༄༅།།《ནང་རིག་འོད་སྣང》གི་དཔྱད་རྩོམ་བདམས་བཀོད།2023年《佛学之光》第1期论文选编

学术   2024-06-05 08:22   青海  



ཕར་ཕྱིན་གཞུང་དོན་ཞིབ་འཇུག་བྱམས་མགོན་དགོངས་རྒྱན།

因明学研究

༄༅།།ཕར་ཕྱིན་སྐབས་གསུམ་པའི་དྲི་བ་དྲུག་པའི་ལན། 
ངག་དབང་བཤད་སྒྲུབ།

ནང་དོན་གནད་བསྡུས། གཞི་ཤེས་ཀྱི་མཚན་ཉིད་དང་དབྱེ་བ། ས་མཚམས། གཞི་ཤེས་ལ་བརྟེན་ནས་སྲིད་ཞིའི་མཐའ་ཁེགས་ཚུལ། འདིར་བསྟན་སྲིད་ཞིའི་མཐའ་དང་སྲིད་ཞིའི་མཐའི་ཁྱད་པར། སྲིད་ཞིའི་མཐའ་རྒྱུད་ལ་ལྡན་ཚུལ་དང་། སྲིད་ཞིའི་མཐར་ལྷུང་ཚད་ལ་ཁྱད་པར་ཡོད་མེད། བཅས་མདོར་བསྡུས་སུ་བརྗོད་པའོ། །

བརྡ་ཆད་གཙོ་བོ།  གཞི་ཤེས། ཉེ་བའི་གཞི་ཤེས། རིང་བའི་གཞི་ཤེས། སྲིད་མཐའ། ཞི་མཐའ།

བློ་ཆེན་ཐབས་ཤེས་ཉི་ཟླའི་གཟི་བྱིན་སྟོང་འབར་བས། །
བཟང་བོའི་འཕྲིན་ལས་སྲིད་ཞིའི་མཐའ་ལས་ཡོངས་གྲོལ་བ། །
གྲགས་སྙན་འཛམ་གླིང་རྩེ་ལས་མངོན་པར་འཕགས་པའི་སྐུ། །
མཁས་དགུའི་གཙུག་རྒྱན་ཙོང་ཁ་པ་དེར་སྙིང་ནས་འདུད། །

ཅེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་བཅུ་བའི་སྐབས་ཀྱི་སྐབས་གསུམ་པའི་དྲི་བ་དྲུག་པ། འགྲེལ་བ་དོན་གསལ་ལས། ཤེས་རབ་ཀྱིས་ཚུར་རོལ་གྱི་མཐའ་འཁོར་བ་དང་ཞེས་སོགས་ཀྱི་དོན་འཆད་པར་བྱེད་པ་ལ། འཕྲོས་པ་དང་དེའི་དོན་བཤད་པ་གཉིས། 

དང་པོ་ནི་མདོ་ལས། བཅོམ་ལྡན་འདས་བྱང་ཆེན་རྣམས་ཀྱི་ཤེར་ཕྱིན་ནི། ཕ་རོལ་གྱི་མཐའ་མ་ལགས། ཚུར་རོལ་གྱི་མཐའ་མ་ལགས། གཉིས་ཀའི་བར་ན་ཡང་མི་གནས་པ་ལགས་སོ། །ཞེས་དང་། བརྒྱད་སྟོང་བར་ཡང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚུ་རོལ་གྱི་འགྲམ་ན་ཡང་མི་གནས་ཕ་རོལ་གྱི་འགྲམ་ན་ཡང་མི་གནས། གཉི་གའི་བར་རྒྱང་རིང་པོ་ན་ཡང་མི་གནས་སོ། །ཞེས་དང་། དེའི་དོན་རྩ་བ་ལས་འཆད་པར། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཤོ་ལོ་ཀ་གཅིག་བྱུང་། 

འགྲེལ་བ་ལས་འཆད་པར། གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པས་ཐམས་ཅད་ཤེས་པ་ཉིད། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་བྱ་བ་གསུངས་ཏེ། དུས་གསུམ་པའི་ཆོས་རྣམས་སྐྱེ་བ་མེད་པའི་རྣམ་པ་མཉམ་པ་ཉིད་དུ་རྟོགས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཉེ་བར་གྱུར་པར་འདོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱིས་ཚུ་རོལ་གྱི་མཐའ་འཁོར་བ་དང་། སྙིང་རྗེས་ཕ་རོལ་གྱི་མཐའ་མྱ་ངན་ལས་འདས་པ་སྟེ། གོ་རིམ་བཞིན་དུ་རྟག་པ་དང་ཆད་པའི་མཚན་ཉིད་དང་དེ་དག་གི་བར་ན་ཡང་མི་གནས་པས་སྲིད་པ་དང་ཞི་བ་ལ་མི་གནས་པ་ཡིན་ནོ། །ཀུན་ཤེས་པ་ཉིད་ཀྱི་སྐབས་ལས་བཟློག་སྟེ་བསྟན་པས། ཉན་ཐོས་ལ་སོགས་པ་ལ་དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར། ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རིང་བར་གྱུར་པས་རང་གི་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར་དངོས་པོ་དང་། དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ཞེས་བྱུང་། 

