དབུ་མའི་གཞུང་གི་དཔྱད་གླེང་ཟབ་མོ་ལྟ་རྒྱན།
中观学研究
གླེང་གཞི།
ཐུབ་བསྟན་རིང་ལུགས་འདི་ཉིད་ནི་སྙིང་རྗེ་དང་བློ་གྲོས་ཀྱི་མཚོན་རྟགས་ལྟ་བུའི་རྫོགས་པའི་སངས་རྒྱས་གང་ཉིད་ཀྱིས་གསུངས་པའི་ཆོས་ཚུལ་རྣམས་ལ། རྗེས་འཇུག་མཁས་པས་གོ་བ་ལེན་ཚུལ་མི་མཐུན་པས་ཐེག་པ་གཉིས་སུ་གྱེས་པའི་གྲུབ་མཐའ་བཞི་ཡོད་ལ། དེ་ལས་ཀྱང་བོད་ཁ་བ་གངས་ཅན་གྱི་རྒྱལ་ཁམས་སུ་ཐེག་པ་ཆེན་པོའི་གྲུབ་མཐའ་འཛིན་པ་གསང་ཆེན་རྙིང་མ་པ་དང་། འགྲོ་མགོན་བཀའ་བརྒྱུད་པ། དཔལ་ལྡན་ས་སྐྱ་པ། མཉམ་མེད་དགེ་ལྡན་པ་སྟེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་མདོ་སྔགས་གཉིས་ཀའི་ལུང་རྟོགས་ཀྱི་ཐུབ་བསྟན་ཡོངས་རྫོགས་བཤད་སྒྲུབ་ལས་གསུམ་གྱིས་འཛིན་པའི་ཆོས་བརྒྱུད་ཆེན་པོ་བཞི་བཞུགས་ཤིང་། དེ་རྣམས་ཀྱང་བརྒྱུད་པའི་མན་ངག་ལ་དགོངས་པ་བཞེད་ཚུལ་མི་འདྲ་བའི་ཁྱད་པར་ཙམ་ལས། མཐར་ཐུག་གི་ལྟ་སྒོམ་གྱི་རྣམ་གཞག་གཅིག་པ་ཉིད་དུ་ངེས་ཏེ། 《པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དགེ་ལྡན་བཀའ་བརྒྱུད་པའི་ཕྱག་ཆེན་རྩ་བ》ལས། ལྷན་ཅིག་སྐྱེས་སྦྱོར་ག་འུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་བབས། །ཞེས་དང་། འཇམ་དབྱངས་ས་སྐྱ་པཎྜི་ཏས་ཀྱང་། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་ཞིག་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་ཆོས་དབྱིངས་སྤྲོས་བྲལ་དུ་གཏན་ལ་བབས་པ་ཙམ་དུ་ཁྱད་པར་མེད་པ་བསྟན་ཞིང་། 《བདེན་གཉིས་ལ་འཇུག་པ》ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གསུངས་པ་ཐམས་ཅད་ཀྱང་། །སྟོང་ཉིད་འདི་ལ་གཞོལ་བར་འབབ། །ཅེས་དང་། 《རྩ་བ་ཤེས་རབ》ལས། གང་གི་ཐུགས་བརྩེ་ཉེ་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཇི་སྙེད་གསུངས་པའི་རྡོ་རྗེའི་ལུང་ཚིག་དག་གིས་གྲུབ་བོ། །
དབུ་མའི་གྲུབ་མཐའི་བྱུང་འཕེལ་དང་དབུ་མའི་གྲུབ་མཐའི་རྣམ་གཞག་ཉུང་བསྡུས་ངང་བསྟན་ཞིང་དྭགས་བརྒྱུད་གྲུབ་ཤིང་ལས་ཐལ་བཟློག་གི་བརྗོད་དོན་དོན་བསྡུས་ཁ་གསལ་ངང་བརྗོད་པ་དང་། ལྟ་བ་གཙོ་བོར་སྟོན་པ་རྩ་བ་ཤེས་རབ་སོགས་རིགས་ཚོགས་ལྔ་དང་། སྒོམ་པ་གཙོ་བོར་སྟོན་པ་བཞི་བརྒྱ་པ། སྤྱོད་པ་གཙོ་བོར་སྟོན་པ་སྤྱོད་འཇུག ལྟ་སྒོམ་སྤྱོད་པ་འབྲས་བུ་དང་བཅས་པ་སྟོན་ཞིང་རྒོལ་བ་ངན་པ་ཚར་གཅོད་པ་དབུ་མ་འཇུག་པ་སོགས་འཕགས་ཡུལ་མཁས་པའི་ལེགས་བཤད་དང་། བོད་ཀྱི་མཁས་གྲུབ་ཆེན་མོ་རྣམས་ཀྱིས་མཛད་པའི་གཞུང་འགྲེལ་སོགས་གཏན་ལ་འབེབ་བྱེད་དབུ་མའི་དོན་དཔྱོད་རིགས་པའི་སྐོར་རགས་བསྡུས་བརྗོད་པ་ལ།
1.དབུ་མའི་གྲུབ་མཐའི་བྱུང་འཕེལ།
མཐའ་བྲལ་དབུ་མའི་ཆོས་ཀྱི་སྒོ་འཕར་ཡངས་མོ་འདི་ཉིད་བདག་ཅག་རྣམས་ཀྱི་སྟོན་པ་མཉམ་མེད་བུ་རམ་ཤིང་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བའི་འཁོར་ལོ་བར་པ་དང་མཐའ་མའི་གནས་སྐབས་སུ་ལྷོ་རྒྱལ་འཛམ་བུ་གླིང་དུ་སྐོར་བར་མཛད་ཅིང་དུས་དང་གདུལ་བྱའི་ཤེས་རབ་དང་བློ་གྲོས་ཀྱི་སྟོབས་ཀྱིས་བླ་མེད་ཆོས་སྐོར་འདི་ཉིད་བར་སྐབས་སུ་དར་ཁྱབ་ཆེར་མ་བྱུང་ལ། དེ་ནས་ལཀྴ་ཨ་ཤྭ་ཞེས་པའི་རྒྱལ་པོའི་དུས་སུ། ཐེག་ཆེན་བླ་མེད་ཀྱི་ཆོས་གཞི་དར་བ་དང་བསྟུན་ཟབ་མོ་དབུ་མའི་དགོངས་དོན་ལ་ཐོས་བསམ་སྒོམ་པ་མཛད་མཁན་རེའང་ཡོད། དེ་རྗེས་གྲུབ་པའི་དབང་ཕྱུག་དཔལ་ལྡན་ས་ར་ཧ་པའམ་བྲམ་ཟེ་སྒྲ་གཅན་འཛིན་དང་ཁོང་གི་བུ་སློབ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དུས་སུ་རྒྱས་ཤིང་ལྷག་པར་དར་བར་མཛད། དེ་ནས་རིམ་པར་འཕགས་པ་ལྷ་དང་དཔའ་བོ། ཞི་བ་ལྷ་སོགས་གཞུང་ཕྱི་མོའི་དབུ་མ་པས་ཐེག་ཆེན་དབུ་མའི་ལྟ་གྲུབ་བརྒྱུད་འཛིན་དང་དར་སྤེལ་མཛད། གཞུང་ཕྱི་