ཚད་མའི་གཞུང་གི་ཞིབ་འཇུག་བློ་གསལ་རིགས་རྒྱན།
因明学研究
༄༅།།བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེའི་དཀའ་གནད་ཀྱི་སྙིང་པོ་མདོ་ཙམ་བརྗོད་པ། ལྕམ་མདའ་དཀོན་མཆོག་འཕྲིན་ལས།ནང་དོན་གནད་བསྡུས། དེ་ཡང་འཇམ་དཔལ་དབྱངས་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་མཆོག་གི་བསྡུས་གྲྭའི་ཆོས་མཛོད་ཆེན་མོའི་སྐབས་སུ་སྤྱིར་ཆོས་ཐམས་ཅད་ཀྱི་དབྱེ་གཞི་ཤེས་བྱ་དང་། དེའི་དབྱེ་བའི་རྣམ་གྲངས་བཅས། གཞུང་བཀའ་པོད་ལྔ་ལས་ཕལ་ཆེ་བའི་བརྗོད་དོན་རྒྱས་པར་བསྟན་པ་ལས། འདིར་གཞུང་དེའི་དཀའ་གནད་དང་སྙིང་དོན་མདོར་བསྡུས་ནས་ལུང་འདྲེན་དང་། དགག་བཞག་སོགས་ཀྱི་སྤྲོས་པ་དོར་ཏེ་མཛུབ་མོ་རི་སྟོན་གྱི་ཚུལ་དུ་བློ་གསལ་གཞོན་ནུ་འགའ་ཞིག་གིས་བསྟན་བཅོས་ཆེན་མོ་དེའི་དགོངས་དོན་རགས་རིམ་ཙམ་རེ་རྟོགས་པ་ལ་ཕན་དུ་རེ་བའི་ཀུན་སློང་རྣམ་པར་དག་པའི་སྒོ་ནས་ཅུང་ཟད་འབྲི་ཁུལ་བྱས་པ་ཡིན།བརྡ་ཆད་གཙོ་བོ། མཚན་མཚོན།འགལ་འབྲེལ།རྣམ་ཤེས།སེམས་བྱུང།བདེན་གཉིས།དེ་ལ་འདིར་བསྡུས་གྲྭའི་སྤྱི་དོན་རྣམ་པར་ངེས་པ་ཆོས་རྣམས་ཀྱི་མཚན་ཉིད་རབ་ཏུ་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བའི་དཀའ་གནད་ཀྱི་སྙིང་པོ་མདོ་ཙམ་བརྗོད་པར་བྱེད་པ་ལ། དབྱེ་གཞིའི་ཤེས་བྱ་བཤད་པ་དང་། ཤེས་བྱའི་དབྱེ་བ་བཤད་པ་གཉིས། དང་པོ་ལ། ཤེས་བྱའི་མཚན་ཉིད་དང་། ཤེས་བྱ་དང་དོན་གཅིག་པ་དང་། དེ་དག་གི་དོན་དང་། སྤྱིར་མཚན་མཚོན་གཞི་གསུམ་གྱི་དོན་ཞིབ་པར་བཤད་པ་དང་བཞི། དང་པོ་ནི། བློའི་ཡུལ་དུ་བྱ་རུང་བ་ཤེས་བྱའི་མཚན་ཉིད། དེ་ནི། ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཀྱང་། སེམས་ཅན་ནས་སངས་རྒྱས་ཀྱི་བར་གྱི་བློ་སྤྱིའི་ཡུལ་དུ་བྱ་རུང་བ་ཡིན་པས་ཆ་ནས་བཞག་པ་ཡིན་ནོ། །ཤེས་བྱའི་མཚན་གཞི་ནི། ཀ་བ། བུམ་པ། གཟུགས། ཤེས་པ། རྣམ་མཁྱེན། ནམ་མཁའ། འགོག་བདེན། ཀ་བའི་ལྡོག་པ། ཀ་བ་དང་གཅིག ཀ་བ་དང་ཐ་དད། དོན་སྤྱི། རི་བོང་རྭ་མེད་པ། ཀ་བུམ་གཉིས། རྟག་དངོས་གཉིས་སོགས་ཡིན་པ་མི་སྲིད་པའི་ཤེས་བྱ་ལ་སོགས་པའོ། །ཤེས་བྱ་མ་ཡིན་པ་ནི། རི་བོང་གི་རྭ། བུམ་པ་རྟག་པ། ལས་འབྲས་མེད་པ། གང་ཟག་གི་བདག ཀ་བུམ་གཉིས་ཡིན་པ་ལྟ་བུའོ། །གཉིས་པ་ཤེས་བྱ་དང་དོན་གཅིག་པ་ནི། ཤེས་བྱ། ཡོད་པ། གཞི་གྲུབ། གཞལ་བྱ། དམིགས་པ། ཆོས་རྣམས་དོན་གཅིག་ཡིན་ཏེ། ཕན་ཚུན་ཡིན་ཁྱབ་མཉམ་ཡིན་པ་དེ་དོན་གཅིག་ཡིན་པའི་དོན་ཡིན་པ་གང་ཞིག དེ་དག་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། གསུམ་པ་དེ་དག་གི་དོན་ནི། ཚད་མས་དམིགས་པ། ཡོད་པའི་མཚན་ཉིད། དེ་ནི་ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཀྱང་། བློ་ཚད་མས་དེ་དག་མེད་པ་དང་མེད་པར་འཛིན་པའི་སྒྲོ་འདོགས་བཅད་ནས་ཡོད་པར་དམིགས་པ་ཡིན་པའི་ཆ་ནས་དེ་དག་ཡོད་པ་ཡིན་ཞེས་པའོ། །ཚད་མས་གྲུབ་པ་གཞི་གྲུབ་ཀྱི་མཚན་ཉིད། དེ་ནི་ཆོས་གང་དང་གང་ཡིན་ཀྱང་ཆོས་དེ་ཡོད་མེད་ཇི་ལྟར་ཡིན་པ་དང་ཆོས་དེའི་གནས་ལུགས་དེ་ལྟར་ཡིན་མིན་སོགས་བློ་ཚད་མས་བརྟགས་ནས་ཡོད་པ་ཡིན་པ་དང་དེ་ལྟར་ཡིན་པར་གྲུབ་པ་ཡིན་པའི་ཆ་ནས་གཞི་གྲུབ་ཡིན་ཞེས་པའོ། །ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད། དེ་ནི་ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཀྱང་དེ་ནི་ཚད་མས་དངོས་སུ་རྟོགས་པར་བྱ་བ་དང་། ཤུགས་ལ་རྟོགས་པར་བྱ་བ་གང་རུང་ཡིན་པའི་ཆ་ནས་གཞལ་བྱ་ཡིན་པར་བཞག་པ་ཡིན་ཞེས་པའོ། །ཚད་མས་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་དམིགས་པའི་མཚན་ཉིད། དེ་ནི་ཀ་བ་དང་བུམ་པ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཀྱང་དེ་དག་ལ་ལོག་རྟོག་གི་བློས་སྒྲོ་ཇི་སྙེད་བཏགས་པ་དེ་དག