གཉིས་པ་དེ་དག་གི་དོན་བཤད་པ་ལ། ཚིག་དོན་དང་མཐའ་དཔྱད་པ་གཉིས། 

དང་པོ་ལ། དངོས་དང་གོ་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། གཟུགས་སོགས་དུས་གསུམ་གྱིས་བསྡུས་པའི་ཆོས་རྣམས་བདེན་པའི་སྐྱེ་བ་མེད་པའི་རྣམ་པར་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པས་ཟིན་པའི་རྒྱུ་མཚན་གྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཉེ་བར་གྱུར་བར་འདོད་པའི་གཞི་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི། མི་རྟག་སོགས་མངོན་སུམ་ཏུ་རྟོགས་པའི་ཤེས་རབ་ཀྱིས་སོ་སྐྱེས་བགྲོད་ཅིང་མཐོང་བས་ཚུ་རོལ་གྱི་མཐའ་འཁོར་བ་ལས་ཉོན་གྱིས་རྒྱུན་རིང་པོར་མཚམས་སྦྱར་བ་དང་། སྙིང་རྗེས་སོ་སྐྱེས་བགྲོད་མི་ནུས་ཤིང་མ་མཐོང་བས་ཕ་རོལ་གྱི་མཐའ་དམན་པའི་མྱ་ངན་ལས་འདས་པ་སྟེ། དེ་གཉིས་གོ་རིམ་བཞིན་དུ་བདག་རྟག་སོགས་སུ་ལྟ་བས་སམ་བདག་རྒྱུན་མི་འཆད་པའི་རྟག་པའི་མཐའ་དང་། དེ་དག་ཏུ་མི་ལྟ་བས་སམ་སྲིད་པར་སྐྱེ་བ་འཆད་པས་ཆད་པའི་མཐའི་མཚན་ཉིད་དང་བྲལ་བ་དང་། རྩ་བ་ལྟར་མཐའ་དེ་དག་གི་བར་ན་ཡང་དོན་དམ་པར་མི་གནས་པས། ཀུན་རྫོབ་དང་དོན་དམ་པའི་སྲིད་པ་དང་ཞི་བའི་མཐའ་གང་ལའང་མི་གནས་པ་ཡིན་ནོ། །ཉན་རང་གི་གཞི་ཤེས་སྐབས་འདིར་མ་བསྟན་པའི་སྐྱོན་མེད་དེ། །བྱང་སེམས་ཀྱི་རྒྱུད་ཀྱི་ཀུན་ཤེས་པ་དངོས་སུ་བསྟན་པ་ཉིད་ཀྱི་སྐབས་ལས་བཟློག་སྟེ་ཤུགས་ལ་བསྟན་པས་སོ། །ཉན་ཐོས་ལ་སོགས་པས་རང་རྒྱལ་ལ་དུས་གསུམ་བདེན་སྟོང་དུ་མཉམ་པ་ཉིད་དུ་མངོན་སུམ་དུ་ཤེས་པ་མེད་པའི་ཕྱིར་ན། སངས་རྒྱས་བྱང་སེམས་ཀྱི་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རིང་བར་གྱུར་བས་ཉན་རང་རང་གི་རྟོགས་པ་གང་ཟག་དང་གཟུང་བ་བདག་མེད་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་གནས་པ་ནི། སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར། འཁོར་བར་རྒྱུན་གྱིས་འཇུག་པས་དངོས་པོ་མཐའ་གཅིག་ཏུ་དོར་བྱར་དམིགས་པ་དང་། མྱང་འདས་ཉེར་ལེན་གྱི་ཕུང་བོ་འགག་པས་དངོས་པོ་མེད་པར་མཐའ་གཅིག་ཏུ་བླང་བྱར་དམིགས་པ་ཉིད་ཀྱིས་རིམ་པ་བཞིན་དུ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ཞེས་པའོ། །