མོའི་དབུ་མ་པ་ནི་སྔར་བྱོན་པ་ཐམས་ཅད་ཀྱིས་དབུ་མར་སྨྲ་བ་ལ་དབུ་མར་སྨྲ་བ་སུས་ཀྱང་མི་རྒོལ་བས་གཞུང་ཕྱི་མོའི་དབུ་མར་གྲགས་ལ་ཞེས་བླ་མ་མི་བསྐྱོད་པས་གསུངས་པ་ལྟར་ཐལ་རང་གང་དུ་གསལ་བར་ཕྱེས་པ་མ་ཡིན་པར་དཀྱིལ་དུ་བཞུགས་ཤིང་ཁས་ལེན་པས་ན་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཀྱང་གྲུབ། དེ་ནས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་འགྲེལ་བུདྷ་པཱ་ལི་ཏ་བརྩམས་ཤིང་དེར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་དགོངས་པ་མཐར་ཐུག་ཐལ་འགྱུར་ལྟར་མི་གནས་ཤིང་རང་རྒྱུད་ལྟར་གནས་པའི་འགྲེལ་བརྗོད་ཀྱི་བསྟན་བཅོས་ཤེས་རབ་སྒྲོན་མེ་མཛད་དེ་དགག་སྒྲུབ་ཕུལ། དེ་མི་འཐད་པའི་ཤེས་བྱེད་དུ་དཔལ་ལྡན་ཟླ་བས་དབུ་མ་འཇུག་པ་བརྩམས་ནས་ཐལ་འགྱུར་ཐུན་མོང་མིན་པའི་གྲུབ་མཐའི་སྲོལ་གཏོད་གནང་སྟེ། དབུ་མའི་ལྟ་གྲུབ་ཀྱི་རྣམ་གཞག་གཏན་ལ་འབེབས་ཚུལ་སངས་རྒྱས་བསྐྱངས་ལྟར་འཐད་ཚུལ་གྱི་དགག་སྒྲུབ་དང་སྐྱོན་སྤོང་མཛད། དེ་ནས་དབུ་མའི་ལྟ་གྲུབ་ཀྱི་རྣམ་གཞག་གཏན་ལ་འབེབས་ཚུལ་ལ་ཐལ་རང་གི་གྲུབ་མཐའ་ཆེན་མོ་གཉིས་ཀྱི་ཁྱད་པར་འདི་འབྱུང་། འདིར་ཐལ་རང་གི་དབུ་མའི་ལྟ་བའི་རྣམ་གཞག་གཏན་ལ་འབེབས་ཚུལ་གྱི་ཁྱད་པར་ལས་ལྟ་བ་བཟང་ངན་གྱི་དབྱེ་འབྱེད་མེད་པ་ནི། དྭགས་བརྒྱུད་གྲུབ་ཤིང་ལས་སློབ་དཔོན་ཆེན་མོ་ཟླ་བ་གྲགས་པ་འཇིག་རྟེན་དུ་བྱོན་ནས་མཐའ་བྲལ་གྱི་དོན་རྒྱ་ཆེར་བསྟན་པར་མཛད་ལ། སློབ་དཔོན་འདི་དང་སྒྲོས་ཅུང་ཟད་མི་མཐུན་པར་སྨྲ་བའི་རྒྱན་སྣང་བདེན་གསུམ་གྱི་རྩོམ་པ་པོའི་སློབ་དཔོན་སོགས་དབུ་མའི་སློབ་དཔོན་འབྱམས་ཀླས་པ་བྱོན་མོད། སློབ་དཔོན་དེ་དག་གི་མཐར་ཐུག་གི་དབུ་མའི་བཞེད་པ་ལ་མི་མཐུན་པ་ཅུང་ཟད་ཀྱང་མེད་དེ། དེ་ཐམས་ཅད་དབུ་མ་པར་སྨྲ་བ་ཉིད་ཀྱི་ཕྱིར་ཞེས་དང་། ཡང་དེ་ཉིད་ལས། བོད་འདིར་མངོན་སུམ་དང་རྗེས་དཔག་ལྟར་སྣང་གི་ལོག་ཤེས་ཀྱིས་དྲངས་པའི་ཆེས་མུ་ཅོར་སྨྲ་བ་དག དབུ་མ་པ་ལེགས་ལྡན་དང་ཟླ་གྲགས་སོགས་ལའང་ལྟ་བ་དང་རྟོགས་པ་མཐོ་དམན་དང་གྲུབ་མཐའ་བཟང་ངན་ཡོད་དེ། ཞེས་སྨྲ་བར་བྱེད་དོ། །དེ་ལྟར་ན་གང་དམན་པ་དེ་དབུ་མ་པ་མིན་པར་འགྱུར་ཏེ། དབུ་མའི་དོན་མ་གྲུབ་བཞིན་དུ་དབུ་མ་དང་དབུ་མ་པའི་མིང་གི་འབོད་པ་ཙམ་དུ་ཟད་པའི་ཕྱིར་རྣམ་རྫུན་དབུ་མ་དང་དབུ་མ་པ་བཞིན་ནོ། །ཞེས་བླ་མ་མི་བསྐྱོད་པའི་ཐུགས་ཡེ་ཤེས་ཀྱི་ཀློང་ནས་རྡོལ་བའི་ལེགས་བཤད་རྨད་དུ་བྱུང་བ་ཡིན་པས་ཡིད་ཆེས་རིགས་སོ། །དེའི་ཕྱིས་སུ་སློབ་དཔོན་ཞི་བ་འཚོ་དང་པདྨའི་ངང་ཚུལ། ཡེ་ཤེས་སྙིང་པོ་སྟེ་རང་རྒྱུད་ཤར་གསུམ་མཁན་པོས་དབུ་མ་རྒྱན་དང་དབུ་མ་སྣང་བ། བདེན་གཉིས་བཅས་བསྟན་བཅོས་ཆེན་མོ་གསུམ་བརྩམས་ནས་ཐལ་རང་གཉིས་ཀྱི་དབུ་མའི་ལྟ་བའི་རྣམ་གཞག་གཏན་ལ་འབེབས་ཚུལ་ལས་ཟླ་བས་ལེགས་ལྡན་འབྱེད་ལ་དགག་པ་སྩལ་བ་གནད་དུ་ཁེལ་བར་གཟིགས་ཤིང་རང་རྒྱུད་ཀྱི་ལྟ་བའི་རྣམ་གཞག་གཏན་ལ་འབེབས་ཚུལ་ལེགས་ལྡན་འབྱེད་དང་ཅུང་མི་མཐུན་པར་འགྲེལ་ནས་རང་རྒྱུད་ཕྱི་རབས་པའི་གྲུབ་མཐའི་དབུ་ཁྱུད་བཀོད་ནས་རང་རྒྱུད་པའི་དབུ་མའི་ལྟ་གྲུབ་གཏན་ལ་འབབ་ཚུལ་གྱི་རྒྱུད་འཛིན་གནང་། དེ་ནས་སློབ་དཔོན་དེ་བ་ཙནྡྲ་སོགས་ནས་བོད་ཀྱི་མཁས་པའི་ཁྲོད་དབུ་མའི་ལུགས་འཆད་ཉན་ལ་བཀའ་དྲིན་བླ་མེད་ཆེ་བའི་ལོ་ཙཱ་བ་ཆེན་མོ་པ་ཚབ་ཉི་མ་གྲགས་པ་དང། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་དེ་ནས་དཔལ་ལྡན་དུས་གསུམ་མཁྱེན་པ་དང་ནག་ཚོ་ལོ་ཙཱ་བ་དང་། བོ་དོང་པ་དང་ས་སྐྱ་པཎ་ཆེན་དག་དང་དེའི་ཕྱོགས་འཛིན་པ་དག་གི་བར་དུ་དབུ་མའི་ལྟ་གྲུབ་གཏན་ལ་འབེབས་ཚུལ་ལ་མི་མཐུན་པ་ཆེར་མ་བྱུང་། དེའི་ཕྱིས་སུ་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པས་རྩ་འཇུག་བཞི་གསུམ་གྱི་དགོངས་པ་སྔ་རབས་པ་ལྟར་མི་འདྲ་བར་འགྲེལ་པའི་བསྟན་བཅོས་རྩ་ཤེས་ཊིཀ་ཆེན་དང་དགོངས་པ་རབ་གསལ། དེ་བཞིན་ལྷག་མཐོང་ཆེན་མོ་བཅས་བརྩམས་གནང་མཛད་ནས་དབུ་མ་ཕྱི་རབས་པའི་གྲུབ་མཐའ་གཏན་ལ་ཕབ་ནས་དབུ་མའི་གྲུབ་མཐར་ལྟ་བའི་རྣམ་གཞག་གཏན་ལ་འབེབས་ཚུལ་མི་འདྲ་བའི་སྒོ་འཕར་གསར་དུ་ཕྱེས་པ་དེ་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་སྐྱེས་ཆེན་མང་པོས་གྲུབ་པའི་མཐའ་དེའི་རྒྱུན་འཛིན་དང་དར་སྤེལ་གནང་།
