱེས་པ་ལས་ཁོང་ཁྲོ་འཕེལ་བ་དང་། བཏང་སྙོམས་སྐྱེས་པ་ལས་གཏི་མུག་རྒྱས་པ་ཡིན་ཏེ། ལམ་རིམ་ཆེན་མོ་ལས།[7]དེ་ལྟར་ཚོར་བ་བདེ་བ་སྐྱེས་པ་ན་ཆགས་པ་རྒྱས་པ་དང་། སྡུག་བསྔལ་སྐྱེས་པ་ན་ཁོང་ཁྲོ་འཕེལ་བ་དང་། བདེ་སྡུག་གང་ཡང་མིན་པའི་གནས་ངན་ལེན་དུ་གཏོགས་པའི་ལུས་ལ་མི་རྟག་པ་ལ་རྟག་པར་འཛིན་པས་གཏི་མུག་རྒྱས་པར་འགྱུར་རོ། །ཞེས་གསུངས། སྡུག་བདེན་དེ་དག་ཐམས་ཅད་ཟག་བཅས་ཀྱི་དངོས་པོའི་སྟེང་ནས་འཇོག་གིན་ཡོད་ལ། ཟག་བཅས་ཀྱི་དོན་ནི་གྲུབ་མཐའ་སོ་སོའི་འཇོག་ཚུལ་མི་མཐུན་ཏེ། དོན་སྨྲ་སྡེ་གཉིས་ཀྱིས་ཟག་བཅས་ཀྱི་དོན་ནི་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་སུ་རུང་བ་དེ་འཇོག་ཅིང་། སེམས་ཙམ་པས་ཟག་པའི་སྒོ་དྲུག་གང་རུང་འབྲེལ་བ་དེ་ཟག་བཅས་ཀྱི་དོན་དང་། དབུ་མ་བས་མ་རིག་པ་དང་དེའི་བག་ཆགས་ཅི་རིགས་ཀྱིས་བསླད་པ་དེ་ཟག་བཅས་ཀྱི་དོན་ལ་འཇོག འདིར་ཟག་བཅས་ཀྱི་དངོས་པོ་དེ་ཟག་པའི་སྒོ་དྲུག་དང་འབྲེལ་བའི་ཟག་པ་དེ་ལ་བྱ་དགོས་ཏེ། ལེགས་བཤད་གསེར་ཕྲེང་ལས།[8]མདོར་ན་ཟག་བཅས་མཚན་ཉིད་པ་གང་ཡིན་དེ་ཐམས་ཅད་སྡུག་བདེན་ཡིན་ནོ། །ཞེས་གསུངས་པ་དེ་ལ་གསེར་ཕྲེང་མཆན་ལས།[9]སྐབས་འདིའི་ཟག་བཅས་ནི་ཟག་པའི་སྒོ་དྲུག་པོ་གང་རུང་དང་འབྲེལ་བ་བྱེད་ཅིང་། ཞེས་གསུངས། ཟག་པའི་སྒོ་དྲུག་ནི། ཟག་པའི་བདག་ཉིད། ཟག་པ་དང་འབྲེལ་བ། ཟག་པས་བཅིངས་པ། ཟག་པའི་རྗེས་སུ་འབྲེལ་བ། ཟག་པའི་རྗེས་སུ་མཐུན་པ། ཟག་པའི་རྒྱུ་ལས་བྱུང་བ་བཅས་སོ། །འདིའི་ཟག་པ་ཉོན་མོངས་ལ་བྱེད་དགོས་པ་ཡིན་ལ། སྡུག་བསྔལ་གསུམ་གྱི་ནང་ཚན་དུ་གཏོགས་པའི་སྡུག་བསྔལ་གསུམ་གྱི་ཡུལ་ཟག་བཅས་དེའང་ཟག་པའི་སྒོ་དྲུག་གང་རུང་དང་འབྲེལ་བའི་ཟག་བཅས་འདི་ལ་བྱེད་དགོས་སོ། ། 

གཉིས་པ་ནི། ཀུན་འབྱུང་སྤང་བར་བྱ། ཞེས་གསུངས་པ་ལྟར། སྡུག་བདེན་ཇི་ལྟ་བུ་ཞིག་ཡིན་པ་ཤེས་ནས་དེ་སྤངས་པ་ལ་དེའི་རྒྱུ་ཀུན་འབྱུང་བདེན་པ་དེ་སྤང་དགོས་པ་ཡིན་ལ། ཀུན་འབྱུང་བདེན་པ་ནི། རང་འབྲས་སྡུག་བདེན་བསྐྱེད་པའི་ལས་ཉོན་ཞིག་ལ་འཇོག་སྟེ། ཕར་ཕྱིན་མཐའ་དཔྱོད་ལས།[10]རང་འབྲས་སྡུག་བདེན་བསྐྱེད་པའི་ལས་ཉོན་གྱི་ཆ་ནས་བཞག་པའི་ཟག་བཅས་ཀྱི་དངོས་པོ་དེ། ཀུན་འབྱུང་བདེན་པའི་མཚན་ཉིད། ཅེས་གསུངས། ཀུན་འབྱུང་བདེན་པ་ལ་དབྱེ་ན། ཉོན་མོངས་དང་། དེའི་དབང་གིས་བྱུང་བའི་ལས་གཉིས་ཡོད་དེ། ཀུན་བཏུས་ལས། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ། །ཞེས་གསུངས། ཉོན་མོངས་དང་དེའི་དབང་གིས་བྱུང་བའི་ལས་གཉིས་ཀུན་འབྱུང་བདེན་པ་ཡིན་པའི་རྒྱུ་མཚན་ནི་སྡུག་བདེན་ཐམས་ཅད་དེའི་དབང་གིས་བྱུང་བ་དང་། ཉོན་མོངས་ཏེ་བདག་འཛིན་གྱི་དབང་གིས་འཕེན་བྱེད་དགེ་མི་དགེའི་ལས་སྣ་ཚོགས་བསགས་པ་ལ་བརྟེན་ནས་སྡུག་བདེན་མང་བོ་བསྐྱེད་དེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དབང་གིས་འཁོར་བར་སྐྱེ་བ་ཡང་ཡང་བླངས་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས།[11]ཇི་སྲིད་ཕུང་བོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་དེ། །དེ་ལས་ཡང་ནི་སྐྱེ་བ་ལེན། །ཞེས་གསུངས། ཡན་ལག་བཅུ་གཉིས་ཀྱི་དབང་གིས་ཇི་ལྟར་འཁོར་བར་སྐྱེ་བ་ཡང་ཡང་ཇི་ལྟར་ལེན་ཞེ་ན། བཤད་པར་བྱ་སྟེ། དེ་ཡང་ཡན་ལག་བཅུ་གཉིས་ཀྱི་དང་པོ་མ་རིག་པ། གཉིས་པ་འདུ་བྱེད། གསུམ་པ་རྣམ་ཤེས། བཞི་པ་མིང་གཟུགས། ལྔ་པ་སྐྱེ་མཆེད། དྲུག་པ་རེག་པ། བདུན་པ་ཚོར་བ། བརྒྱད་པ་སྲེད་པ། དགུ་པ་ལེན་པ། བཅུ་པ་སྲིད་པ། བཅུ་གཅིག་པ་སྐྱེ་བ། བཅུ་གཉིས་པ་རྒ་ཤིའི་རྟེན་འབྲེལ་བཅས་སོ། །མ་རིག་པ་ནི་རིག་པའི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་བའི་སེམས་བྱུང་རྨོངས་པ་ཞིག་ལ་འཇོག་སྟེ། རྟེན་འབྲེལ་ལུང་རིགས་བང་མཛོད་ལས། རིག་པའི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་བའི་སེམས་བྱུང་རྨོངས་པ་མ་རིག་པའི་མཚན་ཉིད། ཅེས་གསུངས། དེ་ལ་རྒྱུ་དང་དུས་ཀྱི་ཀུན་སློང་གི་མ་རིག་པ་གཉིས་ཡོད་ཅིང་། ལས་དེའི་རྒྱུ་ཡང་ཡིན། དེའི་ཀུན་སློང་དུ་གྱུར་བའི་མ་རིག་པ་ཡིན་པས་ན་རྒྱུའི་ཀུན་སློང་དུ་གྱུར་བའི་མ་རིག་པ་ལ་བྱ་དགོས་ཏེ། གང་སྤེལ་ལས།[12]རྒྱུ་ཡང་དེ་ཡིན་ཀུན་སློང་ཡང་དེ་ཡིན་པས་རྒྱུའི་ཀུན་ནས་སློང་བའོ། །ཞེས་གསུངས། ལས་དེའི་ཀུན་སློང་ཡང་ཡིན། ལས་དེ་དང་མཉམ་དུ་ལས་དེའི་འཕངས་འབྲས་འགྲུབ་པ་ལ་གྲོགས་བྱེད་པས་ན་དུས་ཀྱི་ཀུན་སློང་གི་མ་རིག་པ་ཞེས་པ་ཡིན། 