བློ་ཚད་མས་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་ཡིན་པའི་ཆ་ནས་དེ་དག་དམིགས་པ་ཡིན་ཞེས་པའོ། །རང་གི་ངོ་བོ་འཛིན་པ། ཆོས་ཀྱི་མཚན་ཉིད། དེ་ནི་ཆོས་གང་དང་གང་ཡིན་ཀྱང་དེའི་སྤྱིའི་ངོ་བོ་དང་། ཁྱད་པར་གྱི་ངོ་བོ་གཉིས་འཛིན་པའམ་ངོ་བོ་གཉིས་དང་ལྡན་པའི་ཆ་ནས་དེ་དག་ཆོས་ཡིན་ཞེས་པ་སྟེ། ཆོས་ཀྱི་སྐད་དོད་དྷརྨ་ཞེས་པ་འཛིན་པ་ལ་འཇུག་པའི་ཕྱིར་རོ། །དཔེར་ན་བུམ་པས་ནི་སྤྱི་ལ་ཁྱབ་པ་ཤེས་བྱའི་ངོ་བོ་དང་། རང་གི་ཁྱད་པར་གྱི་ངོ་བོ་ལྟོ་ལྡིར་བ་དང་ངོ་བོ་གཉིས་འཛིན་པས་ན་བུམ་པ་དེ་ཆོས་ཡིན་པ་དང་། དེ་བཞིན་དུ་ཤེས་བྱ་ཐམས་ཅད་ལ་སྦྱར་བར་བྱའོ། །བཞི་པ་སྤྱིར་མཚན་མཚོན་གཞི་གསུམ་གྱི་དོན་ཞིབ་པར་བཤད་པ་ལ། མཚན་མཚོན་གཞི་གསུམ་གྱི་དོན་སྤྱིར་བཤད་པ་དང་། དེ་གཞི་ལ་སྦྱར་བའོ། །དང་པོ་ནི། མཚན་ཉིད་ནི་མཚན་གཞིའམ་འཇོག་གཞི་དེའི་སྟེང་དུ་མཚོན་བྱའམ་བཞག་བྱ་དེ་ཉིད་ལྡོག་པ་གཞན་དང་མ་འདྲེས་པར་མཚོན་བྱེད་དམ་འཇོག་བྱེད་དེ་ཡིན་ནོ། །དེ་འདྲའི་འཇོག་བྱེད་ལ་ནི། རང་གི་མཚོན་བྱའི་ཆ་ཤས་ཐམས་ཅད་ལ་མ་ཁྱབ་པ་དང་། རང་གི་མཚོན་བྱ་མ་ཡིན་པ་ལའང་ཁྱབ་པའི་ཁྱབ་ཆེས་པ་དང་། རང་གི་མཚོན་བྱའི་དོན་ལྡོག་ཏུ་མི་སྲིད་པའི་སྐྱོན་གསུམ་དང་བྲལ་བ་དགོས་པས་ན། བཞག་བྱ་དང་འཇོག་བྱེད་གཉིས་ལ་ཕན་ཚུན་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིགས་པ་དང་། མཚན་ཉིད་དམ་འཇོག་བྱེད་དེ་མཚོན་བྱའམ་བཞག་བྱ་དེའི་དོན་ལྡོག་ཏུ་གྲུབ་པ་གཅིག་དགོས་སོ། །མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་ནི། མཚན་ཉིད་དེ་ཡིན་ན་མཚོན་བྱ་དེ་ཡིན་པས་ཁྱབ། མཚན་ཉིད་དེ་མིན་ན་མཚོན་བྱ་དེ་མིན་པས་ཁྱབ། མཚན་ཉིད་དེ་ཡོད་ན་མཚོན་བྱ་དེ་ཡོད་པས་ཁྱབ། མཚན་ཉིད་དེ་མེད་ན་མཚོན་བྱ་དེ་མེད་པས་ཁྱབ་པ་དང་མཚན་ཉིད་ཀྱི་ཕྱོགས་ནས་ཁྱབ་པ་སྒོ་བཞི་དང་། མཚོན་བྱ་དེ་ཡིན་ན་མཚན་ཉིད་དེ་ཡིན་པས་ཁྱབ། མཚོན་བྱ་དེ་མིན་ན་མཚན་ཉིད་དེ་མིན་པས་ཁྱབ། མཚོན་བྱ་དེ་ཡོད་ན་མཚན་ཉིད་དེ་ཡོད་པས་ཁྱབ། མཚོན་བྱ་དེ་མེད་ན་མཚན་ཉིད་དེ་མེད་པས་ཁྱབ་པ་དང་མཚོན་བྱའི་ཕྱོགས་ནས་ཁྱབ་པ་སྒོ་བཞི་སྟེ་བརྒྱད་པོ་དེ་ཡིན་ནོ། །མཚན་ཉིད་དེ་མཚོན་བྱའི་དོན་ལྡོག་ཏུ་གྲུབ་པ་ཞེས་པ་ནི། མཚན་ཉིད་ནི་མཚན་གཞི་དེ་མཚོན་བྱ་དེ་ཡིན་པར་མཚོན་པའི་དོན་ཡིན་ཞེས་པའོ། །དེས་ན་མཚན་ཉིད་ནི་མཚན་གཞི་དེ་མཚོན་བྱ་དེ་ཡིན་པའི་དོན་ཡིན་ཕྱིར་མཚན་ཉིད་ནི་དོན་ལྡོག་དང་། མཚོན་བྱ་ནི་མཚན་ཉིད་དེས་མཚན་གཞི་དེ་ལ་ལྡོག་པ་དུ་མ་ཡོད་པ་ལས་ལྡོག་པ་གཞན་དང་མ་འདྲེས་པར་མཚོན་པར་བྱ་བའི་རང་ལྡོག་དེ་ཡིན་ཕྱིར་མཚོན་བྱ་ནི་རང་ལྡོག་དང་། མཚན་གཞི་ནི་མཚན་ཉིད་དེས་མཚོན་བྱ་དེ་ཡིན་པར་མཚོན་པའི་གཞི་ཡིན་ཕྱིར་མཚན་གཞི་ནི་གཞི་ལྡོག་ཡིན་ནོ། །མཚན་ཉིད་དོན་ལྡོག་ཡིན་ཞེས་པའང་མཚན་ཉིད་དེ་མཚོན་བྱའི་དོན་ཡིན་པ་ལ་གོ་བར་བྱའོ། །རྒྱུ་མཚན་དེའི་