2.དབུ་མའི་གྲུབ་མཐའི་རྣམ་བཤད།
སྡེ་སྣོད་གསུམ་དུ་བསྡུས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདི་ཉིད་ལ་བྱེ་བྲག་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང་བཀའ་མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོའི་རྗེས་སུ་འབྲང་ནས་གཞི་ལམ་རྣམ་གསུམ་གྱི་རྣམ་གཞག་གཏན་ལ་འབེབ་པའི་ཐེག་ཆེན་ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་མཐའ་འདི་ཉིད་ནི། ཕྱོགས་འཛིན་གྱི་སྤྲོས་པ་མཐའ་དག་དང་བྲལ་བའི་ཆོས་དབྱིངས་དེ་བཞིན་ཉིད་དམ་བརྗོད་བྱ་དོན་གྱི་དབུ་མ་དང་རྗོད་བྱེད་ཚིག་གི་དབུ་མ་གཉིས་ཀྱིས་སྒོ་ནས་རྣམ་གཞག་བྱེད་མོད། ཕྱི་མ་ནི་ཟབ་མོ་དབུ་མའི་དགོངས་དོན་བཀྲལ་བའི་རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པས་བརྩམས་པའི་དབུ་མའི་བསྟན་བཅོས་ལ་གོ་བ་འདི་གདུལ་བྱར་ཟབ་མོ་དབུ་མའི་དོན་སྟོན་པའི་ཚུལ་གྱིས་འབྱེད་པ་ལས་དབུ་མའམ་ཆོས་དབྱིངས་སམ་སྤྲོས་བྲལ་གང་ཉིད་མིན་ནོ། །དེ་ལྟའི་ཆོས་ཐམས་ཅད་བདེན་པའི་ངོ་བོ་ཉིད་དུ་མ་གྲུབ་པར་སྨྲ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བ་དང་། རྟག་ཆད་ཀྱི་མཐའ་གཉིས་ལེགས་པར་སྤངས་ཏེ། གྲུབ་པའི་མཐའ་སྨྲ་བས་ན་དབུ་མ་པ་ཞེས་བརྗོད་པའི་ཟབ་མོ་དབུ་མའི་དོན་སྟོན་པའི་གྲུབ་པའི་མཐའ་འདི་ལ་ཐ་སྙད་ཚད་གྲུབ་ཞལ་གྱི་བཞེད་མིན་དང་། གང་ཟག་གི་བདག་ཁས་ལེན་ཚུལ་གྱི་ཁྱད་པར་དང་། སྣང་བ་དགག་བྱར་འདོད་མིན་དང་ཞིག་པ་དངོས་པོར་འདོད་མིན་གྱི་ཁྱད་པར་གྱིས་དབུ་མ་སྔ་རབས་དང་ཕྱི་རབས་ཀྱི་གྲུབ་པའི་མཐའ་གཉིས་སུ་གྱེས་ཤིང་། སྔ་རབས་པ་འདི་ལའང་ཐལ་འགྱུར་བ་སྟེ། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་གང་ཞིག ཐ་སྙད་ཙམ་དུ་ཐ་སྙད་པའི་ཚད་མས་གྲུབ་པའི་ཆོས་ཁས་མི་ལེན་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དང་། རང་རྒྱུད་པ་སྟེ་ཐ་སྙད་ཙམ་དུ་ཐ་སྙད་པའི་ཚད་མས་གྲུབ་པའི་ཆོས་ཁས་ལེན་པའི་ངོ་བོ་ཉིད་མེད་པར་སྨྲ་བའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་གཉིས་སུ་གྱེས། ཐལ་འགྱུར་བའི་གྲུབ་མཐའ་ལའང་ཐལ་འགྱུར་སྔ་རབས་པ་དང་ཐལ་འགྱུར་ཕྱི་རབས་པ་སྟེ་དབུ་མ་ཕྱི་རབས་པར་བརྡ་ཙམ་ཞིག་འབྱུང་བ་ཡོད་པ་ལས་དབུ་མ་པ་ཡིན་པར་དྭགས་བརྒྱུད་གྲུབ་ཤིང་གི་སྐབས་འདིར་ཁས་ལེན་འོས་པར་མ་མཐོང་སྟེ། བླ་མ་མི་བསྐྱོད་པ་ཆེན་མོས་སློབ་དཔོན་ཟླ་བས་ལེགས་པར་བཀྲལ་བའི་ཚུལ་དཔལ་ལྡན་མར་མེ་མཛད་བཟང་པོ་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་དགེ་བའི་བཤེས་གཉེན་སྐུ་མཆེད་གསུམ་ལས་འཕེལ་བའི་ཡིག་ཆ་རྙིང་པ་ཐམས་ཅད་དང་། ཁྱད་པར་དུ་པ་ཚབ་ལོ་ཙཱ་བུ་བཞི་རྗེས་འབྲང་དང་བཅས་པའི་རིང་ལུགས་སྒྲ་ཇི་བཞིན་དུ་སྨྲ་བ་ལོ་ཆེན་སྐྱབས་མཆོག་དཔལ་བཟང་སོགས་ཀྱི་ལེགས་པར་བཤད་པའི་ཆ་དག་འདིར་གསལ་བར་བྱས་ཏེ་རྩོམ་པས་གཞུང་འདིའི་སྐབས་སུ་ཐལ་འགྱུར་སྔ་ཕྱི་རབས་ཀྱི་ཚིག་གི་ཟུར་འབྱུང་མོད་ཐལ་འགྱུར་ཕྱི་རབས་པའམ་དབུ་མ་ཕྱི་རབས་པ་སྟེ་རྗེ་རིན་པོ་ཆེའི་རྗེས་འབྲང་དང་བཅས་པ་ཐལ་འགྱུར་བ་རུ་འཆད་མི་འོས་ཏེ། ཐལ་འགྱུར་གྱི་ལྟ་བའི་རྣམ་གཞག་གཏན་ལ་དབབ་ཚུལ་གྱི་ཆ་ནས་དེ་དག་དབུ་མ་པར་མི་འཐད་པའི་ཕྱིར་རོ། །རང་རྒྱུད་པ་ལའང་ཆོས་ཅན་མཐུན་སྣང་དུ་གྲུབ་པར་སྨྲ་བའི་རང་རྒྱུད་སྔ་རབས་པ་དང་། ཆོས་ཅན་མཐུན་སྣང་དུ་མ་སྒྲུབ་པར་སྨྲ་བའི་རང་རྒྱུད་ཕྱི་རབས་པ་གཉིས་ཡོད་དེ། དེའང་དྭགས་བརྒྱུད་གྲུབ་ཤིང་ལས། སློབ་དཔོན་ཟླ་བས་དགག་པ་དེ་ལེགས་ལྡན་འབྱེད་ལ་སོང་བའི་དབང་གིས་དབུ་མ་པ་དང་དངོས་སྨྲ་བ་རྩོད་པའི་ཚེ་རྒོལ་ཕྱི་རྒོལ་གཉིས་ཀས་མཐུན་པར་ཚད་མས་གྲུབ་པའི་ཆོས་ཅན་སོགས་ངེས་པར་འཛིན་དགོས་ཞེས་པའི་སོགས་འདི་བཏང་ནས། དེ་མི་དགོས་སོ་ཞེས་ཐལ་འགྱུར་བས་ཇི་སྐད་སྨྲ་བ་ལྟར་འཆད་པར་བྱེད་དེ། དེའི་འཆད་ཚུལ་ནི་དགག་སྒྲུབ་ཀྱི་རྟེན་ཆོས་ཅན་སོགས་དབུ་མ་པ་དང་དངོས་སྨྲ་བ་མཐུན་གྲུབ་མི་སྲིད་དེ། དབུ་མ་པས་གཞི་གཅིག་ལ་གཞན་གྲགས་ཀྱི་ཚད་མས་བདེན་པ་འགོག་པ་དང་། དངོས་སྨྲ་བས་རང་རྒྱུད་ཀྱི་ཚད་མས་བདེན་པར་ཞེན་ཅིང་སྒྲུབ་པར་བྱེད་པའི་ཕྱིར། ཞེས་སོགས་ཀྱིས་གྲུབ་བོ། །
3.ཐལ་རང་གཉིས་ཀྱི་རྣམ་གཞག་རྒྱས་པར་བཤད་པ།
ཤེས་བྱ་མཛོད་ལས། ཀུན་རྫོབ་རྩོད་ངག་ལ་སོགས་ཁྱད་པར་མང་། །ཞེས་གསུངས་པ་ལྟར། ཐལ་རང་གཉིས་ཀྱི་ཁྱད་པར་ནི་ཀུན་རྫོབ་ཙམ་དང་བརྡ་ཙམ་མམ་ཐ་སྙད་ཙམ་དུ་ཁས་ལེན་མིན་གྱི་ཁྱད་པར་ལས། 《དྭགས་བརྒྱུད་གྲུབ་ཤིང》ལས། ཀུན་རྫོབ་ཀྱི་བདེན་པའང་ཡང་དག་དོན་ལ་རང་ལུགས་སུ་གྲུབ་པར་ཅིས་མི་བཞེད་སྙམ་ན། རང་རྒྱུད་པ་དག་དེར་མི་བཞེད་དེ། ཁྱེད་ཀྱིས་བཀོད་པའི་སྦྱོར་བ་དེ་ལྟ་བུ་ལ་ཁྱབ་པ་མི་འཆའ་བའི་ཕྱིར། ཞེས་པ་དག་ནི་ཀུན་མཁྱེན་མི་བསྐྱོད་པས་གཞན་ངོར་རང་རྒྱུད་པའི་སློབ་དཔོན་དག་གི་ཀུན་རྫོབ་པའི་ཆོས་ཐ་སྙད་ཙམ་དུ་ཡོད་པར་འདོད་པ་དག་ལ་སློབ་དཔོན་ཆེན་མོ་ཟླ་བས་དགག་པ་དམིགས་ཕུག་ཏུ་མཛད་པ་དགོངས། རང་རྒྱུད་པས་ཐ་སྙད་ཙམ་དུ་ཁས་ལེན་ནི་དཔྱད་པ་གསུམ་གྱི་གནས་སྐབས་ལས་ཅུང་ཟད་དཔྱད་པའི་ཚེ་མདོ་སེམས་ཀྱི་ཐ་སྙད་ཀྱི་རྣམ་གཞག་གཙོ་ཆེ་བའི་དབང་དུ་བྱས་ཏེ་ཞལ་བཞེས་གནང་བ་ནི་རང་རྒྱུད་པ་ལ་མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡིན་པས་ཁྱབ་བས་སོ། །དེ་ལ་མདོ་སྡེ་སྤྱོད་པའི་རང་རྒྱུད་སྔ་རབས་པ་ལེགས་ལྡན་འབྱེད་རྗེས་འབྲང་དང་བཅས་པར་སློབ་དཔོན་ཟླ་བའི་དགག་པ་དེ་ལེགས་ལྡན་འབྱེད་ལ་སོང་བའི་དབང་གིས་དབུ་མ་པ་དང་དངོས་སྨྲ་བ་རྩོད་པའི་རྒོལ་ཕྱི་རྒོལ་གཉིས་ཀས་མཐུན་པར་ཚད་མས་གྲུབ་པའི་ཆོས་ཅན་སོགས་ངེས་པར་འཛིན་དགོས་ཞེས་པས་ཀྱང་རང་རྒྱུད་སྔ་རབས་པས་ཐ་སྙད་ཙམ་དུ་ཚད་མས་གྲུབ་པའི་ཆོས་ཞལ་བཞེད་ཡོད་པར་གྲུབ་ལ། ཐལ་འགྱུར་བས་ནི་འཇིག་རྟེན་ངོར་བྱེད་བདག་ནི་སྨྲ་བར་བྱེད། ཅེས་པ་ལྟར་ཐ་སྙད་དམ་བརྡ་ཙམ་གྱི་རྣམ་གཞག་གཙོ་ཆེ་བར་ཁས་ལེན་པ་མགོན་པོ་ཀླུ་སྒྲུབ་ཀྱིས། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་བརྗོད་མི་བྱ། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་པ་ལྟར། དཔེར་ན་རབ་རིབ་ཅན་ལ་སྐྲ་ཤད་སོགས་སྣ་ཚོགས་སུ་སྣང་ཞིང་། ཞེན་པ་དེའི་བདེན་ཞེན་བཟློག་པའི་ཕྱིར། རབ་རིབ་མེད་པས་སྐྲ་ཤད་སོགས་སྣ་ཚོགས་སུ་སྣང་མོད་ཀྱི། སྣང་བ་ལྟར་ཡོད་པ་མ་ཡིན་ནོ། །ཞེས་སྨྲས་པ་ན། རབ་རིབ་མེད་ལ་ཐ་སྙད་དུ་སྐྲ་ཤད་སོགས་སྣང་དགོས་པ་མ་ཡིན་པ་ལྟར་གཞན་གྲགས་གཞན་ངོར་མིང་བརྡ་ཙམ་དང་ཐ་སྙད་ཙམ་དུ་ཁས་ལེན་ཡོད་ན་ཁས་ལེན་ཡོད་པའི་འགལ་བ་མ་གྲུབ་བོ། །འོ་ན་གཞན་གྲགས་གཞན་ངོར་མིང་བརྡ་ཙམ་དང་ཐ་སྙད་དུ་ཁས་ལེན་ཡོད་ན་ཁས་ལེན་ཡོད་པས་མ་ཁྱབ་ན་དེར་ཁས་ལེན་ཡོད་ཅེས་སྨྲས་པའི་དགོས་པ་ཅི་ཙམ་ཡོད་སྙམ་ན་དངོས་པོ་ལ་མངོན་པར་ཞེན་པ་རྣམས་ཀྱི་ལོག་རྟོག་བཟློག་པའི་ཕྱིར་དེ་དག་གི་འཁྲུལ་ངོར་བྲག་ཆ་བཞིན་དུ་སྒྲ་ཙམ་ཞིག་གི་རྗེས་སུ་བཟུང་བའོ། །མདོ་སྡེ་སྤྱོད་པའི་རང་རྒྱུད་ཕྱི་རབས་པ་སྟེ་ཡེ་ཤེས་སྙིང་པོས་རགས་པ་ཕྱིའི་དབུ་མ་པའི་རྗེས་སུ་འབྲངས་ནས་ཐ་སྙད་ཙམ་དུ་ཕྱིའི་དོན་ཁས་ལེན་ཞིང་དེ་དག་གི་རྣམ་གཞག་ཀྱང་མདོ་སྡེ་པ་དང་རྗེས་སུ་མཐུན་པར་བྱེད། ཅེས་པས་ཐ་སྙད་ཀྱི་རྣམ་གཞག་མདོ་སྡེ་པ་ལྟར་སྒོ་བསྟུན་ཏེ་སྨྲས་ཤིང་རང་ལུགས་ལ་ཚད་མ་གྲུབ་པའི་ཆོས་ཞལ་གྱིས་མི་བཞེད་པ་ཡིན་པའི་བདེན་ཁ་རྙེད་ལ། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་ལ་རང་རྒྱུད་ཕྱི་མས་ཁྱབ་ཅིང་ཕྱི་མ་དག་ཕྱོགས་དང་དེའི་ཆོས་སོགས་རྒོལ་བ་གཉིས་ཀར་མཐུན་གྲུབ་མི་འབྱུང་བས་རྒོལ་བ་གཉིས་ཀའི་མ་དཔྱད་པ་ཤེས་པར་སྣང་བའི་མྱུག་སོགས་ལྟ་བུ་རྩོད་ངོར་འཛིན། ཞེས་པས་རང་ལུགས་ལ་ཚད་གྲུབ་ཏུ་མི་བཞེད་ཅེས་པ་གོ་བའོ། །དེས་ན་ཐལ་རང་གཉིས་ཀའི་ཁྱད་པར་འབྱེད་བྱེད་ནི་དེ་ལྟར་དུ་གནས་ལ། དེ་གཉིས་ལ་ཐ་སྙད་ཙམ་དུ་སྣང་བ་དགག་བྱར་འདོད་མིན་དང་། ཀུན་གཞི་ཁས་ལེན་མིན་གྱི་ཁྱད་པར་དང་། ཚུལ་གསུམ་དངོས་སྟོབས་ཀྱི་ཚད་མས་གྲུབ་མིན་གྱི་ཁྱད་པར་ཡོད་མོད། དེ་ཙམ་གྱིས་ཁྱད་པར་འབྱེད་ན་རང་རྒྱུད་པ་ལ་ལ་རང་རྒྱུད་པའི་གྲལ་ལས་ཕྱིར་ཕེབས་དགོས་པའི་གནས་ཚུལ་ལྷག་ཉེན་འདུག་པ་ངེས་རིགས་སོ། །
4.ཐལ་རང་ཐུན་མོང་གི་རིགས་ཆེན་ལྔ།
ངོ་བོ་དཔྱད་ནས་འགོག་པ་གཅིག་དང་དུ་མའི་ངོ་བོ་ཉིད་འགོག་པའི་རིགས་པ་དང་། རྒྱུ་ལ་དཔྱད་ནས་འགོག་པ་རྡོ་རྗེ་གཟེགས་མའི་རིགས་པ་དང་། འབྲས་བུ་ལ་དཔྱད་ནས་འགོག་པ་ཡོད་མེད་སྐྱེ་འགོག་གི་རིགས་པ། གཉིས་ཀ་ལ་དཔྱད་ནས་འགོག་པ་མུ་བཞི་དཔྱད་འགོག་གི་རིགས་པ། རིགས་པའི་རྒྱལ་པོ་རྟེན་འབྲེལ་ཆེན་མོའི་རིགས་པ་བཅས་དབུ་མའི་རིགས་ཆེན་ལྔ་རུ་གྲགས་ལ། དེ་ལས་ངོ་བོ་ལ་དཔྱད་ནས་འགོག་པ་གཅིག་དུ་བྲལ་གྱི་རིགས་པ་ནི།
《མཁན་ཆེན་ཞི་བ་འཚོའི་དབུ་མ་རྒྱན》ལས། དངོས་པོ་གང་གང་རྣམ་དཔྱད་ན། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག་ཉིད་ཡོད་མིན་པ། །དེ་ལ་དུ་མ་ཉིད་ཀྱང་མེད། །གཅིག་དང་དུ་མ་མ་གཏོགས་པའི། །རྣམ་པ་གཞན་དང་ལྡན་པ་ཡིས། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་པའི་གཞུང་གིས་ཡོད་མེད་ཀྱི་སྤྲོས་པའི་ཆོས་ཀུན་བདེན་པར་སྐྱེ་བ་མེད་པས་གཅིག་དང་དུ་མའི་བདག་ཉིད་དུ་མི་འཐད་དེ། གཅིག་ན་སྐྱེ་འཇིག་གནས་གསུམ་ཅན་དུ་མེད་དགོས་ཤིང་། བདེན་པའི་གཅིག་ཡོད་པ་མིན་པས་དུ་མའང་ཡོད་པར་འཐད་པ་ཇི་ལྟར་རིགས་ལགས་ཏེ། རིགས་པས་དཔྱད་པའི་ཚེ་གཅིག་དང་དུ་མ་གང་རུང་དུ་མེད་ན་རང་བཞིན་གྱིས་ཡོད་པ་མ་ཡིན་པས་ཁྱབ་ཅིང་རང་བཞིན་གྱིས་ཡོད་ན་གཅིག་དང་དུ་མ་གང་རུང་གི་ངོ་བོར་ཡོད་དགོས་པས་ཁྱབ་པ་འཁྲུལ་བྲལ་གྱིས་བཞེད་པ་ཡིན་ཚུལ་གྱི་རྡོ་རྗེའི་གཞུང་ཚིག་གིས་གྲུབ་པས་སོ། །
རྒྱུ་ལ་དཔྱད་ནས་འགོག་པ་རྡོ་རྗེ་གཟེགས་མའི་རིགས་པ་ནི། དབུ་མ་བདེན་གཉིས་ལས། དུ་མས་དངོས་པོ་གཅིག་མི་བྱས། །དུ་མས་དུ་མ་བྱས་མ་ཡིན། །གཅིག་གི་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་པས་ཀྱང་བདེན་གཉིས་སམ་གཅིག་དང་ཐ་དད་གང་རུང་དུ་རྣམ་པར་འབྱེད་པའི་ཡོད་མེད་སྤྲོས་པའི་ཆོས་ཀུན་སྐྱེ་བ་མེད་དེ་རྒྱུ་དུ་མས་འབྲས་བུ་དངོས་པོ་གཅིག་མི་བསྐྱེད་པ་སོགས་མུ་བཞི་ཁེགས་པའི་སྒོ་ནས་མི་སྐྱེ་བས་སོ། །
འབྲས་བུ་ལ་དཔྱད་ནས་འགོག་པ་ཡོད་མེད་སྐྱེ་འགོག་གི་རིགས་པ་ནི། རྩ་ཤེས་ལས། མེད་དང་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། མེད་ན་གང་གིས་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་དང་། ཀཱ་མ་ལ་ཤཱི་ལས་ཀྱང་། ཡོད་པ་རྣམ་པར་མི་སྐྱེ་སྟེ། །མེད་པ་ནམ་མཁའི་པདྨོ་བཞིན། །ཞེས་པ་དག་གིས་གཞུང་ལས་འབྲས་བུ་དག་རྐྱེན་ལས་སྐྱེ་བར་མི་འཐད་དེ། འབྲས་བུ་རྐྱེན་གྱི་སྔར་མེད་ན་རྐྱེན་ཉིད་འབྲས་བུའི་རྐྱེན་དུ་ཇི་ལྟར་འཐད་དེ་མི་འཐད་ལ། ཡོད་ན་གྲུབ་ཟིན་ལ་སྒྲུབ་པའི་དགོས་པ་མེད་པར་གྲུབ་པས་མི་རིགས་པའི་ཚུལ་གྱིས་བསྟན།