རྒྱུའི་ཀུན་སློང་དུ་གྱུར་བའི་མ་རིག་པ་ལ་ལས་འབྲས་ལ་རྨོངས་པའི་མ་རིག་པ་སོགས་ཡོད་ཀྱང་། རྒྱུའི་ཀུན་སློང་དུ་གྱུར་བའི་ཐོག་མའི་མ་རིག་པ་ལ་ངེས་པར་བདག་འཛིན་ཞིག་དགོས་པ་ཡིན་ཏེ། འཕེན་བྱེད་ལས་དགེ་མི་དགེ་གང་བསོག་པ་ལ་ཐོག་མར་ངའོ་འམ་བདག་གོ་སྙམ་པའི་འཇིག་ལྟ་བསྐྱེད་ནས་དེའི་དབང་གིས་ལས་བསོག་དགོས་པ་ཡིན་ཏེ། རྟེན་འབྲེལ་ལུང་རིགས་གཏེར་མཛོད་ལས།[13]དེ་ལ་གང་ཟག་གི་བདག་འཛིན་དགོས་པར་མ་ཟད་རྫས་སྤྱི་སོགས་བཅད་ན་འཇིག་ལྟ་གཅིག་ངེས་པར་དགོས་པའི་ཕྱིར་ཏེ། འཕེན་བྱེད་ལས་བསོག་པ་ལ་ཐོག་མར་ངའོ་འམ་བདག་གོ་སྙམ་པའི་འཇིག་ལྟ་ཅིག་བསྐྱེད་དགོས་པས་དེ་འདྲའི་འཇིག་ལྟ་ལ་ཐོག་མའི་མ་རིག་པར་མདོ་ལས་བཤད་པ་གང་ཞིག ཐོག་མར་འཇིག་ལྟ་དེ་འདྲ་གང་ཡང་མ་སྐྱེས་ན་འཕེན་བྱེད་ལས་མི་བསོག་པ་ཡིན་པའི་ཕྱིར་ཏེ། དང་བོ་གྲུབ་སྟེ། དེའི་ཁྱད་པར་གཞན་བཤད་སླ་ཞིང་། ཐོག་མའི་མ་རིག་པ་ཞེས་པའི་ཚིག་ཟུར་གྱི་ཐོག་མ་དེ་འདྲ་ལ་བྱེད་དགོས་ཀྱི་འཁོར་བའི་ཐོག་མ་དང་རྒྱུ་འབྲས་ཀྱི་ཐོག་མ་སོགས་ལ་བྱེད་མི་རུང་སྟེ། ཞེས་གསུངས་པ་དང་། རྟེན་འབྲེལ་མདོ་འགྲེལ་ལས།[14]བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ལ་འབྱུང་བ་མེད། །ཅེས་གསུངས་པ་ལྟར་བདག་འཛིན་གྱི་ཞེན་ཡུལ་མེད་པ་མངོན་སུམ་དུ་མ་རྟོགས་བར་དུ་ལས་གསར་དུ་བསོག་ནུས་ལ། དེ་མེད་པ་མངོན་སུམ་དུ་རྟོགས་པ་ནས་ལས་གསར་དུ་བསོག་མི་ནུས་པ་དེས་ཀྱང་ལས་བསགས་པའི་ཐོག་མར་བདག་འཛིན་དེའི་དབང་གིས་ལས་བསོག་དགོས་པ་འགྲུབ་ཐུབ་པ་ཡིན་ལ། དེར་མ་ཟད་རྟེན་འབྲེལ་ལུང་རིགས་བང་མཛོད་ལས།[15]རང་གི་ཀུན་ནས་བསླང་བྱར་གྱུར་བའི་ཡན་ལག་གཉིས་པའི་ཀུན་སློང་གི་ཐོག་མར་བྱུང་བའི་འཇིག་ལྟའི་རིགས་གནས་ཀྱི་སེམས་བྱུང་རྨོངས་པ་དེ། ཐོག་མའི་མ་རིག་པའི་མཚན་ཉིད། ཅེས་པའི་ཚིག་ཟུར་གྱི་འཇིག་ལྟའི་རིགས་གནས་ཞེས་གསུངས་པ་དང་། རྟེན་འབྲེལ་མདོ་འགྲེལ་ལས།[16]དུ་བྱེད་རྣམས་ཀྱི་རྐྱེན་ཉིད་དུ། །མ་རིག་བསྟན་པ་རྣམ་གཉིས་ཏེ། །ཉོན་མོངས་གཞན་ལྡན་སྤྱི་ཡི་རྐྱེན། །དེ་མེད་པ་ནི་གཙོ་བོའི་རྐྱེན། །ཞེས་གསུངས་པ་ལྟར་ཆགས་སོགས་ཉོན་མོངས་གཞན་གྱི་དབང་གིས་མི་དགེ་བའི་ལས་བསོག་པ་ལ་ལས་དེ་དང་ཆགས་སོགས་དེའི་རྩ་བ་བདག་འཛིན་ལ་ཐུག་ཡོད་པས་བདག་འཛིན་དེ་དེ་དག་གི་སྤྱིའི་རྐྱེན་དང་། ཆགས་སོགས་ཉོན་མོངས་གཞན་གྱི་དབང་གིས་ལས་མ་བསགས་པར་དགེ་བའི་ལས་ཤིག་བསགས་པ་ལ་བདག་འཛིན་དེས་ཉོན་མོངས་གཞན་གྱི་རྐྱེན་མི་བྱེད་པ་དང་། ལས་དེའི་རྐྱེན་བྱེད་པས་དགེ་བའི་ལས་དེའི་གཙོ་བོའི་རྐྱེན་བྱེད་པ་དེས་ཀྱང་འགྲུབ་བོ། །དེ་ལྟ་ན་ཡན་ལག་དང་པོ་མ་རིག་པ་ལ་རྒྱུ་དང་དུས་ཀྱི་ཀུན་སློང་གི་མ་རིག་པ་གཉིས་ཡོད་པ་དང་། ཐོག་མའི་མ་རིག་པ་ནི་རྒྱུའི་ཀུན་སློང་གི་མ་རིག་པར་གྱུར་བའི་བདག་འཛིན་དེ་ལ་བྱ་དགོས་པས་ཡན་ལག་དང་པོའི་མ་རིག་པ་དང་ཐོག་མའི་མ་རིག་པ་གཉིས་མི་འདྲ་བ་ཡིན། ལས་ལ་འཕེན་བྱེད་ཀྱི་ལས་དང་། ཡིད་ཀྱི་རང་བཞིན་གྱི་ལས་དང་། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ཡིད་ལས་གསུམ་ཡོད་ཀྱང་། འདིར་བཤད་པ་ནི་འཕེན་བྱེད་ལས་ལ་བྱ་དགོས་ཏེ། གཞན་གཉིས་ནི་ཀུན་འབྱུང་ཕྲ་མོ་ཡིན་ལ། འདི་ནི་ཀུན་འབྱུང་རགས་པ་ཡིན་ཞིང་། ཀུན་འབྱུང་ལ་ཀུན་འབྱུང་རགས་པའི་ཁྱབ་པ་ཡིན། ལྷག་པར་འདིར་བཤད་པ་ནི་ཐོག་མའི་མ་རིག་པ་བདག་འཛིན་དེའི་དབང་གིས་བྱུང་བའི་ལས་དེ་ལ་བྱ་དགོས། བདེན་པ་མཐོང་བའི་བྱང་སེམས་མཐོང་ལམ་ལྟ་བུ་འཁོར་བར་སྐྱེ་བ་ལེན་པ་ལ་ཡིད་ཀྱི་རང་བཞིན་གྱི་ལས་ཀྱི་དབང་གིས་ལེན་དགོས་པ་དང་། ཉོན་མོངས་སྤངས་པའི་དགྲ་བཅོམ་པ་དང་ཉོན་མོངས་མངོན་གྱུར་བ་རྒྱུད་ན་མེད་པའི་དག་པ་གསུམ་གྱི་བྱང་སེམས་ལྟ་བུ་འཁོར་བར་སྐྱེ་བ་ལེན་པ་ལ་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཡིད་ལས་ཀྱི་དབང་གིས་སྐྱེ་བ་ལེན་དགོས་པ་ཡིན་པས་འདིས་ཀྱང་འདིར་བཤད་པའི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་གྱི་ལས་དེ་འཕེན་བྱེད་ལས་ལ་བྱ་དགོས་པ་ཤེས་དགོས་སོ། །

འདུ་བྱེད་ཀྱི་ལས་ཞེས་པ་སྲིད་པར་སྐྱེ་བ་མངོན་པར་འདུ་བྱེད་པས་རྒྱུ་མཚན་གྱིས་ཡིན་ཏེ། སྲས་ཀྱི་རྟེན་འབྲེལ་ཆེན་མོ་ལས།[17]ཡན་ལག་གཉིས་པ་འདུ་བྱེད་ཀྱི་ལས་ཆོས་ཅན། ཁྱོད་ལ་འདུ་བྱེད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཡང་སྲིད་པར་སྐྱེ་བ་མངོན་པར་འདུ་བྱེད་པས་དེ་ལྟར་བརྗོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འཕེན་བྱེད་དགེ་མི་དགེའི་ལས་ཀྱི་ཁྱད་པར་ནི། དུག་གསུམ་གང་རུང་ལས་བསྐྱེད་པའི་བསོད་ནམས་མ་ཡིན་པའི་ལས་དེ་མི་དགེ་བའི་ལས་དང་། དུག་གསུམ་གང་རུང་ལས་བསྐྱེད་པ་མ་ཡིན་པར་བསོད་ནམས་ཀྱི་ལས་དེ་དགེ་བའི་ལས་སུ་འཇོག་དགོས་ཏེ། རིན་ཆེན་ཕྲེང་བ་ལས།[18]ཆགས་དང་ཞེ་སྡང་གཏི་མུག་དང་། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་དང་། རིན་ཆེན་ཕྲེང་བ་ལས།[19]མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་དེ་དགེ་བ་ཡིན། །ཞེས་གསུངས། འཕེན་བྱེད་ལས་དེ་ལ་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་གསུམ་ཡོད་ཅིང་། བསོད་ནམས་ཀྱི་ལས་དང་དགེ་བའི་ལས་དོན་གཅིག བསོད་ནམས་མ་ཡིན་པའི་ལས་དང་མི་དགེ་བའི་ལས་དོན་གཅིག མི་གཡོ་བའི་ལས་དང་ཁམས་གོང་མར་སྐྱེ་བ་འཕེན་བྱེད་ཀྱི་ལས་གཉིས་དོན་གཅིག འཕེན་བྱེད་དགེ་བའི་ལས་ལས་བདེ་འགྲོ་དང་། འཕེན་བྱེད་མི་དགེ་བའི་ལས་ལས་ངན་འགྲོར་སྐྱེ་བ་འཕེན་དགོས་ཏེ། རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག ། ཅེས་གསུངས་པ་དང་། སྲས་ཀྱི་རྟེན་འབྲེལ་ཆེན་མོ་ལས།[20]རང་གི་རྒྱུའི་ཀུན་སློང་དུ་གྱུར་བའི་ཐོག་མའི་མ་རིག་པས་ཀུན་ནས་བསླངས་ཤིང་འདོད་པའི་བདེ་འགྲོར་སྐྱེ་བ་འཕེན་པར་བྱེད་པའི་སེམས་བྱུང་སེམས་པ་དེ་འཕེན་བྱེད་བསོད་ནམས་ལས་ཀྱི་མཚན་ཉིད། ཅེས་དང་། རང་གི་རྒྱུའི་ཀུན་སློང་དུ་གྱུར་བའི་ཐོག་མའི་མ་རིག་པས་ཀུན་ནས་བསླངས་ཤིང་ངན་འགྲོར་སྐྱེ་བ་འཕེན་པར་བྱེད་པའི་སེམས་བྱུང་སེམས་པ་དེ། འཕེན་བྱེད་བསོད་ནམས་མ་ཡིན་པའི་ལས་ཀྱི་མཚན་ཉིད། ཅེས་གསུངས། ཁམས་གོང་མར་སྐྱེ་བ་འཕེན་བྱེད་ཀྱི་ལས་ལ་མི་གཡོ་བའི་ལས་ཞེས་པའི་རྒྱུ་མཚན་ནི་གཟུགས་དང་གཟུགས་མེད་དུ་སྨིན་རྒྱུའི་ལས་ཀྱི་རྣམ་སྨིན་ཁམས་གཞན་དང་འགྲོ་བ་གཞན་དུ་གཡོ་བ་མེད་པས་ཡིན་ཏེ། སྲས་ཀྱི་རྟེན་འབྲེལ་ཆེན་མོ་ལས།[21]གཟུགས་དང་གཟུགས་མེད་དུ་སྨིན་རྒྱུའི་ལས་ཀྱི་རྣམ་སྨིན་ཁམས་དང་འགྲོ་བ་གཞན་དུ་གཡོ་བ་མེད་པས་དེ་ལྟར་བཤད་དེ། ཞེས་གསུངས། དེ་མ་གཏོགས་འདོད་པའི་ལྷར་སྨིན་རྒྱུའི་ལས་ཀྱི་རྣམ་སྨིན་མི་ལ་སྨིན་པ་དང་། བདེ་འགྲོར་སྨིན་རྒྱུའི་ལས་ཀྱི་རྣམ་སྨིན་ངན་འགྲོ་ལ་སྨིན་པ་ཡོད་དོ། །