གཉིས་པ་འགྲེལ་བའི་ཚིག་རིས་གོ་དཀའ་བ་འགའ་བྱེ་བྲག་ཏུ་བཤད་པ། 

འགྲེལ་བ་ལས། དུས་གསུམ་པའི་ཆོས་རྣམས་སྐྱེ་བ་མེད་པའི་རྣམ་པ་མཉམ་པ་ཉིད་དུ་རྟོགས་པས། 

ཞེས་པའི་དུས་གསུམ་གྱི་ཆོས་རྣམས་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི། མཁས་པ་སྔ་མ་དག་གིས་སྲིད་ཞིའི་མཐའ་ལ་མི་གནས་པའི་རྒྱུ་མཚན་དུ་སྦྱར་ཏེ། ཉ་ཊིཀ་ལས། སྲིད་ཞི་ལ་འཁོར་འདས་ཀྱི་འདུ་ཤེས་དང་མཚན་མར་དམིགས་ནས་མི་གནས་པ་ཡིན་ནོ། །དུས་གསུམ་པའི་ཆོས་རྣམས་བདེན་པའི་སྐྱེ་བ་མེད་པའི་རྣམ་པ་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྙིང་རྗེ་ཆེན་པོ་ཅན་ཡིན་པས་སོ། །ཞེས་གསུངས་ལ། རང་ལུགས། སྔར་ལྟར་འབྲས་ཡུམ་ལ་ཉེ་རིང་གི་རྒྱུ་མཚན་དུ་སྦྱོར་གྱི་བུ་ཉ་ལྟར་སྲིད་ཞིའི་མཐར་མི་གནས་པའི་རྒྱུ་མཚན་དུ་སྦྱོར་མི་རིགས་ཏེ། གསེར་ཕྲེང་ལས། འདི་ལ་ཁ་ཅིག་སྔར་ལྟར་མི་སྦྱོར་བར་དུས་གསུམ་ཞེས་སོགས་སྲིད་ཞི་ལ་མི་གནས་པའི་རྒྱུ་མཚན་དུ་འགོད་པ་ནི་དོན་མིན་ཏེ། དངོས་བསྟན་འདིས་དུས་གསུམ་ཞེས་སོགས་ཉེ་བ་དང་ཤུགས་བསྟན་དུ་དེ་ཉན་རང་ལ་ཡུམ་རིང་པོའི་རྒྱུ་མཚན་དུ་མ་སྦྱར་ན། འོག་ཏུ་དུས་གསུམ་མཉམ་ཉིད་དུ་རྟོགས་པ་ཡོད་མེད་ཀྱི་རྒྱུ་མཚན་གྱིས་ཐེག་པ་ཆེ་ཆུང་ལ་ཡུམ་ཉེ་རིང་དུ་འཇོག་པ་མི་འཐད་ཅེས་རྩོད་པ་ཇི་ལྟར་འབྲེལ་སྨྲ་དགོས་སོ། །ཞེས་གསུངས་སོ། །

འགྲེལ་བ་ལས། ཤེས་རབ་ཀྱིས་ཚུ་རོལ་གྱི་མཐའ་འཁོར་བ་དང་། སྙིང་རྗེས་ཕ་རོལ་གྱི་མཐའ་མྱ་ངན་ལས་འདས་པ་སྟེ། གོ་རིམ་བཞིན་དུ་རྟག་པ་དང་ཆད་པའི་མཚན་ཉིད་དང་དེ་དག་གི་བར་ན་ཡང་མི་གནས་པས་སྲིད་པ་དང་ཞི་བ་ལ་མི་གནས་པ་ཡིན་ནོ། །ཞེས་པའི་རྟག་པ་དང་ཆད་པ་ཞེས་པའི་རྟག་པ་ནི། ལས་ཉོན་གྱིས་རང་དབང་མེད་པར་ཉིང་མཚམས་སྦྱར་བའི་འདིར་བསྟན་འཁོར་མཐའ་དེ། འདིར་བསྟན་རྟག་མཐའ་ཡིན་གྱི་རྟག་མཐའ་མ་ཡིན་ལ། ཆད་པ་དང་ཞེས་པའང་ལས་ཉོན་སྐྱེས་པ་མ་ཟད་སྙིང་རྗེ་དང་སྨོན་ལམ་གྱིས་སྐྱེ་བ་ཆད་ཙམ་གྱི་མྱང་འདས་ནི། ལས་ཉོན་གྱི་སྐྱེ་བའི་མཇུག་གི་ཆ་ཡིན་པས་འདིར་བསྟན་ཞི་མཐའ་འམ་ཆད་མཐའ་ཡིན་གྱི་ཆད་མཐའ་མ་ཡིན་ཏེ། རྟག་མཐའ་ནི་སྒྲོ་འདོགས་ཀྱི་མཐའ་དང་། ཆད་མཐའ་ནི་སྐུར་འདེབས་ཀྱི་མཐའ་ལ་གོ་བས་དེ་དག་གཞི་མ་གྲུབ་པའི་ཕྱིར། འདི་ལ་མཁས་པ་དག་གིས་གསུང་ཚུལ་མི་འདྲ་ཡང་། རང་ལུགས་འདིའི་རྟག་པ་འཁོར་བ་དང་ཆད་པ་མྱང་འདས་ལ་སྦྱར་དགོས་ཏེ་གསེར་ཕྲེང་ལས། སྔར་འཁོར་འདས་གཉིས་ལ་རྟག་ཆད་དུ་བཤད་པ་དང་ཞེས་གསུངས་པའི་ཕྱིར། 

ཡང་འགྲེལ་བ་ལས། ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རིང་བར་གྱུར་པས་རང་གི་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར་དངོས་པོ་དང་། དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །

ཞེས་པའི་དངོས་པོ་དང་དངོས་པོ་མེད་པ་གཉིས་ངོས་འཛིན་ཚུལ་ལའང་ཆད་པའི་མྱང་འདས་འདིའི་དངོས་པོའམ་ཆད་མཐའ་དང་། འདིར་བསྟན་འཁོར་མཐའ་དངོས་པོར་མེད་པ་ལ་འདོད་པའི་ལུགས་གཅིག་དང་། དངོས་པོ་འཁོར་བ་དང་དངོས་པོར་མེད་པ་མྱང་འདས་ལ་འདོད་པའི་ལུགས་གཉིས་ཡོད་པར་སྣང་སྟེ། དང་པོ་ནི། གསེར་ཕྲེང་ལས། རྟོགས་དཀར། ཉན་ཐོས་ཀྱི་ལུགས་ལ་མྱང་འདས་ནི་དོན་དམ་པར་ཡོད་པའི་དངོས་པོ་ཡིན་ཏེ། རྟག་པ་ཡིན་པའི་ཕྱིར་རོ། །འཁོར་བ་ནི་དངོས་པོ་མེད་པ་སྟེ། སྤང་བྱ་ཡིན་པས་སོ། །ཞེས་དངོས་པོར་དམིགས་པ་མྱང་འདས་ལ་སྦྱར་བ་ནི་འདི་དང་རྒྱན་སྣང་དུ་སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར་རོ་ཞེས་སྙིང་རྗེ་དང་བྲལ་བ་སྔོན་ལ་བྱུང་བས་དེ་དང་མྱང་འདས་སྦྱར་དགོས་ལ། དངོས་པོར་དམིགས་པ་ཡང་སྔོན་ལ་བྱུང་བས་སོ་སྙམ་དུ་བསམས་སོ། །དེ་ནི་མ་ཡིན་ཏེ། སྔར་འཁོར་འདས་གཉིས་ལ་རྟག་ཆད་དུ་བཤད་པ་དང༌། འདིར་ཡང་འོག་ཏུ་འཁོར་བ་དང་ཞེས་སྔོན་ལ་བྱུང་བས་སྙིང་བརྩེ་བ་དང་བྲལ་བ་སྔོན་ལ་བྱུང་ཡང་སྡེབ་སྦྱོར་གྱི་ངོར་ཡིན་པས་ཤེར་སྒྲོན་ལྟར་ཤེས་རབ་དང་བྲལ་བ་དང་པོར་གདོན་ནོ། །