གཉིས་ཀ་ལ་དཔྱད་ནས་འགོག་པ་མུ་བཞི་སྐྱེ་འགོག་གི་རིགས་པ་ནི། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལ་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོགས་ཀྱིས་ཆོས་ཐམས་ཅད་བདག་དང་གཞན་ནམ་གཉིས་ཀའམ་རྒྱུ་མེད་ལས་སྐྱེ་བར་མི་ནུས་ཚུལ་བསྟན་ལ། ཆོས་ཐམས་ཅད་སྐྱེ་བ་མེད་པས་ན་དྲི་མ་གནས་པ་དང་འགག་པ་ལྟ་ག་ལ་ཡོད། དེ་དག་མེད་ན་དངོས་པོ་དང་འདུས་བྱས་མེད་དེ། དེ་དག་མེད་ན་དངོས་མེད་དང་འདུས་མ་བྱས་ལ་སོགས་པ་ཡང་ཕ་དང་བུ་བཞིན་དུ་ཕན་ཚུན་བལྟས་ནས་མིང་ཙམ་དུ་ཐ་སྙད་བྱས་པའི་ཕྱིར་མི་འཐད་དེ། སྐྱེ་དང་གནས་དང་འགག་པ་དག མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་གྲུབ། །ཅེས་པས་གྲུབ་བོ། །འདིར་ངེས་དགོས་པ་ལ་གོང་གི་མུ་བཞི་སྐྱེ་འགོག་གི་རིགས་པ་བསྟན་བྱེད་ཀྱི་གཞུང་འདི་ལ་བརྟེན་ནས་ལེགས་ལྡན་འབྱེད་སོགས་སློབ་དཔོན་དག་གིས་རང་རྒྱུད་ཀྱི་དམ་བཅའ་བཞི་ལ་སྦྱར་ནས་སྐྱེ་བ་འགོག་པ་གཏན་ཚིགས་དང་དཔེ་ཡིས་ཁ་བཀང་མཛད་དེ་རྡོ་རྗེ་གཟེགས་མའི་རིགས་པ་བསྟན་པར་འཆད་པ་ཐལ་འགྱུར་པར་མི་འཐད་ཚུལ་གྲུབ་ཤིང་ལས་ཤེས་པར་བྱའོ། །
ཐམས་ཅད་ལ་དཔྱད་ནས་འགོག་པ་རྟེན་འབྲེལ་ཆེན་མོའི་རིགས་པ་ནི། རྩ་ཤེས་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པ། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་ཆོས་རྣམས་ཐམས་ཅད་རྟེན་ཅིང་འབྲེལ་བ་རུ་གྲུབ་པས་ཐོབ་བྱ་བྱང་ཆུབ་ནམ་མཁའི་པདྨོ་བཞིན་སྔར་ཡོད་འགག་པ་དང་། ཕྱིས་སྐྱེ་བ་མེད་ཅིང་སྤང་བྱ་དྲི་མ་སོགས་ཀྱང་ཡོད་མ་མྱོང་བས་ཟད་པར་ཤེས་པ་མི་འཐད་པར་གྲུབ་པའོ། །
5.ཐལ་འགྱུར་ཐུན་མོང་མ་ཡིན་པའི་རིགས་པ་བཞི་དང་ཁས་ལེན་མེད་པའི་རྣམ་གཞག
གཞན་ལ་གྲགས་ཀྱི་རྗེས་དཔག་ནི་དངོས་པོ་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མ་ཡིན་ཏེ། ཡོད་པའི་ཕྱིར། ཞེས་པ་ལྟ་བུའི་ཆོས་དཔེ་དང་གཏན་ཚིགས་ལ་སོགས་པ་རྒོལ་བ་ལ་གྲགས་པ་ལྟར་དུ་བརྗོད་པའི་གཞན་ལ་རྩོད་པ་བྱེད་པ་དེའོ། །
འགལ་བ་བརྗོད་པའི་ཐལ་འགྱུར་ནི་གྲངས་ཅན་པས་བདག་སྐྱེ་ཞལ་བཞེད་མཛད་ནས་འབྲས་བུ་རྒྱུའི་ཀློང་དུ་ཡོད་པ་སྐྱེ་ལ་མེད་པ་མི་སྐྱེ་བར་འདོད་པ་ལ། དངོས་པོ་རྣམས་ཆོས་ཅན། སྐྱེ་བ་དོན་མེད་དུ་ཐལ། རྒྱུ་ཡི་དུས་སུ་གྲུབ་ཟིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་རོ། །
རྒྱུ་མཚན་མཚུངས་པའི་མགོ་སྙོམས་ནི་རྩ་ཤེས་ལས། རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་པ་ལྟར་རྒྱུ་འབྲས་གཉིས་གཞན་ན་རྒྱུ་དང་རྒྱུ་མིན་མཚུངས་པ་ཐལ་བ་དང་གལ་ཏེ་གཞན་ལ་བསྟན་ནས་གཞན་ཞིག་སྐྱེ་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་བ་འགྱུར། །བཅས་སོགས་ཀྱིས་བསྟན་པའི་རིགས་པ་དག་གོ །
སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་ནི། སྟོང་པ་ཉིད་ཀྱིས་རྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡི་ཐམས་ཅད་ལན་བཏབས་མིན། །བསྒྲུབ་པར་བྱ་བ་མཚུངས་པར་འགྱུར། །ཞེས་པ་ལྟར་སྟོང་པ་ཉིད་ཀྱི་རྩད་བྱས་ན་ལན་བཏབས་པའང་ལན་བཏབས་པ་མིན་པར་བསྒྲུབ་བྱ་སྟོང་ཉིད་སྒྲུབ་པ་ཇི་བཞིན་ལན་ཉིད་ཀྱང་མ་གྲུབ་པར་བསྟན་པ་ལྟ་བུའི་སྒྲུབ་བྱེད་ཀྱི་རིགས་པའང་བསྒྲུབ་བྱ་ཉིད་མ་སྒྲུབ་པར་བསྟན་པའོ། །
ཐུན་མོང་མ་ཡིན་པའི་རིགས་པ་བཞི་པོ་འདི་དག་ནི། ཐལ་འགྱུར་ཐུན་མོང་མིན་པའི་རིགས་པ་ཅིའི་ཕྱིར་ཡིན་ཅེ་ན། ཐལ་འགྱུར་བས་གཞན་གྲགས་སུ་རྗེས་བརྗོད་ཙམ་དུ་ཞལ་བཞེས་མཛད་པའི་རིགས་པ་ཡིན་པས་སོ། །