ལས་ལ་དབྱེ་ན་སེམས་པའི་ལས་དང་བསམ་པའི་ལས་གཉིས་ཡོད་ལ། དེ་གཉིས་འཇོག་ཚུལ་ཡང་གྲུབ་མཐའ་བཞི་ག་མི་མཐུན་ཏེ། བྱེ་བྲག་སྨྲ་བ་དང་ཐལ་འགྱུར་བ་གཉིས་ཀྱིས་སེམས་པའི་ལས་ནི་ལུས་ངག་གི་ལས་བདུན་གྱི་སྲོག་གཅོད་པ་སོགས་འདི་ལྟར་བྱའོ་སྙམ་པའི་རྒྱུའི་ཀུན་སློང་དུ་གྱུར་པའི་སེམས་བྱུང་སེམས་པ་ཞིག་འཇོག་སྟེ། རྟེན་འབྲེལ་ཆེན་མོ་ལས།[22]ལུས་ངག་གི་ལས་བདུན་གྱི་སྲོག་གཅོད་པ་སོགས་འདི་ལྟར་བྱའོ་སྙམ་པའི་རྒྱུའི་ཀུན་སློང་དུ་གྱུར་བའི་སེམས་བྱུང་སེམས་པ་སྟེ། ཞེས་གསུངས། བྱེ་སྨྲ་དང་ཐལ་འགྱུར་བ་གཉིས་ཀའི་ལུགས་ལ་བསམ་པའི་ལས་ལ་ལུས་ངག་གི་ལས་གཉིས་ཡོད་པ་དང་། དེ་གཉིས་ཀ་གཟུགས་ཅན་དུ་འདོད་དེ། རྟེན་འབྲེལ་ཆེན་མོ་ལས།[23]ལུས་ཀྱི་ལས་དེ་ལུས་ཀྱི་རྣམ་པར་རིག་བྱེད་དང་ལུས་ཀྱི་རིག་བྱེད་མ་ཡིན་པ་གཉིས་བྱས་ནས་གཟུགས་ཅན་དུ་བཤད་པའི་ཕྱིར། གསུངས་པ་དང་། དེ་ཉིད་ལས།[24]ངག་གི་ལས་ལ་ངག་གི་རྣམ་པར་རིག་བྱེད་བཞག་ནས་གཟུགས་ཅན་དུ་བསྟན་པའི་ཕྱིར། ཞེས་གསུངས། ངག་ལས་ལའང་ངག་གི་རྣམ་པར་རིག་བྱེད་དང་ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་གཉིས་ཡོད་དེ། མཛོད་འགྲེལ་ལས། ངག་གི་ལས་གང་ཞེ་ན། ངག་གི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་མ་ཡིན་པའོ། །ཞེས་གསུངས། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་ལུས་ཀྱི་ལས་ལ་མཚོན་གྱིས་སྲོག་གཅོད་པ་ལྟ་བུ་དང་། ལུས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་ལུས་ལས་ལ་ངན་སྔགས་ཀྱིས་སྲོག་གཅོད་པ་ལྟ་བུ་འཇོག དེ་བཞིན་དུ་ངག་གི་རྣམ་པར་རིག་བྱེད་ཀྱི་ངག་ལས་ངག་ནས་རྫུན་སྨྲས་པ་ལྟ་བུ་དང་། ངག་གི་རྣམ་པར་རིག་བྱེད་མ་ཡིན་པའི་ངག་ལས་ལ་རྣམ་འགྱུར་གྱིས་རྫུན་བྱས་པ་ལྟ་བུ་འཇོག སེམས་ཙམ་པ་དང་རང་རྒྱུད་པ་གཉིས་ཀའི་ལུགས་ལ་སེམས་པའི་ལས་ལ་སྔར་ལྟར་སེམས་བྱུང་སེམས་པ་ཞིག་འཇོག་ཅིང་། བསམ་པའི་ལས་ལའང་སེམས་བྱུང་སེམས་པ་ཞིག་དགོས་ཏེ། བསམ་པའི་ལས་ལ་ལུས་ངག་ཡིད་གསུམ་གྱི་ལས་གསུམ་ཡོད་པ་དང་། ལུས་ཀྱི་ལས་ནི་ལུས་ཀྱི་རྣམ་པར་རིག་བྱེད་དང་མཉམ་དུ་འཇུག་པའི་སེམས་པ་ཞིག་འཇོག་པ་དང་། ངག་ལུས་ནི་ངག་གི་རྣམ་པར་རིག་བྱེད་དང་མཉམ་དུ་འཇུག་པའི་སེམས་པ་ཞིག་འཇོག་པ་དང་། ཡིད་ལས་ལ་གནོད་སེམས་དང་མཚུངས་ལྡན་གྱི་སེམས་པ་ལྟ་བུ་འཇོག དེའི་རྒྱུ་མཚན་གྱིས་བྱེ་སྨྲ་དང་ཐལ་འགྱུར་བའི་ལུགས་ལ་ཡིད་ལས་དང་སེམས་པའི་ལས་དོན་གཅིག་ཏུ་འདོད་ཀྱང་། སེམས་ཙམ་པ་དང་རང་རྒྱུད་པ་གཉིས་ཀའི་ལུགས་ལ་མི་འདོད་པ་ཡིན། ལས་ལ་ཡང་ངེས་པའི་ལས་དང་། མ་ངེས་པའི་ལས་གཉིས་ཡོད་པ་དང་། མ་ངེས་པའི་ལས་ནི་བསམ་བཞིན་དུ་བྱས་ལ་མ་བསགས་པ་དང་། ངེས་པའི་ལས་ནི་བསམ་བཞིན་དུ་བྱས་པ་དང་བསགས་པ་གང་ཡིན་པ་དེ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་ས་ལས།[25]མ་ངེས་པའི་ལས་ནི་བསམ་བཞིན་དུ་བྱས་ལ་མ་བསགས་པ་གང་ཡིན་པའོ། །ཞེས་དང་། དེ་ཉིད་ལས།[26]ངེས་པའི་ལས་ནི་བསམ་བཞིན་དུ་བྱས་པ་དང་བསགས་པ་གང་ཡིན་པའོ། །ཞེས་གསུངས། ལས་ཀྱི་རྣམ་སྨིན་འགྲུབ་དུས་ཀྱི་སྒོ་ནས་དབྱེ་ན། མཐོང་ཆོས་མྱོང་འགྱུར་གྱི་ལས་དང་། སྐྱེས་ནས་མྱོང་འགྱུར་གྱི་ལས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་གསུམ་ཡོད། ལས་དགེ་སྡིག་གང་བྱས་ཀྱང་རྣམ་སྨིན་མྱོང་བའི་མགོ་ཚེ་འདི་ཉིད་ལ་རྩོམ་པ་མཐོང་ཆོས་མྱོང་འགྱུར་གྱི་ལས་དང་། རྣམ་སྨིན་མྱོང་བའི་མགོ་ཚེ་ཕྱི་མར་རྩོམ་པ་སྐྱེས་ནས་མྱོང་འགྱུར་གྱི་ལས་དང་། ཚེ་གསུམ་ཕན་ཆད་དུ་རྩོམ་པ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱི་དོན་ཡིན་ཏེ། རྟེན་འབྲེལ་ཆེན་མོ་ལས།[27]ལས་དགེ་སྡིག་གང་གི་རྣམ་སྨིན་མྱོང་བའི་མགོ་ཚེ་འདི་ཉིད་ལ་རྩོམ་པ་མཐོང་ཆོས་མྱོང་འགྱུར་དང་། ཚེ་ཕྱི་མར་རྩོམ་པ་སྐྱེས་ནས་མྱོང་འགྱུར། ཚེ་ཕྱི་མ་ཕན་ཆད་དུ་རྩོམ་པ་ལན་གྲངས་གཞན་ལ་མྱོང་འགྱུར་ཞེས་བཤད་པའི་ཕྱིར། ཞེས་གསུངས། མྱོང་འགྱུར་གསུམ་ནི་ཚེ་དེ་དག་ལ་རྣམ་སྨིན་མྱོང་མགོ་བརྩམས་པ་ཙམ་གྱི་ཆོག་པས་ཚེ་དེ་དག་ལ་སྐྱེ་སྲིད་འགྲུབ་དགོས་པ་མ་ཡིན། དེའི་རྒྱུ་མཚན་གྱིས་མཚམས་མེད་ལྔ་དང་དེའི་ཆར་གཏོགས་ཉེ་བའི་མཚམས་མེད་ལྔའང་སྐྱེས་ནས་མྱོང་འགྱུར་གྱི་ལས་ལ་བཞག་པ་ནི། ལས་དེ་དག་བསགས་པ་ལ་སྐྱེ་བ་ཕྱི་མར་རྣམ་སྨིན་མྱང་བའི་མགོ་རྩོམ་དགོས་པས་ཡིན། དེར་མ་ཟད་མཐོང་ཆོས་མྱོང་འགྱུར་ལ་རྣམ་སྨིན་མྱོང་བའི་མགོ་ཚེ་འདི་ལ་བརྩམས་པར་ཆོག་པས་མཐོང་ཆོས་མྱོང་འགྱུར་ལ་འཕེན་བྱེད་ཀྱི་ལས་ཡོད་ལ། བྱེ་སྨྲས་ཚེ་དེ་ཉིད་ལ་རྣམ་སྨིན་འགྲུབ་དགོས་པས་མཐོང་ཆོས་མྱོང་འགྱུར་ལ་འཕེན་བྱེད་ཀྱི་ལས་མེད་པར་འདོད་དོ། །ལས་ལ་བསགས་ཚུལ་གྱི་སྒོ་ནས་དབྱེ་ན་བྱས་ལ་མ་བསགས་པ་དང་། བསགས་ལ་མ་བྱས་པ་དང་། བྱས་བསགས་ཚང་བ་དང་། མ་བྱས་མ་བསགས་པ་བཞི་ཡོད། དང་པོ་ལ་མི་མཁས་པས་བྱས་པ། རྨི་ལམ་དུ་བྱས་པ། ཆེད་དུ་མ་བྱས་པ། མི་འདོད་བཞིན་དུ་བྱས་པ། ལན་གཅིག་ཁོ་ན་བྱས་ཤིང་སྟོབས་བཞིས་སྲབ་མོར་བྱས་པ། འཇིག་རྟེན་ཆགས་བྲལ་གྱིས་ས་བོན་ཉམས་སྨད་པ། འདས་ལམ་གྱིས་ཡང་དག་པར་བཅོམ་པ་དང་བརྒྱད་ཡོད། བསགས་ལ་མ་བྱས་པ་ནི། གསོད་སེམས་ཡུན་རིང་བརྩམས་ཀྱང་སྲོག་མ་བཅད་པ་ལྟ་བུ་འཇོག བྱས་བསགས་ཚང་བ་ནི། སྦྱོར་དངོས་མཇུག་གསུམ་ཚང་བའི་སྲོག་གཅོད་ཀྱི་ལས་ལྟ་བུ་འཇོག མ་བྱས་མ་བསགས་པ་ནི་གསོད་སེམས་སྐད་ཅིག་སྐྱེས་ཀྱང་འགྱོད་པས་བཅོམ་པ་ལྟ་བུ་འཇོག་གོ། །ཐོག་མའི་མ་རིག་པ་ལས་གཉིས་པ་འདུ་བྱེད་ཀྱི་ལས་སྐྱེས། གཉིས་པ་འདུ་བྱེད་ལས་ཀྱི་བག་ཆགས་དེ་གསུམ་པ་རྣམ་ཤེས་ཏེ་རྒྱུ་དུས་ཀྱི་རྣམ་ཤེས་ལ་བསྒོ་བ་ལ་བརྟེན་ནས་འཕངས་འབྲས་རྣམས་འཕངས་དགོས་པ་ཡིན་ཏེ། ལམ་རིམ་ཆེན་མོ་ལས།[28]ཇི་ལྟར་འཕངས་ན་རྒྱུ་དུས་ཀྱི་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པའི་ཚུལ་གྱིས་སོ། །ཞེས་གསུངས་སོ། །