གཉིས་པ་ནི། གསེར་ཕྲེང་ལས། འཁོར་བ་རྒྱུན་གྱིས་འཇུག་པས་དེ་དངོས་པོ་ཡིན་པ་དང་མྱང་འདས་ཕུང་པོ་འགགས་པ་ཡིན་པས་དེ་ལ་དངོས་པོ་མེད་པར་དམིགས་པ་སྟེ་ཞེན་པ་ཉིད་ཀྱིས་སོ། །ཞེས་ཕྱི་མ་རང་ལུགས་སུ་མཛད་དོ། །དངོས་པོ་འཁོར་བ་དང་དངོས་པོར་མེད་པ་མྱང་འདས་ལ་འདོད་པའི་ལུགས་ལའང་། སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར་དངོས་པོ་དང་། དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ཞེས་པའི་དོན་འགྲེལ་ཚུལ་གཉིས་བྱུང་སྟེ། རྣམ་བཤད་ལས། གཞི་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་གནས་པའི་ཉན་ཐོས་ཆོས་ཅན། འཁོར་བའི་མཐའ་ལ་གནས་པ་ཡིན་ཏེ། འཁོར་བར་སྐྱེ་བའི་དངོས་པོ་ཙམ་ལ་མཐའ་གཅིག་ཏུ་དོར་བྱར་བཟུང་བའི་ཕྱིར། དེར་ཐལ། ལས་ཉོན་གྱིས་སྐྱེ་བ་མ་ཟད་སྙིང་རྗེ་དང་སྨོན་ལམ་གྱིས་སྐྱེ་བ་ཡང་འགོག་འདོད་པས། འཁོར་བར་སྐྱེ་བ་ལེན་པའི་རྒྱུ་སྙིང་བརྩེ་བ་དང་བྲལ་བའི་ཕྱིར། མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །སྲིད་པར་སྐྱེ་བ་ཙམ་ཆད་པ་ལས་ཐོབ་པའི་སྲིད་པར་སྐྱེ་བའི་དངོས་པོ་མེད་པ་བླང་བྱར་དམིགས་པ་ཉིད་ཀྱིས་སོ། །དེར་ཐལ། སྲིད་པར་སྐྱེ་བ་ཆད་པ་ཐོབ་འདོད་ཅིང་། ལས་ཉོན་གྱིས་སྐྱེ་བ་བཀག་ཀྱང་། སྲིད་པར་སྐྱེ་བ་བླངས་པ་ལ་བརྟེན་ནས་མྱང་འདས་སྒྲུབ་པའི་ཐབས་ཤེས་པའི་ཤེས་རབ་དང་བྲལ་བའི་ཕྱིར། སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང་། རྒྱུ་མཚན་སྔ་མ་གཉིས་གོ་ལྡོག་ནས་སྦྱོར་བ་ནི་གཞུང་འདིའི་དོན་མིན་པར་རྗེ་ཉིད་ཀྱི་གསུང་ལས་བྱུང་བའོ། །ཞེས་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་སྙིང་བརྩེ་བ་དང་བྲལ་བའི་རྒྱུ་མཚན་གྱིས་འདིར་བསྟན་འཁོར་མཐར་གནས་པ་དང་། ལས་ཉོན་གྱིས་སྐྱེ་བ་བཀག་ཀྱང་སྲིད་པར་སྐྱེ་བ་བླངས་ནས་མྱང་འདས་སྒྲུབ་པའི་ཐབས་ཤེས་པའི་ཤེས་རབ་དང་བྲལ་བའི་རྒྱུ་མཚན་གྱིས་འདིར་བསྟན་ཆད་མཐའ་ལ་གནས་པ་ནི། འགྲེལ་བ་ལས། སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར་ཞེས་པའི་རྒྱུ་མཚན་གཉིས་གོ་རིམ་བཞིན་དུ་སྲིད་ཞིའི་མཐའ་ལ་གནས་པའི་རྒྱུ་མཚན་དུ་སོང་བའི་དོན་དུ་འགྲེལ་ལ། འཆད་ཚུལ་གཞན་ཞིག་ནི། རྩ་བ་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་པ་ལྟར། འདིར་བསྟན་འཁོར་མཐའ་ལས་གྲོལ་བ་ཤེས་རབ་ཀྱི་ལག་རྗེས་དང་། ཞི་མཐའ་ལས་གྲོལ་བ་སྙིང་རྗེའམ་བརྩེ་བའི་ལག་རྗེས་ཡིན་པས་ན། འགྲེལ་བར་བཤད་པའི་རྒྱུ་མཚན་གཉིས་ཀྱང་གོ་བཟློག་སྟེ། ཤེས་རབ་དང་བྲལ་བའི་ཕྱིར་ན་སྲིད་མཐར་གནས་པ་དང་། བརྩེ་བ་དང་བྲལ་བའི་ཕྱིར་ན་ཞི་མཐའ་ལ་གནས་པ་ནི། འགྲེལ་བ་ལས། སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར་དངོས་པོ་དང་། དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ཞེས་པའི་དོན་དུ་འགྲེལ་ལ། དེ་ཡང་གསེར་ཕྲེང་ལས། སྔར་འཁོར་འདས་གཉིས་ལ་རྟག་ཆད་དུ་བཤད་པ་དང༌། འདིར་ཡང་འོག་ཏུ་འཁོར་བ་དང་ཞེས་སྔོན་ལ་བྱུང་བས་སྙིང་བརྩེ་བ་དང་བྲལ་བ་སྔོན་ལ་བྱུང་ཡང་སྡེབ་སྦྱོར་གྱི་ངོར་ཡིན་པས་ཤེར་སྒྲོན་ལྟར་ཤེས་རབ་དང་བྲལ་བ་དང་པོར་གདོན་ནོ། །ཞེས་པའི་དོན་དུ་འགྲེལ་མོད། ཡབ་སྲས་གཉིས་ཀྱི་དགོངས་པ་མི་འགལ་བ་ནི། རྣམ་བཤད་ལས། རྒྱུ་མཚན་སྔ་མ་གཉིས་གོ་ལྡོག་ནས་སྦྱོར་བ་ནི་གཞུང་འདིའི་དོན་མིན་པར་རྗེ་ཉིད་ཀྱི་གསུང་ལས་བྱུང་བའོ། །འགྲེལ་བར་བཤད་པའི་རྒྱུ་མཚན་གཉིས་མཐའ་གཅིག་ཏུ་གོ་བཟློག་མི་དགོས་པ་རྗེ་ཉིད་ཀྱི་གསུངས་ལས་འབྱུང་བར་གསུངས་པ་ལྟར། ལ་ལས་རྗེ་ཞལ་ནས་གསུངས་པའི་གསུང་ལས་དེ་འདྲ་མི་བྱུང་བར་བཤད་པ་དང་། ཡང་ལ་ལས། དོན་མིན་པར་ཞེས་པ་ཡི་གེ་མ་དག་པས་ཡིན་པར་ཞེས་བསྒྱུར་དགོས་བར་བཤད་མོད། རྒྱུ་མཚན་གཉིས་གོ་བཟློག་མི་དགོས་པར་གསེར་ཕྲེང་རང་ལས་གསུངས་ཏེ། གསེར་ཕྲེང་ལས། ཡང་དག་པའི་ཡུམ་དང་རིང་བར་གྱུར་པའི་ཉན་ཐོས་དང་སོགས་པས་རང་རྒྱལ་གྱི་རྒྱུད་ལ་ཡོད་པ་རང་གི་རྟོགས་པ་གང་ཟག་དང་། གཟུང་བའི་བདག་མེད་རྟོགས་ཙམ་གྱི་ཉི་ཚེ་བའི་ཡུམ་ནི། འཁོར་འདས་ལ་ཞེན་ནས་གནས་པ་ཡིན་པར་ཤེས་པར་བྱའོ། །རྒྱུ་མཚན་ནི། འཁོར་བ་རྒྱུན་གྱིས་འཇུག་པས་དེ་དངོས་པོ་ཡིན་པ་དང་མྱང་འདས་ཕུང་པོ་འགགས་པ་ཡིན་པས་དེ་ལ་དངོས་པོ་མེད་པར་དམིགས་པ་སྟེ་ཞེན་པ་ཉིད་ཀྱིས་སོ། །དེའི་རྒྱུ་མཚན་ཡང༌། གཞན་དོན་བྱེད་པའི་སྙིང་བརྩེ་བ་དང་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་བྲལ་བའི་ཕྱིར་རོ། །ཞེས་གསུངས་པས་ན། ཡབ་སྲས་དགོངས་པ་གཅིག་དང་དབྱངས་གཅིག་གོ །

གཉིས་པ། མཐའ་དཔྱད་པ་ལ། འདིར་བསྟན་སྲིད་ཞིའི་མཐའ་ངོས་བཟུང་བ་དང་། དེར་ལྷུང་བའི་ཚད། དེ་འགོག་བྱེད་ཀྱི་བློ་ངོས་བཟུང་བ་གསུམ། དང་པོ་ནི། ལས་ཉོན་གྱིས་རང་དབང་མེད་པར་ཉིང་མཚམས་སྦྱར་བའི་འཁོར་བ་ནི། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་དང་། ལས་ཉོན་གྱིས་ཉིང་མཚམས་སྦྱར་ནས་རྒྱུན་རིང་བོར་ཞུགས་པའི་འཁོར་བ་དེ། འདིར་བསྟན་སྲིད་མཐའ་ཡིན། ལས་ཉོན་གྱིས་སྐྱེ་བ་ཆད་པར་མ་ཟད་སྙིང་རྗེ་དང་སྨོན་ལམ་གྱིས་སྐྱེ་བ་ཆད་ཙམ་གྱི་མྱང་འདས་དེ། ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་འམ་འདིར་བསྟན་ཆད་མཐའ་ཡིན། འཁོར་བ་དོན་དམ་པར་གྲུབ་པ་དེ། འདིར་བསྟན་དོན་དམ་ལ་ལྟོས་པའི་ཞི་མཐའ་དང་། ཆད་པའི་མྱང་འདས་དོན་དམ་པར་གྲུབ་པ་དེ། འདིར་བསྟན་དོན་དམ་ལ་ལྟོས་པའི་ཆད་མཐའ་ཡིན། གཉིས་པ་ནི། ཐབས་ཤེས་ཁྱད་པར་ཅན་དང་བྲལ་ཞིང་སྲིད་པར་ལས་ཉོན་དུ་མ་ཟད་སྙིང་རྗེ་དང་སྨོན་ལམ་གྱི་སྐྱེ་བ་ཡང་མཐའ་གཅིག་ཏུ་དོར་བྱར་ཞེན་པ་དེ། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐར་ལྷུང་བའི་ཚད་དང་། ཐབས་ཤེས་ཁྱད་པར་ཅན་དང་བྲལ་བས་རང་གཅིག་པུའི་དོན་དུ་སྲིད་པར་སྐྱེ་བ་ཆད་ཙམ་གྱི་མྱང་འདས་ལ་མཐའ་གཅིག་ཏུ་བླང་བྱར་ཞེན་པ་དེ། འདིར་བསྟན་ཞི་མཐར་ལྷུང་བའི་ཚད་ཡིན། གསུམ་པ་ནི། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་མི་རྟག་སོགས་རྟོགས་པའི་ཡེ་ཤེས་དེ། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་དང་། བྱང་སེམས་ཀྱི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ནི། ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་འགོག་བྱེད་ཡིན། བྱང་སེམས་ཀྱི་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སྲིད་ཞི་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ། དོན་དམ་པར་སྲིད་ཞིའི་མཐར་ལྷུང་བའམ་གནས་པ་འགོག་བྱེད་ཡིན། འདིར་བསྟན་སྲིད་མཐའ་འགོག་བྱེད་ཀྱི་བློ་ལ། ལ་ལས། བྱང་སེམས་ཀྱི་རྒྱུད་ཀྱི་ལམ་གང་ཡིན་འདིར་བསྟན་སྲིད་མཐའ་དང་ཞི་མཐའ་གཉིས་ཀ་འགོག་བྱེད་ཡིན་ཏེ། དོན་བདུན་ཅུའི་ཡིག་ཆར་སྲིད་ཞིའི་མཐའ་གཉིས་འགོག་པའི་བདེན་པ་མངོན་རྟོགས། ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད་དུ་གསུངས་པ་དང་། སྐབས་དང་པོའི་མཐའ་དཔྱོད་ལས། སྟོང་ཉིད་ཀྱི་ལྟ་བའི་ཟིན་པའི་སྙིང་རྗེས་ཀྱང་སྲིད་ཞི་གཉིས་ཀའི་མཐའ་འགོག སེམས་བསྐྱེད་དང་སྙིང་རྗེ་ཆེན་པོས་ཟིན་པའི་སྟོང་ཉིད་ཀྱི་ལྟ་བས་ཀྱང་ཞི་མཐའ་འགོག་པའི་ཕྱིར། དང་པོ་གྲུབ་སྟེ། དྲི་མ་མེད་པར་གྲགས་པའི་མདོ་ལས། ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་འཆིང་བའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་བའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོ་དེ་ལས། ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་འཆིང་བའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་ཐར་བའོ། །ཞེས་གསུངས་པས་ན། ཡིག་ཆ་ལས། ཁ་ཅིག བྱང་སེམས་ཀྱི་སྙིང་རྗེ་ཆེན་པོ་དེ་སྲིད་ཞི་གཉིས་ཀའི་མཐའ་འགོག་བྱེད་ཡིན་ཟེར་ན། འོ་ན། དེ་ཆོས་ཅན། སྲིད་མཐའ་འགོག་བྱེད་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འཁོར་གསུམ། འདོད་ན། མདོ་ལས། ཤེར་ཕྱིན་ནི་ཚུ་རོལ་གྱི་མཐའ་མ་ལགས། ཞེས་པའི་དངོས་བསྟན་གྱི་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མདོ་ལས་གཉིས་ཀའི་བར་ན་ཡང་མི་གནས་པ་ལགས་ཞེས་པའི་དངོས་བསྟན་གྱི་ལམ་ཡང་ཡིན་པར་ཐལ། འདོད་པའི་ཕྱིར། ཞེས་སོགས་ཀྱི་དགོངས་པ་མཐའ་གཉིས་སོ་སོར་འགོག་པའི་ལག་རྗེས་མི་འདྲ་བ་འཇོག་པའི་དབང་དུ་བྱས་པ་ཡིན་གྱི། སྤྱིར་མཐའ་དེ་གཉིས་མི་འགལ་བར་བཤད་མོད། ལག་རྗེས་སོ་སོར་ཡོད་པའི་རྒྱུ་མཚན་གྱིས་མཐའ་གཉིས་སོ་སོར་བཤད་པ་ཡིན་གྱི་མཐའ་དེ་གཉིས་འགོག་པ་ཙམ་ལ་དེ་འགོག་བྱེད་ཀྱི་ལམ་མི་དགོས་ཞེས་བཤད་ནའང་གོ་བདེ་བར་སྣང་སྟེ། རྩ་བ་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་གསུངས་པ་དང་། ཡིག་ཆ་ལས་ཀྱང་། ཁ་ཅིག བྱང་སེམས་ཀྱི་སྙིང་རྗེ་ཆེན་པོ་དེ་སྲིད་ཞི་གཉིས་ཀའི་མཐའ་འགོག་བྱེད་ཡིན་ཟེར་ན། འོ་ན། དེ་ཆོས་ཅན། སྲིད་མཐའ་འགོག་བྱེད་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འཁོར་གསུམ། འདོད་ན། མདོ་ལས། ཤེར་ཕྱིན་ནི་ཚུ་རོལ་གྱི་མཐའ་མ་ལགས། ཞེས་པའི་དངོས་བསྟན་གྱི་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མདོ་ལས་གཉིས་ཀའི་བར་ན་ཡང་མི་གནས་པ་ལགས་ཞེས་པའི་དངོས་བསྟན་གྱི་ལམ་ཡང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལམ་ཤེར་ཕྱིན་ལ་མི་རྟག་སོགས་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་བློ་གསུམ་གྱི་ལག་རྗེས་སོ་སོར་བཞག་མི་རིགས་པར་ཐལ། དེ་མདོ་ཚན་གསུམ་གའི་དངོས་བསྟན་གྱི་ལམ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གསུམ་ལག་རྗེས་སོ་སོར་མེད་ན། མཐའ་གསུམ་མདོ་ལས་སོ་སོར་བཤད་པ་དོན་མེད་པའི་ཕྱིར། ཞེས་གསུངས་པ་དང་། རྣམ་བཤད་ལས་ཀྱང་། སྔར་བྱང་སེམས་ཀྱི་མཐོང་ལམ་དང་སྒོམ་ལམ་མཐའ་གཉིས་རྣམ་པར་དག་པའི་ལམ་དུ་བསྟན་པ་ན། མཐའ་གཉིས་འགོག་བྱེད་ཀྱི་ལག་རྗེས་མི་འདྲ་བ་གང་གིས་བྱེད་སྙམ་པ་ལ། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། ཞེས་མི་རྟག་སོགས་འགོག་པའི་ཡེ་ཤེས་ཉིད་སྲིད་མཐའ་འགོག་བྱེད་དུ་གསུངས་ཤིང་དེ་ཉིད་རྒྱས་བཤད་འདིར་འཆད་པའི་ཕྱིར། ཞེས་གསུངས་པ་དང་། དོན་བདུན་ཅུའི་ཡིག་ཆ་ལས་ཀྱང་། སྲིད་ཞིའི་མཐའ་གཉིས་འགོག་པའི་བདེན་པ་མངོན་རྟོགས་ཞེས་གསུངས་ཀྱི་སྲིད་ཞིའི་མཐའ་གཉིས་འགོག་བྱེད་ཀྱི་བདེན་པ་མངོན་རྟོགས་ཞེས་མ་གསུངས་པའི་ཕྱིར་རོ། །

ཡིག་ཆ་ལས། རོང་ཊཱིཀ་པ་ན་རེ། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་ཀྱི་ཤེས་རབ་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་བྱེད་ཟེར་ན། འོ་ན། དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱིས་འཁོར་བའི་སྐྱོན་མཐོང་བར་ཐལ་ལོ། །ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་ཀྱི་ཤེས་རབ་ལ་འཁོར་བའི་སྐྱོན་མཐོང་བ་གཅིག་དགོས་པ་གང་ཞིག ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། ཞེས་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱིས་འཁོར་བའི་སྐྱོན་མ་མཐོང་བར་བཤད་པ་དང་། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་ཀྱི་ཤེས་རབ་ལ་འཁོར་བའི་སྐྱོན་མཐོང་བ་གཅིག་དགོས་པར་བཤད་པ་ལ། ཁ་ཅིག་ན་རེ། དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཆོས་ཅན། འཁོར་བའི་སྐྱོན་མཐོང་བར་ཐལ། འཁོར་རྩའི་ཞེན་ཡུལ་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། ཁྱབ་སྟེ། བྱང་སེམས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས་འཁོར་བའི་སྐྱོན་མཐོང་ཚུལ་ཡོད་པའི་ཕྱིར། ཟེར་བ་དང་། བྱང་སེམས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། འཁོར་བའི་སྐྱོན་མཐོང་བར་ཐལ། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་ཡིན་པའི་ཕྱིར། འདོད་ན། འཁོར་བའི་སྐྱོན་སྣང་བར་ཐལ། དེ་མཐོང་བའི་ཕྱིར། འདོད་ན། འཁོར་བའི་སྐྱོན་རྟོགས་པར་ཐལ། དེ་ལ་སྣང་བའི་ཕྱིར། ཁྱབ་སྟེ། དེ་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། འདོད་ན། འཁོར་བའི་སྐྱོན་ཆོས་ཅན། བདག་མེད་ཕྲ་མོ་ཡིན་པར་ཐལ། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་དངོས་སུ་རྟོགས་པའི་ཕྱིར། ཞེས་ཟེར་བ་ལ། སྐབས་འདིའི་འཁོར་བའི་སྐྱོན་མཐོང་ཞེས་པ་ནི། འཁོར་རྩའི་ཞེན་ཡུལ་མེད་པར་རྟོགས་ཚུལ་དང་། འཁོར་བའི་སྐྱོན་སྣང་ཚུལ་གང་ཡང་མིན་པར། མི་རྟག་སོགས་བཅུ་དྲུག་གི་ལོག་ཕྱོགས་འཛིན་པའི་འཛིན་པ་བཅུ་དྲུག་ནི། འཁོར་བ་ཡིན་པས་དེ་དག་གི་ཞེན་ཡུལ་མེད་པར་རྟོགས་པ་ལ་འཁོར་བའི་སྐྱོན་མཐོང་ཞེས་པ་ཡིན་པས་གོང་གི་སྐྱོན་དེ་དག་མི་འབྱུང་ངོ་།། །།