རང་རྒྱུད་པའི་དམ་བཅའ་མེད་པ་ནི་རྩོད་བཟློག་ལས་གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ལ་སྐྱོན་མེད་ཁོ་ན་ཡིན། །གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །བསྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་པ་ལྟར་རང་ཕྱོགས་སུ་ཁས་ལེན་མེད་པའོ། །
6.རྣམ་ལྔའི་རིགས་པ་དང་ཤིང་རྟའི་རྣམ་བདུན་རིགས་པ།
རྩ་ཤེས་ལས། སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་ལ་སྐུ་མེད་དེ་དེར་མེད། དེ་བཞིན་གཤེགས་པ་སྐུ་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་གསུངས་པས་དེ་བཞིན་གཤེགས་པ་སྐུ་མ་ཡིན་པ་དང་སྐུ་ལས་གཞན་མ་ཡིན་པ་དང་དེ་བཞིན་གཤེགས་པ་ལ་སྐུ་མེད་པ་དང་སྐུ་དེ་བཞིན་གཤེགས་པར་མེད་པ་དང་དེ་བཞིན་གཤེགས་པ་སྐུ་དང་ལྡན་པ་མ་ཡིན་པའི་རིགས་པ་རྣམ་པ་ལྔ་ཡིས་བསྟན་པ་ལ་དཔལ་ལྡན་ཟླ་བས་འཇུག་པ་ལས་རིགས་པ་རྣམ་པ་ལྔ་པོ་དེ་ཁ་བསྒྱུར་ནས་ཤིང་རྟ་བདེན་མེད་དུ་གཏན་ལ་དབབ་བྱེད་ཀྱི་རིགས་པ་ལྔར་བཤད་ཅིང་དེའི་ཐོག་ཏུ་ཡན་ལག་འདུས་པ་དང་དབྱིབས་ཤིང་རྟ་མིན་པའི་ཚུལ་གྱིས། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང་། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་པས་རྣམ་བདུན་ཤིང་རྟའི་རིགས་པ་བསྟན་ཏེ། གལ་ཏེ་ཚོགས་ཙམ་ཤིང་རྟར་འགྱུར་ན་ནི། །སིལ་བུར་གནས་ལ་ཤིང་རྟ་ཉིད་ཡོད་འགྱུར། །ཞེས་ཤིང་རྟའི་ཡན་ལག་འཁོར་ལོ་དང་གཟེར་བུ་སོགས་སིལ་བུར་གནས་པ་ཚོགས་ཙམ་མམ་འདུས་ཙམ་ཤིང་རྟར་བཤད་ཚེ་སིལ་བུར་གནས་པའི་ཚོགས་པ་ལའང་ཤིང་རྟར་ཡོད་པར་འགྱུར་བས་མི་འཐད་པ་དང་། གང་ཕྱིར་ཡན་ལག་ཅན་མེད་ཡན་ལག་དག །མེད་པས་དབྱིབས་ཙམ་ཤིང་རྟར་རིགས་པའང་མིན། །ཞེས་པས་ཡན་ལག་དང་ཡན་ལག་ཅན་དག་དབུ་མའི་དོན་དཔྱོད་རིགས་པས་དཔྱད་ཚེ་མེད་པ་དེའི་ཕྱིར། ཤིང་རྟའི་དབྱིབས་ཙམ་ཞིག་ཤིང་རྟར་ཅིའི་ཕྱིར་འཐད་རིགས་པ་ཡིན་ཏེ་མི་འཐད་དོ། །
7.དབུ་མའི་དོན་དཔྱོད་རིགས་པས་ཤེས་བྱ་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་པ།
གཞན་ངོར་དབུ་མའི་དོན་དཔྱོད་རིགས་པས་ཤེས་བྱ་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་ནས་ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་པ་སྒྱུ་མ་དང་རྨི་ལམ་ལྟ་བུར་གྲུབ་པ་ནི། རིགས་པ་དེ་དག་གིས་ཆོས་ཐམས་ཅད་བདེན་པ་གཉིས་ཆར་དུ་མ་གྲུབ་པར་གཏན་ལ་ཕབ་པའི་ཤུགས་ལས་ངེས་པའོ། །ཅི་ཞིག་རྟོག་བཏགས་སྒྱུ་མ་ལྟ་བུར་ངེས་ན་ཚུར་མཐོང་ཤེས་པའི་ངོར་རྒྱུ་འབྲས་འཁོར་འདས་སུ་བཟུང་བའི་སྣང་བ་སྣ་ཚོགས་པ་དེའོ། །
ཚུལ་ཇི་ལྟར་ངེས་སམ་སྙམ་ན་དབུ་མའི་དོན་དཔྱོད་ཀྱི་རིགས་པ་དེ་དག་གིས་དཔྱད་ནས་ཆོས་གང་ཡང་མ་གྲུབ་པར་ངེས་ཚེ། འོ་ན་རང་རེར་ཚོགས་དྲུག་གི་སྣང་བ་སྣ་ཚོགས་སུ་ཤར་བ་འདི་ཅི་ཞིག་ཡིན་སྙམ་པ་ལ། དེ་ལྟའི་ཡུལ་ཅན་འདི་དག་ནི་དེ་ལྟར་གྲུབ་པ་ཞིག་གཏན་མ་ཡིན་པར་རྟོག་པས་སྒྲོ་བཏགས་པ་ཞིག་ཡིན་པར་ཤེས་པའི་བློ་ཞིག་སྔར་གྱི་རིགས་པའི་སྟོབས་ལས་ངམ་ངམ་ཤུགས་ཀྱིས་དྲངས་པ་སྟེ། དཔེར་ན་ཐག་ཁྲ་སྦྲུལ་དུ་འཁྲུལ་བའི་གང་ཟག་གིས་ཐག་ཁྲའི་སྟེང་དུ་སྦྲུལ་བཙལ་ནས་མེད་པར་ཤེས་པ་ན་སྔར་སྦྲུལ་ཡོད་པར་སྣང་བ་དེ་ཅི་ཞིག་ཡིན་ནམ་སྙམ་པ་ལ། སྦྲུལ་ཡོད་པར་སྣང་བ་སྒྲོ་བཏགས་པ་ཙམ་དུ་ཟད་པར་རང་ཤུགས་ཀྱིས་རྟོགས་པ་ལྟར་རོ། །དེས་ངེས་ཚུལ་ལྟར་ན་མིག་ལ་གཟུགས་གསལ་བོར་སྣང་བ་དེ་ཡང་མིག་དེའི་ངོར་སྣང་བ་མ་ཡིན་པར་ཞིབ་ཏུ་དཔྱད་པ་ཞུགས་པ་ན་ཡུལ་དང་ཡུལ་ཅན་གང་ཡང་ཐ་སྙད་དུ་མ་གྲུབ་པས་སྣང་ཚུལ་ཞིག་གཞི་མེད་རྩ་བྲལ་དུ་སོང་བས་མེད་ལ་དེས་ན་དེ་ལྟར་སྣང་ངོ་ཞེས་བློ་རྟོག་བཅས་ཀྱིས་སྒྲོ་བཏགས་པ་ཙམ་ཡིན་ནོ། །ཞེས་དབུ་མའི་གཞུང་ལུགས་དག་ལས་འབྱུང་ཞིང་རྟོགས་པའོ། །དེ་བཞིན་དབུ་མའི་དོན་དམ་དོན་དཔྱོད་རིགས་པ་དེ་དག་གིས་དཔྱད་པའི་ཚེ་ཀ་བུམ་ལ་སོགས་པ་གཏན་ནས་མ་གྲུབ་པ་ཤེས་མོད། ཐ་སྙད་ཙམ་དུ་གཟུགས་སྒྲ་སོགས་སྒོ་ལྔའི་ཤེས་པའི་ངོར་གསལ་བར་སྣང་བས་འདི་དག་དོན་ལ་ཡེ་ནས་མ་གྲུབ་བཞིན་དུ་སྣང་ངོ་སྙམ་དུ་རྟོགས་པ་ལའང་རྟོག་བཏགས་སྒྱུ་མ་ལྟར་རྟོགས་ཞེས་བརྗོད་པའང་འབྱུང་སྟེ། དཔེར་ན་མཁྲིས་ནད་ཅན་ལ་དུང་སེར་པོར་སྣང་ཚེ་དོན་ལ་དུང་སེར་པོར་མེད་ཀྱང་འཁྲུལ་ངོར་དེ་ལྟར་སྣང་བའོ་སྙམ་དུ་རྟོགས་པ་བཞིན་ནོ། །དེ་ལྟར་སྟོང་ཉིད་དང་རྟོག་བཏགས་ངེས་ཚུལ་ཞིབ་དུ་བཤད་པའི་གོ་དོན་ཧྲིལ་གྱིས་དྲིལ་ནས་བཤད་ན་ཡིན་ལུགས་ལ་སྒྲོ་སྐུར་གང་ཡང་མ་བྱས་པར་གང་དུའང་མ་བཟུང་བའི་སྤྲོས་བྲལ་ཙམ་སྟོང་ཉིད་ཡིན་པ་དང་ཆོས་གང་ཡང་བློ་རྟོག་པས་བཏགས་ཙམ་སྣང་བར་བཞེད་དགོས་པ་རིགས་སོ། །
8.ཟུར་དུ་རང་སྟོང་གཞན་སྟོང་དང་ཐལ་འགྱུར་དང་རང་རྒྱུད་བར་གྱི་དབུ་མའི་དོན་དཔྱོད་རིགས་པའི་འཛིན་མཚམས་བཤད་པ།
རང་སྟོང་ནི་དྭགས་བརྒྱུད་གྲུབ་ཤིང་ལས་བདེན་པ་གཉིས་ལས་བརྩམས་པའི་རང་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་མེད་ཀྱང་། གཞན་གྱི་བཏགས་པ་སེལ་བའི་ཆེད་ཀྱི་དགག་སྒྲུབ་འཇིག་རྟེན་དང་རྗེས་མཐུན་དུ་བརྗོད་པ་ནི་ཐལ་འགྱུར་བའི་ལུགས་ཡིན་ལ། དོན་དམ་བདེན་པ་ལས་བརྩམས་པའི་རང་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་མེད་ཀྱང་ཀུན་རྫོབ་ལས་བརྩམས་ནས་དེ་ཉིད་འཚོལ་བྱེད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་འཐད་ལྡན་གྱིས་གཞན་གྱི་བཏགས་པ་སེལ་བའི་དགག་སྒྲུབ་ཁྱད་པར་ཅན་བརྗོད་པ་ནི་རང་རྒྱུད་པའི་ལུགས་སོ་ཞེས་སྲོག་གནད་དུ་གདམས་སོ། །ཞེས་པ་ལྟར་ཐལ་རང་གཉིས་ལས་སྔ་མས་བདེན་པ་གཉིས་སུ་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་སྤྲོས་བྲལ་ཡིན་མིན་གྱི་རྣམ་གཞག་མེད་ཅིང་གཞན་ངོར་ཅུང་ཟད་དཔྱད་པའི་སྐབས་སུ་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་ཡོད་མིན་ཡིན་མིན་གྱི་སྤྲོས་པ་དང་བྲལ་བར་རྗེས་བརྗོད་བྱས་ཏེ་ཞལ་བཞེད་མཛད་པ་དང་། ཕྱི་མས་དོན་དམ་པར་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་སྤྲོས་བཅས་དང་སྤྲོས་བྲལ་གྱི་རྣམ་གཞག་མི་འཐད་མོད། ཐ་སྙད་ཙམ་དུ་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་ཞལ་བཞེད་མཛད་པའི་ཁྱད་པར་རོ། །
མཇུག་གི་གཏམ།
ཤེས་རབ་ཆེ་བ་དང་མང་དུ་ཐོས་པ། བརྩོན་འགྲུས་ཀྱི་དཀའ་ཐུབ་བརྟན་པའི་རྒྱུ་གསུམ་གྱིས་དབུལ་ཞིང་མ་མཐའ་ཡང”ལྷ་ཁང་རྙིང་པ་ལ་གནས་བཤད་གསར་པ”རེ་རྒྱག་པའི་གོམ་གཤིས་ཀྱིས་སྟོང་བའི་ཕྲན་གྱིས་དབུ་མའི་གྲུབ་མཐའི་རྣམ་གཞག་དང་དབུ་མའི་དོན་དཔྱོད་རིགས་པར་རགས་བསྡུས་ངང་དཔྱད་པའི་ཟོལ་འདི་ནི། རང་གི་བློ་གྲོས་རྩལ་གྱིས་མ་ལོངས་པས། །གཞན་གྱིས་བྱས་པའི་ཚིག་ཟུར་འཆོས་པ་དང་། །གཞན་ནས་བླངས་ཏེ་གཞན་དུ་འགོད་བྱེད་པ། །སེང་གེའི་ལྷག་མ་བཟའ་བའི་ཝ་དང་མཚུངས། །གསུངས་པ་ལྟར་དུ་གནས་མོད། ཐོག་མེད་ནས་གོམས་པའི་ཆགས་སོགས་ཉོན་མོངས་པ་དང་རྣམ་པར་རྟོག་པའི་རྩ་བས་ཕྱུག་པའི་རང་གི་ཡིད་ལ་ངེས་ཤིང་བདུད་བཞི་བདུད་ཀྱི་གཡུལ་ལས་རྒྱལ་བའི་མཐུན་རྐྱེན་དུ་འགྱུར་བར་མོས་པས་བྲིས་པའོ།། །།
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི《ནང་རིག་འོད་སྣང》རྩོམ་སྒྲིག་ཁང་གི་འབྲེལ་ལམ།
རྩོམ་སྒྲིག་པ། དར་རྒྱས་རྒྱ་མཚོ།
དོ་དམ་པ། རིག་འཛིན་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་པ། མགོན་པོ་ཚེ་རིང་། ལིག་བཱེ།
长按二维码
关注我们
互联网宗教信息服务许可证|编号:青(2022)1000002