ཕྱིར་ན་མཚན་གཞི་དེ་མཚན་ཉིད་དེས་མཚོན་བྱ་དེ་ཡིན་པར་མཚོན་པའམ་ཡིན་པར་འཇོག་པ་ཡིན་ནོ། །དེ་ལྟར་མཚོན་པའི་ཚེ་དེ་ལྟར་མཚོན་པའི་བློ་ངོར་མཚན་ཉིད་ནི་བློ་ལ་ཚུར་ཉེ་བ་དང་ཡུལ་ཅན་གྱི་ཚུལ་དུ་སྣང་བས་ན་མཚན་ཉིད་རྫས་ཡོད་དང་། མཚོན་བྱ་ནི་ཕར་ཡུལ་གྱི་ཕྱོགས་སུ་ཉེ་བ་དང་ཡུལ་གྱི་ཚུལ་དུ་སྣང་བས་ན་མཚོན་བྱ་བཏགས་ཡོད་ཡིན་ཞེས་བྱ་ཡི་སྤྱིར་རྫས་ཡོད་བཏགས་ཡོད་དང་མི་འདྲའོ། །དེ་ལྟར་སྣང་བ་དེ་ཡང་བློ་ངོར་སྣང་ཚུལ་ཡིན་གྱི་དོན་གྱི་གནས་ཚུལ་མ་ཡིན་ཏེ། དེ་ལྟར་མཚོན་པའི་ཚེ་མཚན་མཚོན་གཉིས་ཀ་ཡུལ་དུ་གྲུབ་པ་འདྲ་མཉམ་ཡིན་གྱི་མཚན་ཉིད་དེ་ཡུལ་ཅན་གྱི་ཕྱོགས་སུ་ཚུར་ཉེ་བ་དང་ཡུལ་ཅན་དུ་གྲུབ་པ་ནི་མ་ཡིན་པའི་ཕྱིར་རོ། །གཉིས་པ་དེ་གཞི་ལ་སྦྱར་བ་ནི། དེ་དག་ཐམས་ཅད་གཞི་ལ་སྦྱར་ཏེ་བཤད་ན། གོང་ལྟར་མཚན་ཉིད་ནི་མཚན་གཞི་དེ་མཚན་གཞི་རང་གི་སྟེང་གི་ལྡོག་པ་གཞན་དང་མ་འདྲེས་པར་རང་གི་མཚོན་བྱ་དེ་ཉིད་ཡིན་པར་འཇོག་བྱེད་ཡིན་པའི་ཚུལ་དེ། ཤེས་བྱའི་མཚན་གཞི་བུམ་པ་དེ། མཚན་ཉིད་བློའི་ཡུལ་དུ་བྱ་རུང་དེས། མཚོན་བྱ་ཤེས་བྱ་དེ་ཡིན་པར་མཚོན་པའམ་འཇོག་ཚུལ་ལ་སྦྱར་ན། བུམ་པ་དེ་བློའི་ཡུལ་དུ་བྱ་རུང་ཡིན་པའི་ཆ་ནས་ཤེས་བྱ་ཡིན་པར་བཞག་པ་ཡིན་ལ། དེ་ལྟར་བཞག་པ་དེ་ཤེས་བྱའི་མཚན་གཞི་བུམ་པ་དེ། མཚན་ཉིད་བློའི་ཡུལ་དུ་བྱ་རུང་དེས། མཚོན་བྱ་ཤེས་བྱ་དེ་ཡིན་པར་མཚོན་པ་ཡིན་ནོ། །དེ་ལྟར་ན་མཚན་མཚོན་གཞི་གསུམ་གང་ཡིན་ཀྱང་རང་རང་གི་སྐབས་ཀྱི་མཚན་མཚོན་གཞི་གསུམ་ནི་མཚན་གཞི་ཆོས་གཅིག་ལ་ལྡོག་པས་ཕྱེ་བ་ཡིན་ཞིང་ཚུལ་དེ་གོ་བར་བྱེད་པ་ནི་གནད་དམ་པ་ཡིན་ནོ། །གཉིས་པ་ཤེས་བྱའི་དབྱེ་བ་ལ། 1.མཚན་མཚོན་གཉིས་སུ་དབྱེ་བ། 2.སྤྱི་བྱེ་བྲག་གཉིས་སུ་དབྱེ་བ།3.འགལ་འབྲེལ་གཉིས་སུ་དབྱེ་བ། 4.རྟག་དངོས་གཉིས་སུ་དབྱེ་བ། 5.རང་སྤྱི་གཉིས་སུ་དབྱེ་བ་དང་། 6.བདེན་པ་གཉིས་སུ་དབྱེ་བ་དང་། 7.ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་དུ་དབྱེ་བ་དང་། 8.རྫས་ཆོས་ལྡོག་ཆོས་གཉིས་སུ་དབྱེ་བ་དང་། 9.དགག་སྒྲུབ་གཉིས་སུ་དབྱེ་བ་དང་། 10.མངོན་ལྐོག་གཉིས་སུ་དབྱེ་བ་དང་། 11.ཡུལ་ཡུལ་ཅན་གཉིས་སུ་དབྱེ་བ་དང་།12.གཅིག་ཐ་དད་གཉིས་སུ་དབྱེ་བ་དང་། 13.དགེ་མི་དགེ་ལུང་མ་བསྟན་གསུམ་དུ་དབྱེ་བ་རྣམས་ཡོད་དོ། །དང་པོ་ལ། མཚན་ཉིད་བཤད་པ། མཚོན་བྱ་བཤད་པ་དང་། མཚན་མཚོན་མ་ཡིན་པ་བཤད་པ་དང་གསུམ། དང་པོ་ནི། རྫས་ཡོད་ཆོས་གསུམ་ཚང་བ། མཚན་ཉིད་ཀྱི་མཚན་ཉིད། མཚན་གཞི་ནི། བློའི་ཡུལ་དུ་བྱ་རུང་དང་། ཚད་མས་དམིགས་པ་དང་། དོན་བྱེད་ནུས་པ་ལ་སོགས་པའོ། །རྫས་ཡོད་ཆོས་གསུམ་ནི། སྤྱིར་མཚན་ཉིད་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚོན་བྱ་ལས་གཞན་པའི་ཆོས་གང་གི་ཡང་མཚན་ཉིད་མི་བྱེད་པ་དང་གསུམ་མོ། །གཉིས་པ་མཚོན་བྱ་བཤད་པ་ནི། བཏགས་ཡོད་ཆོས་གསུམ་ཚང་བ། མཚོན་བྱའི་མཚན་ཉིད། མཚན་གཞི་ནི། ཤེས་བྱ། ཡོད་པ། དངོས་པོ། ཀ་བ་ལ་སོགས་པའོ། །བཏགས་ཡོད་ཆོས་གསུམ་ནི། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚན་ཉིད་ལས་གཞན་པའི་ཆོས་གང་གི་ཡང་མཚོན་བྱ་མི་བྱེད་པ་དང་གསུམ་མོ། །གསུམ་པ་མཚན་མཚོན་མ་ཡིན་པ་བཤད་པ་ལ་གཉིས་ལས། དང་པོ་ནི། རྫས་ཡོད་ཆོས་གསུམ་མ་ཚང་བ། མཚན་ཉིད་མ་ཡིན་པའི་མཚན་ཉིད། མཚན་གཞི་ནི། ཀ་བ་དང་། ཀ་བུམ་གཉིས་ལ་སོགས་པའོ། །གཉིས་པ་མཚོན་བྱ་མ་ཡིན་པ་ནི། བཏགས་ཡོད་ཆོས་གསུམ་མ་ཚང་བ། མཚོན་བྱ་མ་ཡིན་པའི་མཚན་ཉིད། མཚན་གཞི་ནི། ཀ་བུམ་གཉིས་དང་། བློའི་ཡུལ་དུ་བྱ་རུང་ལ་སོགས་པའོ། །མཚན་ཉིད་ཡིན་ན་ཁྱོད་ཀྱི་མཚོན་བྱ་མཚོན་བྱ་ཡིན་པས་ཁྱབ། མཚན་ཉིད་ཡིན་ན་ཁྱོད་ཀྱི་མཚོན་བྱ་ཁྱོད་ཀྱི་མཚོན་བྱ་མ་ཡིན་པས་ཁྱབ། མཚོན་བྱ་ཡིན་ན་ཁྱོད་ཀྱི་མཚན་ཉིད་མཚན་ཉིད་མ་ཡིན་པས་ཁྱབ། མཚོན་བྱ་ཡིན་ན་ཁྱོད་ཀྱི་མཚན་ཉིད་ཁྱོད་ཀྱི་མཚན་ཉིད་མ་ཡིན་པས་ཁྱབ། གཞི་གྲུབ་ན་ཁྱོད་ཁྱོད་ཀྱི་མཚན་ཉིད་མ་ཡིན་པས་ཁྱབ། མཚན་ཉིད་མཚན་ཉིད་མིན། མཚན་ཉིད་མ་ཡིན་པ་མཚན་ཉིད་མིན། མཚན་ཉིད་ཡིན་ན་མཚན་ཉིད་ཡིན་པས་ཁྱབ། མཚན་ཉིད་མ་ཡིན་ན་མཚན་ཉིད་མ་ཡིན་པས་ཁྱབ། མཚོན་བྱ་མཚོན་བྱ་ཡིན། མཚོན་བྱ་མ་ཡིན་པ་མཚོན་བྱ་ཡིན། མཚོན་བྱ་ཡིན་ནའང་མཚོན་བྱ་ཡིན་པས་ཁྱབ། མཚན་ཉིད་མཚོན་བྱ་ཡིན། མཚན་ཉིད་མ་ཡིན་པ་མཚོན་བྱ་ཡིན། མཚན་ཉིད་ཀྱི་མཚན་ཉིད་མཚོན་བྱ་ཡིན། མཚན་ཉིད་མ་ཡིན་པའི་མཚན་ཉིད་མཚོན་བྱ་ཡིན། མཚོན་བྱའི་མཚན་ཉིད་མཚོན་བྱ་ཡིན། མཚོན་བྱ་མ་ཡིན་པའི་མཚན་ཉིད་མཚོན་བྱ་ཡིན། རྫས་ཡོད་ཆོས་གསུམ་ཚང་བ་མཚན་ཉིད་ཡིན། རྫས་ཡོད་ཆོས་གསུམ་མ་ཚང་བའང་མཚན་ཉིད་ཡིན། བཏགས་ཡོད་ཆོས་གསུམ་ཚང་བ་མཚན་ཉིད་ཡིན། བཏགས་ཡོད་ཆོས་གསུམ་མ་ཚང་བའང་མཚན་ཉིད་ཡིན། དོན་བྱེད་ནུས་པ་མཚན་ཉིད་ཡིན། དོན་བྱེད་ནུས་པ་མ་ཡིན་པའང་མཚན་ཉིད་ཡིན། ཤེས་བྱའི་མཚན་ཉིད་མཚན་ཉིད་མིན། ཤེས་བྱའི་མཚན་ཉིད་ཤེས་བྱའི་མཚན་ཉིད་མིན། ཤེས་བྱའི་མཚན་ཉིད་ཡིན་ན་ཤེས་བྱའི་མཚན་ཉིད་ཡིན་པས་ཁྱབ། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་མཚོན་བྱ་ཡིན། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་མིན། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་ཡིན་ན་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་ཡིན་པས་ཁྱབ། རྫས་ཡོད་ཆོས་གསུམ་ཚང་བ་རྫས་ཡོད་ཆོས་གསུམ་ཚང་བ་ཡིན། རྫས་ཡོད་ཆོས་གསུམ་མ་ཚང་བ་རྫས་ཡོད་ཆོས་གསུམ་ཚང་བ་ཡིན། བཏགས་ཡོད་ཆོས་གསུམ་ཚང་བ་བཏགས་ཡོད་ཆོས་གསུམ་ཚང་བ་མིན། བཏགས་ཡོད་ཆོས་གསུམ་མ་ཚང་བ་བཏགས་ཡོད་ཆོས་གསུམ་ཚང་བ་མིན། བཏགས་ཡོད་ཆོས་གསུམ་ཚང་བ་རྫས་ཡོད་ཆོས་གསུམ་ཚང་བ་ཡིན། བཏགས་ཡོད་ཆོས་གསུམ་མ་ཚང་བ་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ནོ། །གཉིས་པ། སྤྱི་བྱེ་བྲག་གཉིས་སུ་དབྱེ་བ་ལ། སྤྱི་དང་། བྱེ་བྲག་དང་། དེ་གཉིས་ཀྱི་དོན་གསལ་བར་བཤད་པ་དང་གསུམ། དང་པོ་ནི། རང་གི་གསལ་བ་ལ་རྗེས་འགྲོ་ཅན་གྱི་ཆོས། སྤྱིའི་མཚན་ཉིད། མཚན་གཞི་ནི། ཤེས་བྱ། དངོས་པོ། རྟག་པ། རྣམ་མཁྱེན། བུམ་པ། བུམ་པ་དང་ཐ་དད། བུམ་པ་དང་འགལ་བ། བུམ་པ་དང་འབྲེལ་བ་ལ་སོགས་པའོ། །སྤྱི་ནི་རང་གི་གསལ་བའི་དབྱེ་བ་ཐམས་ཅད་ཀྱི་རང་བཞིན་ལ་རྗེས་སུ་འགྲོ་བ་སྟེ། ཁྱབ་བྱ་དེ་ཁྱབ་བྱེད་དེ་ཡིན་པའི་སྒོ་ནས་ཁྱབ་བྱེད་དེ་ཁྱབ་བྱ་དེ་ལ་རྗེས་སུ་ཞུགས་ཤིང་ཁྱབ་པའི་ཆོས་ཡིན་ཞེས་པ་སྟེ། དཔེར་ན་ཤེས་བྱ་ནི་རང་གི་གསལ་བ་ཀ་བ་དང་བུམ་པ་ལ་སོགས་པའི་རང་བཞིན་ལ་ཞུགས་ཤིང་ཁྱབ་པའི་ཆོས་ཡིན་པས་ན་སྤྱི་ཡིན་ཞེས་པ་ལྟ་བུའོ། །དེས་དངོས་པོ་སོགས་སྤྱི་ཐམས་ཅད་ཤེས་པར་བྱའོ། །གསལ་བ་དེ་སྤྱི་དེ་ཡིན་པའི་སྒོ་ནས་སྤྱི་དེ་གསལ་བ་ལ་རྗེས་སུ་འགྲོ་བ་དང་། གསལ་བ་དེ་མ་ཡིན་ཞིང་སྤྱི