[དཔྱད་གཞིའི་ཡིག་ཆ]

[1] སློབ་དཔོན་སེང་གེ་བཟང་པོ། འགྲེལ་བ་དོན་གསལ སེར་གཙུག་དཔེ་ཁང་། 

[2] རྗེ་ཙོང་ཁ་པ། ལེགས་བཤད་གསེར་ཕྲེང མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 

[3] ཉ་དབོན་ཀུན་དགའ་དཔལ། ཉ་ཊིཀ་ཡིད་ཀྱི་མུན་སེལ སེར་གཙུག དཔེ་ཁང་། 

[4] མཁས་གྲུབ་རྗེ། རྟོགས་དཀའི་སྣང་བ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 

[5]  རོང་སྟོན་ཤཱཀྱ་རྒྱལ་མཚན། ཕར་ཕྱིན་ཚིག་དོན་རབ་གསལ རོང་སྟོན་བཀའ་འབུམ།


རྩོམ་པ་པོ་ངག་དབང་བཤད་སྒྲུབ་ནི་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་ཡོངས་འཛིན་ཡིན།
རྩོམ་ཁུངས།2023ལོའིནང་རིག་འོད་སྣངདེབ་དང་པོ་ལས་དྲངས།
རྩོམ་སྒྲིག་འགན་འཁུར་པ། པདྨ་རས་པ།

     མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའིནང་རིག་འོད་སྣངརྩོམ་སྒྲིག་ཁང་གི་འབྲེལ་ལམ།

གློག་རྡུལ་ཡིག་སྒམ།  qhfxybjb@163.com
འབྲེལ་གཏུགས་ཨང་གྲངས།
ཡུལ་ལྷ་ཚེ་རིང་། 18797017950
ངག་དབང་རྒྱ་མཚོ།  18946857977
 

རྩོམ་སྒྲིག་པ།  ངག་དབང་བཤད་སྒྲུབ།

དོ་དམ་པ།    རིག་འཛིན་རྡོ་རྗེ།

རྩོམ་སྒྲིག་འགན་ཁུར་བ། མགོན་པོ་ཚེ་རིང་། ལིག་བཱེ།




长按二维码

关注我们

互联网宗教信息服务许可证|编号:青(2022)1000002


青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章