གསུམ་པ་རྣམ་ཤེས་ནི། རྟེན་འབྲེལ་ལུང་རིགས་བང་མཛོད་ལས།[29]རང་དང་ཚར་གཅིག་པའི་འཕེན་བྱེད་ལས་ཀྱི་བག་ཆགས་བསྒོ་གཞི་དང་། འཕང་འབྲས་ཅི་རིགས་ཀྱིས་བསྡུས་པའི་རིགས་སུ་གནས་པའི་ཡིད་ཀྱི་རྣམ་ཤེས་དེ། གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་གྱི་མཚན་ཉིད། ཅེས་གསུངས་པ་ལྟར་གསུམ་པ་རྣམ་ཤེས་དེ་ལྟར་འཇོག་དགོས། དེ་ཡང་གསུམ་པ་རྣམ་ཤེས་ལ་རྒྱུ་དུས་དང་འབྲས་དུས་ཀྱི་རྣམ་ཤེས་གཉིས་ཡོད་པས་འདིར་ནི་རྒྱུ་དུས་ཀྱི་རྣམ་ཤེས་ལ་བྱེད་དགོས་ཏེ། རྒྱུ་དུས་ཀྱི་རྣམ་ཤེས་ཀྱི་ས་མཚམས་དེ་འདུ་བྱེད་ལས་ཀྱི་བག་ཆགས་བསྒོ་གཞིའི་རྣམ་ཤེས་དེ་གྲུབ་ནས་བཞི་པ་མིང་གཟུགས་བར་དུ་འཇོག་ལ། འབྲས་དུས་ཀྱི་རྣམ་ཤེས་ཀྱི་ས་མཚམས་དེ་བཞི་བ་མིང་གཟུགས་དང་དུས་མཉམ་དུ་གྲུབ་པ་ནས་ཡ་མཐའ་འཆི་སྲིད་བར་དུ་ཡོད་པས་འདིར་བཤད་པ་ནི་ལས་ཀྱི་བག་ཆགས་བསྒོ་གཞིའི་རྣམ་ཤེས་དེ་ལ་བྱེད་པ་ཡིན། གསུམ་པ་རྣམ་ཤེས་དེ་ཡང་ཀུན་གཞི་ཁས་ལེན་པ་རྣམས་ཀྱིས་ཀུན་གཞི་དང་ཀུན་གཞི་ཁས་མི་ལེན་པ་རྣམས་ཀྱིས་ཡིད་ཀྱི་རྣམ་ཤེས་ལ་འདོད། འཕངས་པའི་དོན་ནི་སྲེད་པ་དང་ལེན་པ་དང་། སྲིད་པ་སོགས་ཀྱི་འགྲུབ་བྱེད་ཡོད་ན་འཕངས་འབྲས་དེ་དག་འགྲུབ་རུང་དུ་བྱས་པ་དེ་ལ་ཟེར་བ་ཡིན་ཏེ། ལམ་རིམ་ཆེན་མོ་ལས།[30]འཕངས་པའི་དོན་ནི་སྲེད་པ་སོགས་ཀྱི་འགྲུབ་བྱེད་ཡོད་ན་འབྲས་བུ་དེ་དག་འགྲུབ་རུང་དུ་བྱས་པའོ། ། ཞེས་གསུངས། དེ་གསུམ་འཕངས་འབྲས་རྣམས་ཀྱི་འགྲུབ་བྱེད་ཀྱི་རྒྱུ་ཡིན་ཚུལ་ནི། རྒྱུ་དུས་ཀྱི་རྣམ་ཤེས་དེ་ལ་འཕེན་བྱེད་ལས་ཀྱི་བག་ཆགས་བསྒོས་ཤིང་། ལས་དེ་ལ་སྲེད་ལེན་གཉིས་ཀྱིས་གསོས་བཏབ་པ་ལ་བརྟེན་ནས་ལས་དེའི་ཡང་སྲིད་འགྲུབ་པའི་ནུས་པ་མཐུ་ཅན་དུ་སོང་བ་དེ་བཅུ་པ་སྲིད་པ་ཡིན་ལ། དེ་དག་ལ་བརྟེན་ནས་འཕངས་འབྲས་འགྲུབ་དགོས་པ་ཡིན། དེ་བས་རྒྱུ་དུས་ཀྱི་རྣམ་ཤེས་ཀྱི་རྗེས་སུ་སྲེད་ལེན་སྲིད་པ་གསུམ་གྲུབ་དགོས་པ་ཡིན། བརྒྱད་པ་སྲེད་པའི་མཚན་ཉིད་ནི། ཚོར་བ་གསུམ་གང་རུང་ལ་དམིགས་ནས་སྐྱེས་ཤིང་། བདེ་བ་དང་མི་འབྲལ་བ་དང་། སྡུག་བསྔལ་དང་འབྲལ་བ་དང་། བཏང་སྙོམས་ལས་མི་ཉམས་པ་ཅི་རིགས་སུ་སྲེད་པའི་རིགས་གནས་གང་ཞིག ཚར་གཅིག་པའི་ལེན་པ་འདྲེན་བྱེད་ཀྱི་འདོད་ཆགས་དེ་འཇོག་སྟེ། རྟེན་འབྲེལ་ལུང་རིགས་བང་མཛོད་ལས།[31]ཚོར་བ་གསུམ་གང་རུང་ལ་དམིགས་ནས་སྐྱེས་ཤིང་། བདེ་བ་དང་མི་འབྲལ་བ་དང་། སྡུག་བསྔལ་དང་འབྲལ་བ་དང་། བཏང་སྙོམས་ལས་མི་ཉམས་པ་ཅི་རིགས་སུ་སྲེད་པའི་རིགས་གནས་གང་ཞིག ཚར་གཅིག་པའི་ལེན་པ་འདྲེན་བྱེད་ཀྱི་འདོད་ཆགས་དེ་བརྒྱད་པ་སྲེད་པའི་མཚན་ཉིད། ཅེས་གསུངས། འདིའི་ཚོར་བ་ནི་ཡན་ལག་བདུན་པའི་ཚོར་བ་མིན་ཏེ། ཡན་ལག་བདུན་པའི་ཚོར་བ་ནི། འདིའི་འཕངས་འབྲས་ཡིན་པས་སྐྱེ་བ་ཕྱི་མའི་སར་གཏོགས་དགོས་པ་དང་། བརྒྱད་པ་སྲེད་པ་བདུན་པ་ཚོར་བའི་རྒྱུ་ཡིན་ནོ། །བརྒྱད་པ་སྲེད་པ་ལ་བརྟེན་ནས་དགུ་པ་ལེན་པ་སྐྱེ་དགོས་ཏེ། བརྒྱད་པ་སྲེད་པ་ནི་ཚོར་བ་ཁོ་ན་ལ་དམིགས་ནས་བདེ་བ་དང་མི་འབྲལ་བ་དང་། སྡུག་བསྔལ་དང་འབྲལ་འདོད་ཙམ་ཡིན་ལ། དེའི་ཕྱིར་དུ་འདོད་ཡོན་དང་ལྟ་བ་སོགས་ལ་ཆགས་པ་དང་མ་འོངས་པའི་སྲིད་པ་སོགས་ལ་འདུན་པ་སོགས་ནི་སྲེད་པ་འཕེལ་ཏེ་ལེན་པར་འཕོས་པའི་སྐབས་ཡིན་ནོ། །དེ་བས་བརྒྱད་པ་སྲེད་པ་དང་དགུ་པ་ལེན་པ་གཉིས་ཀ་སྲེད་པ་ཡིན་ཡང་། བརྒྱད་པ་སྲེད་པ་ནི་ཚོར་བ་གསུམ་གང་རུང་ལ་དམིགས་པ་དགོས་ཡང་། འདིར་ནི་ཚོར་བ་ལ་དམིགས་པ་མི་དགོས་པ་ཡིན། དགུ་པ་ལེན་པའི་མཚན་ཉིད་ནི། རང་དང་ཚར་གཅིག་པའི་བརྒྱད་པ་སྲེད་པའི་རྐྱེན་གྱིས་བྱུང་ཞིང་། ཚོར་བ་ཅི་རིགས་དང་ལྡན་པའམ་འབྲལ་བའམ་མི་འབྲལ་བའི་ཆེད་དུ་འདོད་ཡོན་སོགས་ཅི་རིགས་ལ་ལྷག་པར་ཆགས་པའི་སྒོ་ནས་རང་དང་ཚར་གཅིག་པའི་ལས་ལ་གསོས་འདེབས་བྱེད་ཀྱི་སྲེད་པ་དེ་འཇོག་སྟེ། རྟེན་འབྲེལ་ལུང་རིགས་བང་མཛོད་ལས།[32]རང་དང་ཚར་གཅིག་པའི་བརྒྱད་པ་སྲེད་པའི་རྐྱེན་གྱིས་བྱུང་ཞིང་། ཚོར་བ་ཅི་རིགས་དང་ལྡན་པའམ་འབྲལ་བའམ་མི་འབྲལ་བའི་ཆེད་དུ་འདོད་ཡོན་སོགས་ཅི་རིགས་ལ་ལྷག་པར་ཆགས་པའི་སྒོ་ནས་རང་དང་ཚར་གཅིག་པའི་ལས་ལ་གསོས་འདེབས་བྱེད་ཀྱི་སྲེད་པ་དེ། དགུ་པ་ལེན་པའི་མཚན་ཉིད། ཅེས་གསུངས། བཅུ་པ་སྲིད་པ་ནི། རྟེན་འབྲེལ་ལུང་རིགས་བང་མཛོད་ལས།[33]རང་དང་ཚར་གཅིག་པའི་འཕེན་བྱེད་ལས་ལ་སྲེད་ལེན་གྱིས་གསོས་བཏབ་སྟེ་ཡང་སྲིད་འགྲུབ་པའི་ནུས་པ་མཐུ་ཅན་དུ་སོང་བའི་རིགས་གནས་ཀྱི་ལས་དེ་བཅུ་པ་སྲིད་པའི་མཚན་ཉིད། ཅེས་གསུངས་པ་ལྟར་འཕེན་བྱེད་ལས་ལ་སྲེད་ལེན་གྱིས་གསོས་བཏབ་པ་ཞིག་དགོས་ལ། རིགས་གནས་སྨོས་པས་མཚམས་མེད་ཀྱི་ལས་སོགས་ལས་སྟོབས་ཆེན་དག་སྲེད་ལེན་གྱིས་གསོས་བཏབ་སྟེ་ཡང་སྲིད་འགྲུབ་པའི་ནུས་པ་མཐུ་ཅན་དུ་སོང་བ་མ་ཡིན་ཡང་བཅུ་བ་སྲིད་པ་ཡིན་པར་སྡུད་པ་ཡིན། དེའི་རྒྱུ་མཚན་ནི་མཚམས་མེད་ཀྱི་ལས་དེ་དག་བསགས་མ་ཐག་ནས་ནུས་པ་མཐུ་ཅན་དུ་སོང་བ་ཡིན་ཏེ། དེའི་རྣམ་སྨིན་མྱང་བའི་མགོ་སྐྱེ་བ་རྗེས་མར་རྩོམ་དགོས་པ་ཡིན། དེའི་རྒྱུ་མཚན་གྱིས་མཚམས་མེད་ཀྱི་ལས་དེ་དག་སྐྱེས་ནས་མྱོང་འགྱུར་གྱི་ལས་སུ་བཞག་པ་ཡིན། མཚམས་མེད་ཀྱི་ལས་བསགས་མ་ཐག་པ་དེས་ཀྱང་འཕངས་འབྲས་གྲུབ་པ་ལ་ཕྱིས་ཀྱི་སྲེད་ལེན་ལ་ལྟོས་ཀྱང་དང་པོ་ཉིད་ནས་འགྲུབ་བྱེད་ཀྱི་ངོ་བོར་སོང་ཟིན་ལ། ལས་དེ་བཅུ་པ་སྲིད་པ་ཡིན་ཡང་དེ་དང་གྲུབ་འབྲས་བར་དུ་སྐྱེ་སྲིད་ཀྱི་བར་དུ་གཞན་གྱིས་ཆོད་དེ། ལས་དེ་བསགས་མ་ཐག་པའི་གང་ཟག་དེའི་སྐྱེ་སྲིད་ཀྱིས་ཆོད་པ་ཡིན་ཞིང་། དེ་ནི་འདིའི་དམིགས་བསལ་ཡིན་ནོ། །འཕེན་བྱེད་ཀྱི་རྒྱུ་དེ་དག་གྲུབ་པའི་རྗེས་སུ་འཕངས་འབྲས་རྣམས་ཀྱི་དང་པོ་སྟེ་བཞི་པ་མིང་གཟུགས་གྲུབ་དགོས་པ་ཡིན་ལ། བཞི་པ་མིང་གཟུགས་ཅི་རིགས་ཀྱི་རྟེན་འབྲེལ་གྱི་མཚན་ཉིད་ནི། རྟེན་འབྲེལ་ལུང་རིགས་བང་མཛོད་ལས།[34]རང་དང་ཚར་གཅིག་པའི་གསུམ་པ་རྣམ་ཤེས་ཀྱི་སྟེང་གི་ས་བོན་སྨིན་པའི་རྣམ་སྨིན་གྱི་གཙོ་བོ་གང་ཞིག ལས་དེའི་འཕངས་པའི་ཡན་ལག་བཞིའི་དང་པོའི་རིགས་གནས་ཀྱི་ཉེ་བར་ལེན་པའི་ཕུང་བོ་དེ། བཞི་པ་མིང་གཟུགས་ཅི་རིགས་ཀྱི་རྟེན་འབྲེལ་གྱི་མཚན་ཉིད། ཅེས་གསུངས་པ་ལྟར། དེ་ལྟར་འཇོག་དགོས་ལ། དེ་ལ་དབྱེ་ན་མིང་གི་རྟེན་འབྲེལ་ལ་ཁམས་གསུམ་གྱི་མིང་གི་གསུམ་ཡོད་ལ། གཟུགས་ཀྱི་རྟེན་འབྲེལ་ལ་འདོད་གཟུགས་གཉིས་ཀྱི་གཉིས་ཡོད། ས་མཚམས་ནི་འབྲས་དུས་ཀྱི་རྣམ་ཤེས་གྲུབ་པ་ནས་ཡོད་ལ། བཞི་པ་མིང་གཟུགས་གཉིས་དང་འབྲས་དུས་ཀྱི་རྣམ་ཤེས་གཉིས་ནི་ཚེ་ཇི་སྲིད་བར་དུ་མདུང་ཁྱིམ་གྱི་ཚུལ་དུ་ཡོད། བཞི་པ་མིང་གཟུགས་གྲུབ་པའི་རྗེས་སུ་ལྔ་པ་སྐྱེ་མཆེད་གྲུབ་དགོས་པ་ཡིན་ལ། ལྔ་པ་སྐྱེ་མཆེད་ནི། རྟེན་འབྲེལ་ལུང་རིགས་བང་མཛོད་ལས།[35]རང་དང་ཚར་གཅིག་པའི་གསུམ་པ་རྣམ་ཤེས་སྟེང་གི་ས་བོན་སྨིན་པའི་སྐྱེ་སྲིད་ཀྱི་ཁྱད་པར་རྫོགས་པའི་ཕུང་བོ་གང་ཞིག  ལས་དེའི་འཕངས་པའི་ཡན་ལག་བཞིའི་གཉིས་པའི་རིགས་གནས་ཉེ་བར་ལེན་པའི་ཕུང་བོ་དེ། ལྔ་པ་སྐྱེ་མཆེད་ཀྱི་རྟེན་འབྲེལ་གྱི་མཚན་ཉིད། ཅེས་གསུངས་པ་ལྟར་དེ་ལྟར་ཡིན་ལ། དེ་ལ་དབྱེ་ན་མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་བར་དྲུག་ཡོད་ལ། རྫུས་སྐྱེས་མ་གཏོགས་པ་སྐྱེ་གནས་གཞན་གསུམ་ལ་ལུས་དང་ཡིད་ནི་འཕངས་འབྲས་གྲུབ་པ་ནས་ཡོད་པས་འདིའི་ས་མཚམས་ནི་སྐྱེ་མཆེད་དང་པོ་བཞི་གྲུབ་པའམ་གྲུབ་པའི་ཚོད་དུ་སླེབས་པ་ནས་འཇོག ལྔ་པ་སྐྱེ་མཆེད་ཀྱི་རྗེས་སུ་དྲུག་པ་རེག་པ་གྲུབ་དགོས་པ་ཡིན་ལ། དྲུག་པ་རེག་པ་ནི། རྟེན་འབྲེལ་ལུང་རིགས་བང་མཛོད་ལས།[36]ཡན་ལག་ལྔ་པའི་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རྐྱེན་གྱིས་ཡུལ་ཡིད་འོང་སོགས་ཅི་རིགས་རང་སྟོབས་ཀྱིས་གཅོད་པའི་ཉེར་ལེན་གྱི་ཕུང་བོར་གྱུར་བའི་སེམས་བྱུང་དེ། དྲུག་པ་རེག་པའི་མཚན་ཉིད། ཅེས་གསུངས་པ་ལྟར་དེ་ལྟར་ཡིན་ལ། རང་སྟོབས་ཀྱིས་ཞེས་པའི་དེ་དང་མཚུངས་ལྡན་གྱི་ཚོར་བ་སོགས་གཅོད། དེ་ལ་དབྱེ་ན་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་དྲུག་ཡོད་ལ། འཕེན་བྱེད་བསོད་ནམས་དང་བསོད་ནམས་མ་ཡིན་པ་གཉིས་ཀྱི་འཕངས་འབྲས་ལ་རེག་པ་དྲུག་ཡོད་ཀྱང་། མི་གཡོ་བའི་ལས་ཏེ་ཁམས་གོང་མར་སྐྱེ་བ་འཕེན་བྱེད་ཀྱི་ལས་ལ་སྣ་དང་ལྕེ་འདུས་ཏེ་རེག་པ་མེད་དེ། ཁམས་གོང་མར་དྲི་རོ་གཉིས་མེད་པ་ཡིན་ལ། དེར་མ་ཟད་གཟུགས་ཁམས་ཀྱི་བསམ་གཏན་གཉིས་པ་ཡན་གྱི་སས་བསྡུས་ལ་མིག་རྣ་ལུས་གསུམ་གྱི་རེག་པ་མེད་པར་འདོད། ས་མཚམས་ནི་ཡན་ལག་ལྔ་པའི་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རྐྱེན་གྱིས་ཡུལ་ཡིད་འོང་སོགས་ཅི་རིགས་རང་སྟོབས་ཀྱིས་བཅད་པ་ནས་ཚེ་ཇི་སྲིད་བར་དུ་ཡོད་དོ། །དྲུག་པ་རེག་པའི་རྗེས་སུ་བདུན་པ་ཚོར་བ་གྲུབ་དགོས་ལ། བདུན་པ་ཚོར་བ་ནི། རྟེན་འབྲེལ་ལུང་རིགས་བང་མཛོད་ལས།[37]རང་དང་ཚར་གཅིག་པའི་དྲུག་པ་རེག་པའི་རྐྱེན་གྱིས་དེས་ཡོངས་སུ་བཅད་པའི་ཡུལ་གསུམ་ཅི་རིགས་རང་སྟོབས་ཀྱིས་མྱོང་བའི་མྱོང་བར་གྱུར་བའི་ཕུང་བོ་དེ། བདུན་པ་ཚོར་བའི་རྟེན་འབྲེལ་གྱི་མཚན་ཉིད། ཅེས་གསུངས་པ་ལྟར་ཡིན་ལ། དེ་ལ་དབྱེ་ན། རང་ཡིན་གྱི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་དྲུག་ཡོད་ལ། དེ་དྲུག་པོ་རེ་རེ་ལ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཡོད། གང་སྐྱེས་ན་མི་འབྲལ་བར་འདོད་པའི་སྐྱེ་བའི་རིགས་གནས་ཀྱི་སེམས་བྱུང་མྱོང་བ་དེ། ཚོར་བ་བདེ་བའི་མཚན་ཉིད་དང་། གང་སྐྱེས་ན་དེ་དང་འབྲལ་འདོད་འབྱུང་བའི་རིགས་གནས་ཀྱི་སེམས་བྱུང་མྱོང་བ་དེ། ཚོར་བ་སྡུག་བསྔལ་གྱི་མཚན་ཉིད། གང་སྐྱེས་ན་འབྲལ་འདོད་མི་སྐྱེས་མི་འབྲལ་བར་འདོད་པ་མི་སྐྱེ་བའི་རིགས་གནས་ཀྱི་སེམས་བྱུང་མྱོང་བ་དེ། ཚོར་བ་བཏང་སྙོམས་ཀྱི་མཚན་ཉིད། ཁམས་གོང་མའི་སས་བསྡུས་ཀྱི་དྲི་རོ་གཉིས་མེད་པའི་རྒྱུ་མཚན་གྱིས་སྣ་དང་ལྕེའི་འདུས་ཏེ་རེག་པ་མེད་པ་དང་། རེག་པ་དེ་ལས་བྱུང་བའི་ཚོར་བ་མེད་པས་ཁམས་གོང་མའི་སས་བསྡུས་ཀྱི་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། 

ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་གཉིས་མེད་པ་ཡིན་ལ། བསམ་གཏན་གཉིས་པ་ཡན་གྱི་སས་བསྡུས་ཀྱི་མིག་དང་རྣ་ལུས་གསུམ་གྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་མེད་པས་རྣམ་སྨིན་གྱི་ཚོར་བ་ལ་ཡིད་ཚོར་ཁོ་ན་འཇོག་ཅིང་། བསམ་གཏན་གསུམ་པ་ཡན་གྱི་ཚོར་བ་ལ་བཏང་སྙོམས་ཀྱིས་ཁྱབ་པོ། །གྲུབ་འབྲས་ཀྱི་དང་པོ་བཅུ་གཅིག་པ་སྐྱེ་བའི་རྟེན་འབྲེལ་ནི། རྟེན་འབྲེལ་ལུང་རིགས་བང་མཛོད་ལས།[38]རང་དང་ཚར་གཅིག་པའི་སྲིད་པའི་རྟེན་འབྲེལ་གྱི་གྲུབ་འབྲས་གང་ཞིག འགྲོ་བ་རིགས་དྲུག་ཅི་རིགས་ཀྱི་སྐྱེ་བའི་རིས་མཐུན་གྲུབ་ཟིན་མ་དོར་བའི་ཉེར་ལེན་གྱི་ཕུང་བོ་དེ། བཅུ་གཅིག་པ་སྐྱེ་བའི་རྟེན་འབྲེལ་གྱི་མཚན་ཉིད། ཅེས་གསུངས་པ་ལྟར་བཅུ་གཅིག་པ་སྐྱེ་བའི་རྟེན་འབྲེལ་དེ་ལྟར་འཇོག་དགོས་ལ། དབྱེ་ན་གང་སྐྱེ་བ་དང་། ཤིན་ཏུ་སྐྱེ་བ། འཕོས་པ་དང་། མངོན་པར་འབྱུང་བ། རབ་ཏུ་བྱུང་བ་ཞེས་སོགས་ལྔ་མདོ་ལས་གསུངས་ལ། གང་སྐྱེས་ཞེས་པ་ལ་སྐྱེ་སྲིད་ཀྱི་སྐད་ཅིག་དང་པོའི་ཉེར་ལེན་གྱི་ཕུང་བོ་འཇོག་པ་དང་། ཤིན་ཏུ་སྐྱེ་བ་ཞེས་པ་ལ་མངལ་གྱི་གནས་སྐབས་ཀྱི་ཕྱི་མ་བཞིའི་ཉེར་ལེན་གྱི་མིང་གཟུགས་དང་། འཕོས་པ་ཞེས་པ་ལ་སྐྱེ་མཆེད་དྲུག་དོད་པ་ནས་ཕྱིར་བཙའ་ཁའི་བར་གྱི་ཉེར་ལེན་གྱི་ཕུང་བོ་དང་། མངོན་པར་འབྱུང་བ་ཞེས་པ་ལ་མངལ་ནས་ཕྱིར་བཙས་མ་ཐག་པའི་ཉེར་ལེན་གྱི་ཕུང་བོ་དང་། རབ་ཏུ་བྱུང་བ་ཞེས་པ་ལ་བཙས་ནས་འདུག་པ་ནས་འཆི་ཁའི་བར་གྱི་ཉེར་ལེན་གྱི་ཕུང་བོ་འཇོག ས་མཚམས་ནི་བཞི་པ་མིང་གཟུགས་གྲུབ་པ་ནས་མ་ཤི་ཚུན་ཆད་ཀྱི་གནས་སྐབས་ཐམས་ཅད་འཇོག་གོ །བཅུ་གཅིག་པ་སྐྱེ་བའི་རྗེས་སུ་བཅུ་གཉིས་པ་རྒ་ཤི་གྲུབ་དགོས་པ་ཡིན་ལ། བཅུ་གཉིས་པ་རྒ་ཤི་ནི། རྟེན་འབྲེལ་ལུང་རིགས་བང་མཛོད་ལས།[39]སྐྱེ་སྲིད་འགྲུབ་པའི་ཕུང་བོ་རིས་མཐུན་མ་དོར་བར་ན་ཚོད་གཞན་དུ་གྱུར་བའི་ཆ་ནས་བཞག་པའི་ཉེར་ལེན་གྱི་ཕུང་བོ་དེ་བཅུ་གཉིས་པ་རྒ་བའི་རྟེན་འབྲེལ་གྱི་མཚན་ཉིད། ཅེས་དང་། སྐྱེ་སྲིད་དུ་ཉིང་མཚམས་སྦྱར་བའི་ཕུང་བོ་རིས་མཐུན་འདོར་བཞིན་པའི་ཆ་དེ། བཅུ་གཉིས་པ་ཤི་བའི་རྟེན་འབྲེལ་གྱི་མཚན་ཉིད། ཅེས་གསུངས་པ་ལྟར་དེ་ལྟར་འཇོག་དགོས་པ་ཡིན། རྒ་བའི་རྟེན་འབྲེལ་ལ་རྩ་བའི་དབྱེ་བ་བདུན་དང་ཡན་ལག་གི་བཅོ་བརྒྱད་ཡོད། རྩ་བའི་དབྱེ་བ་བདུན་ནི། གཟུགས་ཡོངས་སུ་འགྱུར་བའི་རྒ་བ་དང་། སྟོབས་ཡོངས་སུ་འགྱུར་བའི་རྒ་བ་དང་། ཤེས་རབ་རྣམ་པར་འགྱུར་བའི་རྒ་བ་དང་། དྲན་པ་རྣམ་པར་འགྱུར་བའི་རྒ་བ་དང་། འཁྲིག་པ་དང་ཟག་བཅས་ཀྱི་ལོངས་སྤྱོད་རྣམ་པར་འགྱུར་བའི་རྒ་བ་དང་། དབང་བོ་རྣམ་པར་འགྱུར་བའི་རྒ་བ་དང་། ཚེའི་འདུ་བྱེད་རྣམ་པར་འགྱུར་བའི་རྒ་བ་སོགས་ཡིན། ཡན་ལག་གི་དབྱེ་བ་བཅོ་བརྒྱད་ནི། སྤྱི་ཐེར་དང་། སྐྲ་དཀར་དང་། གཉེར་མ་ཚོགས་པ་དང་། རྙིང་བ་དང་། ཞུམ་པ་དང་། བ་ལང་གིས་ཆུ་འཐུང་བ་ལྟར་གུག་པ་དང་། ལུས་ནག་པོས་ཐིག་ལེས་གང་བ་དང་། ལུད་པ་ལུ་ཞིང་དབུགས་རྒོད་པ་དང་། མདུན་དུ་ལུས་འབུབ་པ་ལྟར་བྱེད་པ། མཁར་བ་ལ་བརྟེན་པ་། བླུན་པོའི་རྨོངས་རྟུལ་བ་ཉིད་དང་། ཞེན་པ་ཉིད་དང་། ཉམས་པ་དང་། ཡོངས་སུ་ཉམས་པ་དང་། དབང་བོ་རྒུད་པ་དང་། ཉམས་པ་དང་། འདུ་བྱེད་རྣམས་རྙིང་བ་དང་། ཤིན་ཏུ་རྙིང་བར་འགྱུར་བ་སོགས་ཡིན། ཤི་བའི་རྟེན་འབྲེལ་ལ་དབྱེ་ན་བཅུ་ཡོད་དེ། སེམས་ཅན་གང་ཡིན་པ་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དག་ཏུ་འཕོས་པ་དང་། འཕོ་བ་དང་། ཞིག་པ་ཉིད་དང་། ནད་ཉམས་པ་དང་། ཚེ་ཉམས་པ་། དྲོད་ཡལ་བ། སྲོག་གི་དབང་བོ་འགགས་པ། ཕུང་བོ་རྣམས་འདོར་བ། ཤི་བ། དུས་བྱེད་པ་བཅས་ཡིན། རྒ་ཤིའི་རྟེན་འབྲེལ་གཉིས་གཅིག་ཏུ་བགྲང་བ་ནི་རིམ་གྱིས་འབྱུང་བར་མ་ངེས་པས་ཡིན་ལ། རིམ་གྱིས་འབྱུང་བར་མ་ངེས་པ་ཡང་རྒ་བ་མ་གྲུབ་པར་ཤི་བ་གྲུབ་པ་ཡོད་པས་ཡིན་ནོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་བྱུང་རིམ་གོང་དུ་བཤད་པ་ལྟར་ཡིན་ལ། དང་པོ་མ་རིག་པ། གཉིས་པ་འདུ་བྱེད། གསུམ་པ་རྣམ་ཤེས། བཞི་པ་མིང་གཟུགས་ཞེས་སོགས་བགྲང་བ་མདོ་ལས་བསྟན་རིམ་གྱི་དབང་དུ་བྱས་པ་ཡིན། དེ་ཡང་དེ་དག་ལས་དང་པོ་མ་རིག་པ། གཉིས་པ་འདུ་བྱེད། གསུམ་པ་རྣམ་ཤེས་ཏེ་རྒྱུ་དུས་ཀྱི་རྣམ་ཤེས་གསུམ་ནི་འཕེན་བྱེད་ཀྱི་རྒྱུ་ཡིན་ལ། བཞི་པ་མིང་གཟུགས། ལྔ་པ་སྐྱེ་མཆེད། དྲུག་པ་རེག་པ། བདུན་པ་ཚོར་བ་དང་། འབྲས་དུས་ཀྱི་རྣམ་ཤེས་ལྔ་ནི་འཕངས་པའི་འབྲས་བུ་ཡིན། བརྒྱད་པ་སྲེད་པ། དགུ་པ་ལེན་པ། བཅུ་པ་སྲིད་པ་གསུམ་ནི་འགྲུབ་བྱེད་ཀྱི་རྒྱུ་དང་། བཅུ་གཅིག་པ་སྐྱེ་བ། བཅུ་གཉིས་པ་རྒ་ཤི་གཉིས་ནི་གྲུབ་པའི་འབྲས་བུ་ཡིན་ནོ། །འཕངས་འབྲས་དང་གྲུབ་འབྲས་གཉིས་སུ་ཕྱེ་བ་འཕེན་བྱེད་ཀྱི་འབྲས་བུ་སྡུག་བདེན་དང་། འགྲུབ་བྱེད་ཀྱི་འབྲས་བུ་སྡུག་བདེན་གྱི་མཚན་ཉིད་སོ་སོར་བསྟན་པའི་ཆེད་ཡིན་ལ། འགལ་བ་མ་ཡིན་ཏེ། དེ་གཉིས་དོན་གཅིག་ཡིན་ཞིང་། འཕེན་བྱེད་ཀྱི་རྒྱུ་དང་འགྲུབ་བྱེད་ཀྱི་རྒྱུ་སོ་སོར་ཕྱེ་བའང་འཕེན་བྱེད་རྒྱུ་སྡུག་བདེན་དང་། འགྲུབ་བྱེད་ཀྱི་སྡུག་བདེན་གཉིས་ཀྱི་མཚན་ཉིད་སོ་སོར་བསྟན་པའི་ཆེད་ཡིན་ལ། དེ་གཉིས་ཀྱང་དོན་གཅིག་ཡིན་ནོ། །