་དེ་ཡིན་པ་དུ་མ་ཡོད་པ་དང་གཉིས་ཀ་དང་ལྡན་པ་དེ། སྤྱི་དེ་རང་གི་གསལ་བ་ལ་རྗེས་སུ་འགྲོ་བའི་དོན་ཡིན་གྱི་དེ་གཉིས་གང་རུང་རེ་ལྡན་པ་ནི་དེའི་དོན་མ་ཡིན་ནོ། །གཉིས་པ་བྱེ་བྲག་བཤད་པ་ནི། ཁྱབ་བྱེད་དུ་འཇུག་པའི་རང་གི་རིགས་ཡོད་པ་ཅན་གྱི་ཆོས། བྱེ་བྲག་གི་མཚན་ཉིད། མཚན་གཞི། དངོས་པོ། རྟག་པ་ལ་སོགས་པ་གོང་མ་རྣམས་དང་། ཀ་བུམ་གཉིས། རྟག་དངོས་གཉིས་ལ་སོགས་པ་ཡིན་པ་མི་སྲིད་པའི་ཤེས་བྱ་ཐམས་ཅད་དང་། བུམ་པའི་ལྡོག་པ་དང་། བུམ་པ་དང་གཅིག བུམ་པའི་དགག་གཞིར་གྱུར་བའི་ས་ཕྱོགས་ཀྱི་སྟེང་དུ་བུམ་པ་མེད་པ་ལ་སོགས་པའོ། །བྱེ་བྲག་ནི་རང་གི་རང་བཞིན་ལ་ཁྱབ་བྱེད་དུ་འཇུག་པའི་རང་གི་རིགས་ཡོད་པ་ཅན་གྱི་ཆོས་ཡིན་ཞེས་པ་སྟེ། དཔེར་ན་བུམ་པ་ནི་རང་གི་བདག་ཉིད་ལ་ཁྱབ་བྱེད་དུ་འཇུག་པའི་བྱེ་བྲག་བུམ་པ་རང་གི་རིགས་ཤེས་བྱ་ཡོད་པ་ཅན་གྱི་ཆོས་ཡིན་པས་ན་ཤེས་བྱའི་བྱེ་བྲག་ཡིན་ཞེས་པ་ལྟ་བུ་སྟེ། དེས་དངོས་པོ་སོགས་བྱེ་བྲག་ཐམས་ཅད་ཤེས་པར་བྱའོ། །སྤྱི་བྱེ་བྲག་གི་རྟགས་ལྔ་ནི། ཁྱོད་དེ་ཡིན། ཁྱོད་དེ་དང་བདག་གཅིག་ཏུ་གྲུབ། བདག་ཉིད་གཅིག་པའི་སྒོ་ནས་ཐ་དད། དེ་མེད་ན་ཁྱོད་མེད་དགོས། ཁྱོད་མ་ཡིན་ཞིང་དེ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་དེ་ཡིན་ནོ། །འོན་ཀྱང་བར་བ་གསུམ་ནི་བདག་ཉིད་གཅིག་འབྲེལ་གྱི་དོན་ཡིན་པས་ན་བར་བ་གསུམ་བདག་གཅིག་འབྲེལ་དུ་བསྡུས་ནས། ཁྱོད་དེ་ཡིན། ཁྱོད་དེ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་དེ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་དང་སྤྱི་བྱེ་བྲག་གི་རྟགས་གསུམ་དུ་བྱས་སོ། །དེ་ཡང་ཤེས་བྱ་ལ་སྤྱི་ཡིན་ལ་བྱེ་བྲག་མ་ཡིན་པའི་མུ་དང་། བྱེ་བྲག་ཡིན་ལ་སྤྱི་མ་ཡིན་པའི་མུ་དང་། སྤྱི་བྱེ་བྲག་གཉིས་ཀ་ཡིན་པའི་མུ་དང་། སྤྱི་བྱེ་བྲག་གཉིས་ཀ་མ་ཡིན་པའི་མུ་དང་བཞི། དང་པོ་ནི། ཤེས་བྱ། ཡོད་པ། ཁམས། སྐྱེ་མཆེད། ཚད་མས་དམིགས་པ་སོགས་ཤེས་བྱ་དང་དོན་གཅིག་པ་ཐམས་ཅད་དོ། །གཉིས་པ་ནི། ཀ་བུམ་གཉིས། རྟག་དངོས་གཉིས། བྱེ་བྲག་མ་ཡིན་པ། སྤྱི་མེད་པ། ཀ་བའི་ལྡོག་པ། ཀ་བ་དང་གཅིག ཀ་བ་དང་ཐ་མི་དད། གཞི་གྲུབ་ན་ཁྱོད་ཀྱི་ལྡོག་པ་དང་། ཁྱོད་དང་གཅིག་དང་། ཁྱོད་དང་ཐ་མི་དད་དང་། བདེན་པ་བཞི། ལམ་ལྔ་ལ་སོགས་པའོ། །གསུམ་པ་ནི། དངོས་པོ། འདུས་བྱས། གཟུགས། ཀ་བ། ཕུང་པོ་སོགས་སོ། །བཞི་པ་ནི། ཤེས་བྱ་ཡོད་པ་གཉིས་དང་། ཀ་བུམ་ལ་སོགས་པའོ། །གསུམ་པ་དེ་གཉིས་ཀྱི་དོན་གསལ་བར་བཤད་པའི་ཚུལ་གཞུང་ལས་ཤེས་པར་བྱའོ། །གསུམ་པ་འགལ་འབྲེལ་གཉིས་སུ་དབྱེ་བ་ལ། འགལ་བ་དང་། འབྲེལ་བ་གཉིས་སོ། །དང་པོ་ལ། འགལ་བ་དང་མི་འགལ་བ་བཤད་པ་གཉིས། དང་པོ་ལའང་མཚན་ཉིད། དབྱེ་བ། འགལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པ། ཁྱབ་མཐའ་བཀོད་དེ་མཐའ་དཔྱད་པའོ། །དང་པོ་ནི། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་འགལ་བའི་མཚན་ཉིད། མཚན་གཞི་ནི་ཀ་བུམ་གཉིས་དང་། བུམ་པ་དང་བུམ་པའི་མཆུ་གཉིས་དང་། བུམ་པ་བུམ་པ་ཡིན་པའི་ཆ་དང་བུམ་པ་ཤེས་བྱ་ཡིན་པའི་ཆ་གཉིས་དང་། དངོས་པོ་དང་ཀ་བུམ་གཉིས་དང་། རྟག་པ་དང་མི་རྟག་པ་གཉིས་དང་། བྱས་པ་དང་རྟག་པ་གཉིས་དང་། ཚ་གྲང་གཉིས་དང་། སྣང་མུན་གཉིས་དང་། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་དང་། དུ་བ་དྲག་ཤུལ་བ་དང་གྲང་རེག་གཉིས་ལྟ་བུའོ། །འགལ་བ་དང་ཕན་ཚུན་སྤངས་འགལ་གཉིས་དོན་གཅིག འགལ་བའི་མཚན་ཉིད་ཀྱི་དོན་ནི། ཀ་བུམ་གཉིས་ལ་སོགས་པའི་ཆོས་གང་དང་གང་ཡིན་ཀྱང་ཆོས་དེ་གཉིས་ཕན་ཚུན་ཐ་དད་ཀྱང་ཡིན། གཞི་མཐུན་མི་སྲིད་པ་སྟེ་ཆོས་དེ་གཉིས་ཀའི་གཞི་ཡིན་པ་མི་སྲིད་པའམ་གཞི་གཅིག་པུ་དེ་གཉིས་ཀ་ཡིན་པ་མི་སྲིད་པ་དེ། འགལ་བ་ཡིན་པའི་དོན་གྱི་ལྡོག་པ་ཡིན་ཞེས་པ་སྟེ། དེ་ལས་ཐ་དད་ཅེས་པས་ནི་རི་བོང་རྭ་དང་ཀ་བ་གཉིས་འགལ་བ་ཡིན་པ་གཅོད། གཞི་མཐུན་མི་སྲིད་ཅེས་པས་དངོས་པོ་དང་བུམ་པ་གཉིས་འགལ་བ་ཡིན་པ་གཅོད་དོ། །གཉིས་པ་འགལ་བའི་དབྱེ་བ་ལ་ལྡོག་པའི་སྒོ་ནས་དབྱེ་ན་གཉིས་ཏེ། ཕན་ཚུན་སྤངས་འགལ་དང་། ལྷན་ཅིག་མི་གནས་འགལ་དང་གཉིས། དང་པོ་ཕན་ཚུན་སྤངས་འགལ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། གཅིག་གི་དོན་ལྡན་ཡིན་ན་ཅིག་ཤོས་ཀྱི་དོན་སྤངས་པའི་སྒོ་ནས་མི་མཐུན་པར་གནས་པ། ཕན་ཚུན་སྤངས་འགལ་གྱི་མཚན་ཉིད། མཚན་གཞི་ནི། ཀ་བུམ་གཉིས་དང་། རྟག་མི་རྟག་གཉིས་དང་། བྱས་པ་དང་མ་བྱས་པ་གཉིས་དང་། བྱས་པ་དང་རྟག་པ་གཉིས་དང་། སྣང་མུན་གཉིས་ལྟ་བུའོ། །དེ་ནི་དཔེར་ན་གཞི་དེ་བུམ་པའི་དོན་དང་ལྡན་པ་སྟེ་བུམ་པ་ཡིན་ན་ཅིག་ཤོས་ཀ་བའི་དོན་ཏེ་ཀ་བ་ཡིན་པ་སྤངས་ཤིང་བསལ་བ་ཡིན་ལ། གཞི་དེ་ཀ་བའི་དོན་དང་ལྡན་པ་སྟེ་ཀ་བ་ཡིན་ན་ཅིག་ཤོས་བུམ་པའི་དོན་ཏེ་བུམ་པ་ཡིན་པ་སྤངས་ཤིང་བསལ་བ་ཡིན་པས་ན་དེ་གཉིས་ཕན་ཚུན་གཅིག་གིས་གཅིག་གི་དོན་ཡིན་པ་སྤངས་པ་ཡིན་པ་བཞིན། ཆོས་གང་ཡིན་ཀྱང་གཅིག་གི་དོན་ལྡན་ཡིན་ན་ཅིག་ཤོས་ཀྱི་དོན་ཡིན་པ་ཕན་ཚུན་སྤངས་ཤིང་བསལ་བ་དེ་ནི་ཕན་ཚུན་སྤངས་བ་ཡིན་པའི་དོན་ལྡོག་དང་། དེ་གཉིས་ཀྱང་མི་མཐུན་པར་གནས་པ་སྟེ་གཞི་མཐུན་མེད་པར་གནས་པ་དེ་འགལ་བའི་དོན་ལྡོག་ཡིན་ལ། དེ་གཉིས་གཅིག་ཏུ་བསྡུས་ཏེ་གཞི་དེ་གཅིག་གི་དོན་དང་ལྡན་པ་ཡིན་ན་ཅིག་ཤོས་ཀྱི་དོན་ཡིན་པ་སྤངས་ཤིང་བཅད་པའི་སྒོ་ནས་མི་མཐུན་པར་གནས་པ་དེ་ཕན་ཚུན་སྤངས་ནས་འགལ་བའི་དོན་ལྡོག་ཡིན་ཞེས་པའོ། །གཉིས་པ་ཕན་ཚུན་སྤངས་འགལ་གྱི་དབྱེ་བ་ལ་གཉིས། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་དང་། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་དང་གཉིས། དང་པོ་ནི། ཕན་ཚུན་རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་མི་མཐུན་པར་གནས་པ། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་གྱི་མཚན་ཉིད། མཚན་གཞི་ནི། རྟག་པ་མི་རྟག་པ་གཉིས། དངོས་པོ་དང་དངོས་མེད་གཉིས། འདུས་བྱས་དང་འདུས་མ་བྱས་གཉིས། བུམ་པ་དང་བུམ་པ་མ་ཡིན་པ་གཉིས། སྔོན་པོ་དང་སྔོན་པོ་མ་ཡིན་པ་གཉིས། མྱུ་གུའི་རྫས་སུ་གྱུར་བའི་སྔོན་པོ་དང་མྱུ་གུའི་རྫས་སུ་གྱུར་བའི་སྔོན་པོ་མ་ཡིན་པ་གཉིས། གཅིག་དང་དུ་མ་གཉིས་ལ་སོགས་པའོ། །དེ་ནི་གཞི་དེ་བློ་གཅིག་གིས་རང་གི་ངོར་ཆོས་དེ་ཡིན་པར་ཡོངས་སུ་གཅོད་པ་སྟེ་ཚུར་རྟོགས་ཤིང་གྲུབ་ན་དེའི་སྟོབས་ཀྱིས་བློ་དེའི་ངོར་ཤུགས་ལ་ཅིག་ཤོས་དེ་ཡིན་པ་རྣམ་པར་བཅད་ནས་ཁེགས་ཤིང་མིན་པར་རྟོགས། ཅིག་ཤོས་དེ་ཡིན་པ་ཕར་རྣམ་བཅད་ལ་ཁེགས་ན་དེའི་སྟོབས་ཀྱིས་བློ་དེའི་ངོར་ཤུགས་ལ་ཆོས་དེ་ཡིན་པ་ཡོངས་སུ་གཅོད་པ་སྟེ་གྲུབ་པ་ཅན་གྱི་འགལ་བ་ཡིན་པ་དེ། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