གསུམ་པ་ནི། འགོག་པ་མངོན་དུ་བྱ་ཞེས་གསུངས་པ་ལྟར་སྡུག་བདེན་ཅི་ལྟ་བུ་ཞིག་ཡིན་པ་ཤེས་ནས་དེ་ཉིད་སྤངས་པ་ལ་དེའི་རྒྱུ་ཀུན་འབྱུང་སྤོང་དགོས་ལ། རྒྱུ་ཀུན་འབྱུང་སྤངས་པ་ནས་དེ་སྤངས་པའི་སྤངས་པ་འགོག་བདེན་ཐོབ་པ་ཡིན། སྤྱིར་འགོག་པ་ལ་སོ་སོར་བརྟག་འགོག་དང་སོ་སོར་བརྟག་མིན་གྱི་འགོག་པ་གཉིས་ཡོད་ལ། འགོག་བདེན་ནི་བར་ཆད་མེད་ལམ་གྱིས་སྤང་བྱ་སྤངས་པའི་སོ་སོར་བརྟག་མིན་གྱི་འགོག་པ་ཐོབ་པ་དང་། རྣམ་གྲོལ་ལམ་གྱི་སྐབས་སྤོང་བྱ་སྤངས་པའི་སྤངས་ཆ་སྟེ་སོ་སོར་བརྟག་འགོག་ཐོབ་པའི་འགོག་པ་དེ་ཡིན་ཏེ། ཕར་ཕྱིན་མཐའ་དཔྱོད་ལས།[40]རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་བའི་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྒྲིབ་པ་སྤངས་པའི་སོ་སོར་བརྟག་འགོག་དེ་འགོག་བདེན་གྱི་མཚན་ཉིད། ཅེས་གསུངས། དེའི་རྒྱུ་མཚན་གྱིས་འགོག་བདེན་ནི་འཕགས་པ་ཁོ་ན་ལ་ཡོད་པས་སོ་སྐྱེས་ལ་འཇིག་རྟེན་པའི་ལམ་གྱིས་སྤོང་བྱ་སྤངས་པ་ཙམ་ཡོད་ཀྱང་། དེ་ནི་འགོག་བདེན་བཏགས་པ་ཙམ་ལས་དངོས་མིན་ཏེ། ས་བོན་དྲུངས་ནས་མ་ཕྱུང་བས་སོ། །

བཞི་པ་ནི། ལམ་སྒོམ་པར་བྱ་ཞེས་གསུངས་པ་ལྟར་སྡུག་བདེན་ཇི་ལྟ་བུ་ཞིག་ཏུ་ཤེས་ནས་དེ་ཉིད་སྤངས་པ་ལ་དེའི་རྒྱུ་ཀུན་འབྱུང་སྤོང་དགོས་ལ། རྒྱུ་ཀུན་འབྱུང་སྤངས་པ་ནས་དེ་སྤངས་པའི་སྤངས་པ་འགོག་བདེན་ཐོབ་པ་ཡིན་ལ། འགོག་བདེན་དེ་ཐོབ་པ་ལ་དེ་ཐོབ་པའི་ཐབས་ཏེ་ལམ་བདེན་སྒོམ་དགོས་པ་ཡིན། དེ་ཡང་ལམ་ལ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་སྟེ་ལྔ་ཡོད་ལ། དེའི་ནང་ཚན་གྱི་མཐོང་ལམ་དང་། སྒོམ་ལམ། མི་སློབ་ལམ་གསུམ་ནི་ལམ་བདེན་ཡིན་ཏེ། ཕར་ཕྱིན་མཐའ་དཔྱོད་ལས།[41]འགོག་བདེན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་བའི་ལམ་གྱི་ཆ་ནས་བཞག་པའི་འཕགས་ལམ་དེ། ལམ་བདེན་གྱི་མཚན་ཉིད། དབྱེ་ན་ཐེག་པ་གསུམ་གྱི་མཐོང་སྒོམ་མི་སློབ་ལམ་གསུམ་ཡོད། ཅེས་གསུངས། ཚོགས་ལམ་དང་། སྦྱོར་ལམ་གཉིས་ནི་ལམ་བདེན་གྱི་འཁོར་ཡིན་ཏེ། སྤོང་བྱའི་ས་བོན་སྤོང་དགོས་ན་འཕགས་ལམ་དགོས་ཀྱང་། མངོན་གྱུར་བ་སྤོང་བ་ལ་ཚོགས་སྦྱོར་གཉིས་ལམ་བདེན་གྱི་འཁོར་བྱེད་དགོས་པ་ཡིན། ད་དུང་ཚོགས་སྦྱོར་གཉིས་ནི་དགེ་བ་ཟག་བཅས་ཡིན་པས་རྣམ་སྨིན་གྱི་རྒྱུ་བྱེད་པ་ལས་ཀྱི་ཀུན་འབྱུང་དང་འདྲ་བས་ཀུན་འབྱུང་དངོས་མིན་ཡང་། ཀུན་འབྱུང་རྗེས་མཐུན་པ་དང་ཀུན་ཉོན་ཕྱོགས་ཀྱིས་བསྡུས་པ་ཡིན་པར་འདོད། དེའི་རྒྱུ་མཚན་གྱིས་ཚོགས་སྦྱོར་གཉིས་ནི་ཀུན་ཉོན་གྱི་ཕྱོགས་དང་རྣམ་བྱང་གི་ཕྱོགས་གཉིས་ཀ་ཡིན་པས་གསེར་ཕྲེང་ལས། སྡུག་བསྔལ་དང་ལམ་གཉིས་འགལ་བར་མ་ངེས་ཏེ། ཀུན་ཉོན་ཕྱོགས་དང་རྣམ་བྱང་ཕྱོགས་བཞིན་ནོ། །ཞེས་པའི་ཀུན་ཉོན་ཕྱོགས་དང་རྣམ་བྱང་ཕྱོགས་ཀྱི་གཞི་མཐུན་ལ་ཚོགས་སྦྱོར་གཉིས་ཀ་འཇོག་དགོས་པ་ཡིན། སྡུག་བསྔལ་དང་ལམ་གཉིས་འགལ་བར་མ་ངེས་ཞེས་པའི་སྡུག་བསྔལ་དང་ལམ་གཉིས་ཀའི་གཞི་མཐུན་ལ་མཐོང་ལམ་རྗེས་ཐོབ་པའི་རྒྱུད་ཀྱི་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པའི་འགྱོད་པ་ལྟ་བུ་འཇོག་གོ། །བདེན་བཞིའི་ཁྱད་ཆོས་མི་རྟག་བཅུ་དྲུག་ལ་སོགས་པའི་བདེན་བཞིའི་དཔྱད་པ་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དབང་གིས་འཁོར་བར་འཁོར་ཚུལ་སོགས་འདི་ལས་རྒྱས་པ་ཞིག་གཞན་དུ་བྲིས་ཡོད་མོད། འདིར་མང་བར་དོགས་པས་མ་བྲིས་སོ། །

རྩ་བའི་ས་བཅད་གཉིས་པ་འཆད་པ་ལ། དེ་ཡང་ཁོ་བོས་བདེན་བཞིའི་འཇུག་ལྡོག་གི་དབང་གིས་འཁོར་བར་འཁོར་ཚུལ་ལས་ནང་བསྟན་རིག་གཞུང་མ་འོངས་པར་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་གྱི་བསམ་གཞིག་ཅིག་བྱུང་ལ། དེ་ནི་ང་ཚོའི་ནང་བསྟན་རིག་གཞུང་ནི་རིག་གཞུང་ཞིག་ཡིན་པའི་ངོས་ནས་རིག་གཞུང་ཞིག་མི་རྣམས་ཀྱིས་ཉམས་ལེན་ནམ་དང་ལེན་གྱི་ཁྲོད་དུ་གནས་པ་ལ་རིག་གཞུང་དེས་མི་རྣམས་ཀྱི་དགོས་མཁོ་སྐོང་ཐུབ་དགོས་ལ། ལྷག་དོན་དུ་རིག་གཞུང་དེ་ལ་འཇུག་མཁན་དང་། རིག་གཞུང་དེ་ལ་སློབ་སྦྱོང་བྱེད་མཁན་ཞིག་གི་ངོས་ནས་རིག་གཞུང་དེས་མི་དེ་ཉིད་ཀྱིས་གང་འདོད་པའི་དགོས་མཁོ་དེ་སྐོང་ཐུབ་དགོས་པ་ཡིན། དེ་ལྟ་མ་ཡིན་པར་རིག་གཞུང་དེས་དེ་ལ་འཇུག་མཁན་དང་སློབ་མཁན་ཚོས་གང་འདོད་པའི་དགོས་མཁོ་སྐོང་མ་ཐུབ་ཚེ། རིག་གཞུང་དེ་ནི་མི་རྣམས་ཀྱིས་དང་ལེན་གྱི་ཁྲོད་ནས་མེད་པར་བྱས་འགྲོ་ལ། དེ་ལྟར་སོང་བ་ཡིན་ན་རིག་གཞུང་དེ་ནི་མིའི་སྤྱི་ཚོགས་ཀྱི་ཁྲོད་ནས་འཇིག་འགྲོ་བ་ཆོས་ཉིད་དུ་ཆགས་ཡོད། དེ་ལྟ་ན་ང་ཚོས་ནང་བསྟན་རིག་གཞུང་ནི་སེམས་ཅན་ལ་བདེ་བ་སྐྲུན་བྱེད་དང་སྡུག་བསྔལ་འདོར་བྱེད་འབའ་ཞིག་གི་ཆེད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་པས་ན་དེ་གནས་པའང་སེམས་ཅན་ལ་ཕན་བདེ་སྐྲུན་བྱེད་དང་སྡུག་བསྔལ་འདོར་བྱེད་འབའ་ཞིག་གི་ཆེད་དུ་གནས་པ་ཡིན་ན་དེ་ནི་མིའི་སྤྱི་ཚོགས་སུ་ཡུན་རིང་དུ་གནས་ཐུབ་པ་ཡིན། རྒྱུ་མཚན་ནི་སེམས་ཅན་གང་ཞིག་ཡིན་ན་དེ་ནི་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་གཅིག་མཚུངས་ཡིན་ལ། ལྷག་པར་དུ་དེང་གི་ཆར་ཕྱིའི་དངོས་པོ་ཡར་རྒྱས་སུ་སོང་བ་ལ་བརྟེན་ནས་ཕྱིའི་དངོས་པོས་མི་རྣམས་ལ་ཟག་བཅས་ཀྱི་བདེ་བ་ཞིག་བསྐྲུན་ཡོད་ཀྱང་། དེ་དང་བསྟུན་ནས་མི་རྣམས་ལ་ཕྱིའི་དངོས་པོའི་སྟེང་ནས་འགྲན་རྩོད་དང་བརྣབ་སེམས། ཕྲག་དོག་དང་གནོད་སེམས་སོགས་བསྐྱེད་དང་སྐྱེད་བཞིན་ཡོད་ལ། དེ་དག་གི་རྐྱེན་གྱིས་མི་རྣམས་ཀྱི་སེམས་སུ་སྡུག་བསྔལ་ཡང་རྣམ་པ་སྣ་ཚོགས་ཤིག་མྱངས་དང་མྱོང་གིན་ཡོད། སྡུག་བསྔལ་དེ་དག་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་ཞིག་ཡེ་ནས་མ་ཡིན་པར་དེ་དག་ལ་ངེས་པར་རྒྱུ་རྐྱེན་ཞིག་ཡོད་ལ། རྒྱུ་རྐྱེན་དེ་དག་འཚོལ་བའི་སྟེང་ནས་མིའི་སེམས་ལ་བཟོ་བཅོས་རྒྱབ་སྟེ་སེམས་ཁམས་ཇེ་གཙང་དང་། སེམས་ཁམས་ཇེ་དྭངས་སུ་བཏང་ནས་སེམས་ཁམས་སྐྱིད་པོ་ཡོང་བར་བྱ་བ་དང་། སེམས་ཁམས་སྐྱིད་པོ་ཡོང་བའི་ཐབས་སྣ་ཚོགས་བསྟན་ཏེ་བདེན་བཞིའི་གནས་ལུགས་ཀྱི་སྟེང་ནས་ནང་བ་སངས་རྒྱས་པའི་རིག་གཞུང་ནི་མིའི་སེམས་ལ་བཟོ་བཅོས་གཏོང་བྱེད་ཅིག་དང་། མིའི་སེམས་ཁམས་ཇེ་གཙང་དང་ཇེ་དྭངས་སུ་བཏང་སྟེ་མིའི་སེམས་སྐྱིད་པོ་གཏོང་བྱེད་ཀྱི་རིག་གཞུང་ཞིག་ཡིན་པ་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན། དེས་ནང་བའི་རིག་གཞུང་ནི་མིའི་སྤྱི་ཚོགས་སུ་ཡུན་རིང་དུ་གནས་པའི་གོ་གནས་གལ་ཆེན་འཛིན་ངེས་ཏེ། དེང་གི་ཆར་ཕྱིའི་དངོས་པོ་ཡར་རྒྱས་ཆེན་པོ་སོང་ཡོད་ཀྱང་། དེས་འགྲན་སེམས་དང་ཕྲག་དོགབརྣབ་སེམས་དང་གནོད་སེམས་ལ་སོགས་པ་བསྐྱེད་དེ་མིའི་སེམས་ལ་སྡུག་བསྔལ་མང་བོ་ཞིག་བསྐྱེད་ཡོད་པ་དེས་ཕྱིའི་དངོས་པོ་ཁོ་ནས་སྐྱིད་པོ་ཡོང་མི་ཐུབ་པ་དང་། ལྷག་དོན་མིའི་སེམས་ཁམས་སྐྱིད་པོ་ཡོང་བ་དེ་བདེ་སྐྱིད་ཀྱི་རྩ་བ་ལ་ཐུག་པར་ཤེས་པ་རེད། དེ་བས་མི་རྣམས་ཀྱི་སེམས་ཁམས་སྐྱིད་པོ་གཏོང་བ་ལ་དེ་གཏོང་བྱེད་ཀྱི་རིག་གནས་ཆ་ཚང་བ་ཞིག་ངེས་པར་མཁོ་ཞིང་། ནང་བསྟན་རིག་གཞུང་ནི་མིའི་སེམས་སྐྱིད་པོ་ཡོང་བའི་རིག་གནས་ཆ་ཚང་ཤིག་ཡིན་པ་བདེན་པའི་གནས་ལུགས་ཀྱི་སྟེང་ནས་ངོ་སྤྲོད་ཐུབ་པ་ཡིན་ན། དེ་ནི་མིའི་སྤྱི་ཚོགས་སུ་ནང་བསྟན་རིག་གཞུང་ཡུན་རིང་དུ་གནས་པའི་རྒྱུ་རྐྱེན་དུ་འགྱུར་བ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནང་བའི་ཆོས་གསུངས་པའང་སེམས་ཅན་གྱིས་སྡུག་བསྔལ་འདོར་བྱེད་དང་། བདེ་བ་ཐོབ་བྱེད་འབའ་ཞིག་གི་ཆེད་དུ་གསུངས་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་ཤིན་ཏུ་མཐུན་པ་ཡིན། སྔོན་རིག་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པས་སྟོན་པ་ཚད་མའི་སྐྱེས་བུ་ཡིན་པ་བདེན་བཞིའི་གནས་ལུགས་རང་དབང་དུ་གསུངས་པའི་སྟེང་ནས་བསྒྲུབས་པ་ཡིན་ལ། དེང་གི་ཆར་ཡང་བདེན་བཞིའི་གནས་ལུགས་ལ་སྐྱོན་མ་མཐོང་བ་དེ་སྲིད་དུ་ནང་བ་སངས་རྒྱས་པའི་ཆོས་ལ་སྐྱོན་ཡོད་པ་འགྲུབ་མི་ཐུབ། ཅེས་བདེན་བཞིའི་གནས་ལུགས་ཀྱི་སྟེང་ནས་བསྟན་པ་སྐྱོན་མེད་ཡིན་པར་བསྒྲུབས་པ་ཡིན་པས། ནང་བསྟན་རིག་གཞུང་ནི་མིའི་སེམས་སྐྱིད་པོ་གཏོང་བྱེད་ཀྱི་རིག་གཞུང་ཞིག་ཡིན་པའང་བདེན་བཞིའི་གནས་ལུགས་སྟེང་ནས་ངོ་སྤྲོད་ཐུབ་ན་ཤིན་ཏུ་ལེགས་པ་ཡིན། ལྷག་པར་དུ་ནང་བསྟན་རིག་གཞུང་ནི་ངོ་བོའི་གནས་ལུགས་ལ་དཔྱོད་པའི་རིག་གནས་ཤིག་གམ་ངོ་བོའི་གནས་ལུགས་གཏན་ལ་འབེབས་པའི་རིག་གནས་ཤིག་དང་། ཡང་ན་མིའི་སེམས་ཁམས་ལ་བཟོ་བཅོས་བྱེད་པའམ་སེམས་ཀྱི་རང་བཞིན་གཏན་ལ་འབེབས་པའི་རིག་གནས་ཤིག་དང་། མིའི་སེམས་ལ་བདེ་སྐྱིད་སྐྲུན་པའི་རིག་གཞུང་ཞིག་ཡིན་པ་ངོ་སྤྲོད་ཐུབ་པ་ཡིན་ན། མི་རྣམས་ཀྱིས་ཀྱང་ནང་བསྟན་རིག་གཞུང་ལ་དགའ་ཞིང་མགུ་བའི་སྟེང་ནས་དང་ལེན་བྱ་ངེས་པ་ཡིན་ལ། དེ་མ་གཏོགས་སྔོན་གྱི་ལམ་དང་ལུགས་སྲོལ་ཞིག་གི་སྟེང་ནས་འགྲོ་བ་ཡིན་ན། ནང་བསྟན་རིག་གཞུང་ནི་དུས་ཡུན་གང་མཚམས་ཤིག་གི་རྗེས་ནས་གནས་རྒྱུ་ནི་ཧ་ཅང་དཀའ་བའི་གནས་སུ་གྱུར་ཡོད་དེ། རྒྱུ་མཚན་ནི། དེང་གི་ཆར་མི་རིགས་གཞན་གྱི་ཡུལ་སྲོལ་གོམས་གཤིས་ཀྱིས་མི་རིགས་གཞན་ལ་ཤུགས་རྐྱེན་ཐེབས་པ་སྔོན་ལས་ཇེ་མགྱོགས་སུ་སོང་ཡོད་ལ། ལྷག་པར་དུ་རང་རེ་མི་རིགས་ལྟ་བུ་ལའང་མི་རིགས་གཞན་གྱི་ལུགས་སྲོལ་ལམ་ཡུལ་སྲོལ་གོམས་གཤིས་ཀྱི་སྟེང་ནས་ཤུགས་རྐྱེན་ལོ་དང་ཟླ་བ་ཡང་ན་ཉི་མ་རེ་རེ་བཞིན་དུ་ཐེབས་པར་བརྟེན་ནས་རང་རེའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཉམས་ཀྱིན་པ་དང་། མི་རིགས་གཞན་གྱི་ཡུལ་སྲོལ་གོམས་གཤིས་ཀྱིས་རང་རེའི་མི་རིགས་ལ་ཟིན་ཚད་ཀྱང་སྤང་ལ་མེ་མཆེད་པ་ལྟར་ཉིན་རེ་བཞིན་དུ་ཇེ་ཟིན་དུ་འགྲོ་བཞིན་ཡོད་པས། རང་རེའི་མི་རིགས་འདིའི་སྲོག་ཤིང་ལྟར་གནས་པའི་ནང་བསྟན་རིག་གཞུང་ཡང་རང་རེའི་མི་རིགས་འདིའི་ཡུལ་སྲོལ་དང་གོམས་གཤིས་ཤིག་དང་། ཡང་ན་སྔོན་གྱི་ལམ་དང་ལུགས་སྲོལ་ཞིག་ཏུ་ཆགས་པ་ཡིན་ན་དུས་ཡུན་རིང་བོ་མ་ལོན་པར་ཉམས་ཉེས་སུ་འགྲོ་བར་ཐག་ཆོད་ཡིན། སྤྱིར་དངོས་པོ་གང་ཞིག་སྐྱེས་པ་ནས་དར་བ། དར་བ་ནས་རྒུད་པ། རྒུད་པ་ནས་ཉམས་ཉེས་སུ་འགྲོ་བ་ཆོས་ཉིད་ཅིག་ཏུ་ཆགས་ཡོད་མོད། ནང་བསྟན་རིག་གཞུང་ནི་མིའི་སེམས་ལ་བདེ་སྐྱིད་སྐྲུན་བྱེད་དང་སྡུག་བསྔལ་འདོར་བྱེད་ཅིག་ཡིན་པའི་ཆ་ནས་དེ་ཉམས་ཉེས་སུ་སོང་བ་ཡིན་ན། དེ་ནི་མི་རྣམས་ཀྱི་ཆེས་ཆེ་བའི་གྱོང་གུད་ཡིན། ནང་བསྟན་རིག་གཞུང་འཛིན་སྐྱོང་བྱེད་མཁན་འཛམ་བུ་གླིང་གི་གང་སར་ཡོད་ཀྱང་། ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་རིག་གཞུང་འདི་བོད་ཀྱི་སྐད་ཡིག་སྟེང་དུ་མ་གཏོགས་གཞན་ལ་མེད་པས། རང་རེ་ལ་འདི་ལྟ་བུའི་རིག་གཞུང་རླབས་པོ་ཆེ་ཞིག་ཡོད་པ་ནི་རང་རེའི་མི་རིགས་འདིའི་གཟི་བརྗིད་ཡིན་པ་སྤོབས་པས་སྒྲེང་ཆོག་ཅིང་། རིག་གཞུང་འདི་འཛིན་སྐྱོང་སྤེལ་བའང་མི་རིགས་འདིའི་འགན་ཁུར་ལྡོག་མེད་ཅིག་ཀྱང་ཡིན་ནོ། །

དཔྱད་གཞིའི་ཡིག་ཆ།
[1][2] [10] [40] [41]ཀུན་མཁྱེན་འཇམ་དབྱངས་བཞད་པ།ཕར་ཕྱིན་མཐའ་དཔྱོདསྟོད་ཆ།དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་།ཤོག་ངོས།218. 208. 218. 218. 218

[3][4] [5] [7] [28] [30] རྗེ་རིན་པོ་ཆེ།བྱང་ཆུབ་ལམ་རིམ་ཆེན་མོ སྤྲེལ་རྫོང་དགོན་པའི་གསུང་རྟེན་ལེགས་སྐྱེས།ཤོག་ངོས།  210.210.210. 211. 235. 235

[6]གུང་ཐང་བསྟན་པའི་སྒྲོན་མེ། ཕར་ཕྱིན་མཆནདཔལ་ལྡན་འབྲས་སྤུངས་བཀྲིས་སྒོ་མང་དཔེ་མཛོད་

ཁང་། ཤོག་ངོས147

[8] རྗེ་རིན་པོ་ཆེ། ལེགས་བཤད་གསེར་ཕྲེངའབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་། ཤོག་ངོས། 197

[9] དགེ་བཤེས་དཔལ་ལྡན་བཟང་བོ། གསེར་ཕྲེང་ མཆནདཔལ་ལྡན་འབྲས་སྤུངས་སྒོ་མང་དཔེ་མཛོད་

ཁང་། ཤོག་ངོས། 212

[11]མགོན་པོ་ཀླུ་སྒྲུབ།དབུ་མ་རིན་ཆེན་ཕྲེང་བ སི་ཁྲོན་བོད་ཡིག་དཔར་ཁང་། ཤོག་ངོས། 5
[12] གང་སྤེལ།རྟེན་འབྲེལ་ལུང་རིགས་བང་མཛོདལས་དྲངས་པ་དེ་ཚུར་དྲངས་པ་ཡིན། སྐུ་འབུམ་ཤིང་དཔར། ཤོག་ངོས། 12

[13] རྟེན་འབྲེལ་ལུང་རིགས་གཏེར་མཛོད ཀུན་མཁྱེན་གསུང་འབུམ་པོད་བཅུ་གཉིས་པ། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། ཤོག་ངོས། 284
[14] [15] [16] [29] [31] [32] [33] [34] [35] [36][37] [38][39]རྟེན་འབྲེལ་མདོ་འགྲེལ། རྟེན་འབྲེལ་ལུང་རིགས་བང་མཛོད་ལས་དྲངས་པ་དེ་ཚུར་དྲངས་པ་ཡིན། སྐུ་འབུམ་ཤིང་དཔར། ཤོག་ངོས། 11. 13. 11. 24. 27.28. 28. 25. 26. 26. 26. 29. 29
[17] [20] [21] [22] [23] [24] [27]ཐུགས་སྲས་ངག་དབང་བཀྲ་ཤིས། རྟེན་འབྲེལ་ཆེན་མོཉི་གཞོན་དཔེ་ཚོགས། ཤོག་ངོས། 339.339. 335. 279 376. 277. 322
[18] [19]  མགོན་པོ་ཀླུ་སྒྲུབ།དབུ་མ་རིན་ཆེན་ཕྲེང་བསི་ཁྲོན་བོད་ཡིག་དཔར་ཁང་། ཤོག་ངོས། 3.3
[25] [26] རྣལ་འབྱོར་སྤྱོད་པའི་ས། རྟེན་འབྲེལ་ལུང་རིགས་བང་མཛོད ལས་དྲངས་པ་དེ་ཚུར་དྲངས་པ་ཡིན། སྐུ་འབུམ་ཤིང་དཔར། ཤོག་ངོས།18. 19
རྩོམ་པ་པོ་ཤེས་རབ་རྒྱ་མཚོ་ནི་མཚོ་ལྷོ་མང་རྗོང་ཐར་ཤུལ་དགོན་པའི་སློབ་གཉེར་བ་ཡིན།
རྩོམ་ཁུངས།2023ལོའིནང་རིག་འོད་སྣངདེབ་གཉིས་པ་ལས་དྲངས།
རྩོམ་སྒྲིག་འགན་འཁུར་པ། བློ་བཟང་བརྩོན་འགྲུས།


     མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའིནང་རིག་འོད་སྣངརྩོམ་སྒྲིག་ཁང་གི་འབྲེལ་ལམ།

གློག་རྡུལ་ཡིག་སྒམ།  qhfxybjb@163.com
འབྲེལ་གཏུགས་ཨང་གྲངས།
ཡུལ་ལྷ་ཚེ་རིང་། 18797017950
ངག་དབང་རྒྱ་མཚོ།  18946857977
 

རྩོམ་སྒྲིག་པ། བློ་བཟང་བརྩོན་འགྲུས།

དོ་དམ་པ།   ཤ་བོ་རིན་ཆེན།

རྩོམ་སྒྲིག་འགན་འཁུར་པ། མགོན་པོ་ཚེ་རིང་། ལིག་བཱེ།




长按二维码

关注我们


互联网宗教信息服务许可证|编号:青(2022)1000002


青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章