་གྱི་དོན་ལྡོག་ཡིན་ཞེས་པ་སྟེ། དེ་ལ་ཡོངས་གཅོད་ཅེས་པ་ནི་གཞི་དེ་ཆོས་དེ་ཡིན་པར་ཚུར་གྲུབ་པའི་སྒོ་ནས་རྟོགས་པ་དང་། རྣམ་བཅད་ཅེས་པ་ནི་གཞི་དེ་ཆོས་དེ་ཡིན་པ་ཕར་རྣམ་པར་བཅད་ཅིང་མ་ཡིན་པར་རྟོགས་པའི་དོན་ནོ། །དེ་ཡང་མ་བྱས་པའི་ལྡོག་པ་དང་། མ་བྱས་པའི་དོན་ལྡོག་དང་། མ་བྱས་པའི་གཞི་ལྡོག་དང་། མ་བྱས་པའི་རང་ལྡོག་དང་། མ་བྱས་པའི་བཅད་ལྡོག་སོགས་དོན་མི་འདྲ་སྟེ། དང་པོ་ནི། མ་བྱས་པ་རང་ཉིད་རང་ཉིད་ཀྱི་ཕྱོགས་ཆ་ཡིན་པའི་ལྡོག་པ་དེ་ཡིན་པས་དེ་ནི་མ་བྱས་པ་རང་ཉིད་དང་ངོ་བོ་གཅིག་པའི་རྟག་པ་ཡིན། གཉིས་པ་ནི། མ་བྱས་པའི་མཚན་ཉིད། གསུམ་པ་ནི། མ་བྱས་པའི་གཞི་ནམ་མཁའ་སོགས་དང་། བཞི་བ་ནི། གཞི་ནམ་མཁའ་ལྟ་བུ་དེ་ལ་རྟག་པ་ཡིན་པ། ཤེས་བྱ་ཡིན་པ། མ་བྱས་པ་ཡིན་པ་ལ་སོགས་པའི་ལྡོག་ཆ་དུ་མ་ཡོད་པ་ལས་གཞན་དང་མ་འདྲེས་པའི་མ་བྱས་པ་ཡིན་པའི་ཆ་དེ་དང་། ལྔ་བ་ནི། ཕུང་གསུམ་སེལ་བའི་སྒོ་ནས་མ་བྱས་པ་བཅད་ནས་མིན་པར་རྟོགས་པའི་བློས་ཤུགས་ལ་རྟོགས་བྱའི་བྱས་པ་དེ་ཡིན་ནོ། །གཉིས་པ་ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་ནི། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་འགལ་བ་མ་ཡིན་པ་གང་ཞིག ཕན་ཚུན་ཐ་དད་ཅིང་གཞི་མཐུན་མི་སྲིད་པ་དེ། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་གྱི་མཚན་ཉིད། དེ་དང་ཕན་ཚུན་སྤངས་འགལ་གྱི་ཚད་མས་གནོད་འགལ་དོན་གཅིག མཚན་གཞི་ནི། བྱས་པ་དང་རྟག་པ་གཉིས་དང་། དངོས་པོ་དང་རྟག་པ་གཉིས་དང་། འཇིག་ངེས་དང་ལྟོས་བཅས་གཉིས་དང་། ཀ་བུམ་གཉིས་དང་། ཚ་གྲང་གཉིས་དང་། བྱམས་པ་དང་ཞེ་སྡང་གཉིས་དང་། བདག་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་ལ་སོགས་པ་སྟེ། མདོར་ན། ཕན་ཚུན་གཅིག་གཅིག་གི་བཅད་ལྡོག་ཏུ་གནས་པ་རྣམས་མ་གཏོགས་པའི་འགལ་བའི་ཆོས་ཐམས་ཅད་དོ། །མཚན་ཉིད་དེའི་དོན་ནི། གཞི་དེ་གཉིས་ཕན་ཚུན་ཐ་དད་ཅིང་གཞི་མཐུན་མི་སྲིད་པའི་ཆོས་ཡིན་པས་ན་ཕན་ཚུན་སྤངས་འགལ་ཞེས་དང་། གཞི་ཀ་བ་ལྟ་བུ་དེ་བྱས་པ་ཡིན་པར་དངོས་སུ་རྟོགས་པའི་བློ་དེས་རྟག་པ་མ་ཡིན་པ་ཤུགས་ལ་མི་རྟོགས་པས་དེ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ནི་མིན་ལ། འོན་ཀྱང་ཆོས་གང་བྱས་པ་ཡིན་པ་དེ་ནི་མི་རྟག་པ་ཡིན་ལ་མི་རྟག་པ་ནི་རྟག་པ་དང་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པས་ན། བྱས་པ་ནི་བརྒྱུད་ནས་རྟག་པ་དང་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ལ་རེག་པར་བྱེད་པ་ཡིན་པའི་རྒྱུ་མཚན་གྱིས་བྱས་རྟག་གཉིས་ལ་ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་ཞེས་བརྗོད་པ་ཡིན་ནོ། །བྱས་རྟག་གཉིས་ཆོས་ཅན། ཁྱོད་ལ་ཕན་ཚུན་སྤངས་འགལ་གྱི་ཚད་མས་གནོད་འགལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་གཉིས་ཕན་ཚུན་ཐ་དད་སོགས་ཡིན་པས་ཕན་ཚུན་སྤངས་འགལ་དང་། གཞི་སྒྲ་ལྟ་བུ་དེ་བྱས་པ་ཡིན་པར་དངོས་སུ་རྟོགས་པའི་ཚད་མ་དེས་ཤུགས་ལ་སྒྲ་མི་རྟག་པ་མི་རྟོགས་པས་ན་དེ་འདྲའི་ཚད་མས་སྒྲ་རྟག་འཛིན་གྱི་འཛིན་སྟངས་ལ་དངོས་ཤུགས་གང་དུ་ཡང་གནོད་པ་མིན་ཀྱང་། སྒྲ་བྱས་པ་ཡིན་པར་རྟོགས་པའི་བློ་དེས་སྒྲ་མི་རྟག་པར་རྟོགས་པའི་བློ་བསྐྱེད་ལ་སྒྲ་མི་རྟག་པར་རྟོགས་པའི་བློས་ནི་སྒྲ་རྟག་འཛིན་གྱི་འཛིན་སྟངས་ལ་དངོས་སུ་གནོད་པས་ན་སྒྲ་བྱས་པ་ཡིན་པར་དངོས་སུ་རྟོགས་པའི་བློ་དེ་བརྒྱུད་ནས་སྒྲ་རྟག་འཛིན་ལ་གནོད་པའི་བློ་ཡིན་པའི་རྒྱུ་མཚན་གྱིས་བྱས་རྟག་གཉིས་ལ་ཕན་ཚུན་སྤངས་འགལ་གྱི་ཚད་མས་གནོད་འགལ་ཞེས་བརྗོད་པ་ཡིན་ནོ། །གཉིས་པ་ལྷན་ཅིག་མི་གནས་འགལ་ལ། མཚན་ཉིད། དབྱེ་བ། གནོད་བྱ་ལྡོག་པའི་དུས་དང་གསུམ། དང་པོ་ནི། རྒྱུན་བཅད་བྱ་གཅོད་བྱེད་ཀྱི་སྒོ་ནས་མི་མཐུན་པར་གནས་པའི་དངོས་པོ་དེ། ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། མཚན་གཞི་ནི། སྣང་མུན་གཉིས། ཚ་གྲང་གཉིས། བྱམས་པ་དང་ཞེ་སྡང་གཉིས། དད་པ་དང་མ་དད་པ་གཉིས། བདག་མེད་རྟོགས་པའི་ཤེས་རབ་དང་བདག་འཛིན་གཉིས། མཐོང་ལམ་བར་ཆད་མེད་ལམ་དང་མཐོང་ལམ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤངས་བྱའི་ས་བོན་གཉིས། དུ་བ་དྲག་ཤུལ་བ་དང་གྲང་རེག་གཉིས་ལ་སོགས་པ་སྟེ། དེ་དག་གི་ཕྱི་མ་རྣམས་ནི་རྒྱུན་བཅད་བྱ་དང་སྔ་མ་རྣམས་དེ་དང་དེའི་རྒྱུན་གཅོད་བྱེད་ཡིན་ནོ། །མཚན་ཉིད་དེའི་དོན་ནི། སྣང་བས་མུན་པ་འཇོམས་ཚུལ་ལ་སོགས་པའི་དཔེས་མཚོན་ཏེ། གཉེན་པོ་བར་ཆད་མེད་ལམ་གྱིས་རང་གི་ངོས་སྐལ་གྱི་སྤངས་བྱ་སྤོང་ཚུལ་དང་། བྱམས་པས་ཞེ་སྡང་གི་གཉེན་པོ་བྱེད་ཚུལ་ལ་སོགས་པ་གཉེན་པོའི་ལམ་རྣམས་ཀྱིས་རང་རང་གི་སྤངས་བྱ་སྤོང་བའི་ཚུལ་ལེགས་པར་ཤེས་པའི་ཆེད་དུ་མདོ་རྒྱུད་ཐམས་ཅད་ནས་འགལ་བའི་ཆོས་རྣམས་ཀྱི་ནང་ནས་འགལ་བའི་གཞི་གཅིག་དེ་རྒྱུན་བཅད་བྱའམ་གནོད་བྱ་ཡིན་ཞིང་། ཅིག་ཤོས་དེ་དེའི་རྒྱུན་གཅོད་བྱེད་དམ་གནོད་བྱེད་ཀྱང་ཡིན། དེ་གཉིས་ཀ་གཞི་མི་མཐུན་པ་སྟེ་གཞི་མཐུན་མི་སྲིད་པ་ཡང་ཡིན་པ་ཅན་གྱི་འགལ་བ་དེ། ལྷན་ཅིག་མི་གནས་འགལ་ལ་བཞག་པ་ཡིན་ནོ། །གཉིས་པ་ལྷན་ཅིག་མི་གནས་འགལ་གྱི་དབྱེ་བ་ལ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་དང་། ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་གཉིས། དང་པོ་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་བཤད་པ་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་དེ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་གྱི་མཚན་ཉིད། མཚན་གཞི་ནི། སྣང་མུན་གཉིས་སོགས་ནས་སྤངས་བྱའི་ས་བོན་གཉིས་ཞེས་པའི་བར་གྱི་སྔ་མ་རྣམས་སོ། །དེ་ནི་དཔེར་ན་གྲང་བ་ནི་ཚ་བས་བརྒྱུད་ནས་གནོད་བྱ་མ་ཡིན་པར་རང་གི་དངོས་སུ་གནོད་བྱ་ཡིན་པ་བཞིན་འགལ་བའི་ཆོས་གཅིག་དེ་ཅིག་ཤོས་དེ་ཉིད་ཀྱི་དངོས་སུ་གནོད་བྱར་ཞུགས་པ་སྟེ་གྱུར་བ་དང་། ཚ་བ་ནི་གྲང་བས་བརྒྱུད་ནས་གནོད་བྱེད་མ་ཡིན་པར་དངོས་སུ་གནོད་བྱེད་ཡིན་པ་བཞིན། ཅིག་ཤོས་དེ་གཅིག་དེའི་དངོས་སུ་གནོད་བྱེད་དུ་ཞུགས་པ་སྟེ་གནོད་བྱེད་དུ་གྱུར་པ་ཡིན་ཞིང་ཚ་བས་རང་གི་གནོད་བྱའི་གྲང་བའི་རྒྱུན་སྐད་ཅིག་མ་གཉིས་པ་ཕན་ཆད་ནས་ནུས་པ་ཇེ་ཆུང་དུ་བྱེད་པ་དང་། སྣང་བས་རང་ཉིད་སྐྱེས་ཟིན་པ་དང་མཉམ་དུ་རང་གི་བསལ་བྱའི་མུན་པའི་རྒྱུན་འགག་པར་བྱེད་པ་ལྟ་བུ་གནོད་བྱེད་དེས་དངོས་སུ་རང་གི་གནོད་བྱ་དེའི་རྒྱུན་གྱི་ནུས་པ་ཉམས་པར་བྱེད་པའི་ཕྱིར་ན་གནོད་བྱེད་དེས་རང་གི་གནོད་བྱ་དེའི་རྒྱུན་གྱི་ནུས་པ་ཇེ་ཆུང་དུ་མི་བྱེད་པར་གཞི་གཅིག་ལ་གནོད་བྱ་གནོད་བྱེད་དེ་གཉིས་རྒྱུན་མཐུད་དེ་ནུས་པ་ཆེ་ཆུང་མེད་པར་མཚུངས་པའི་སྒོ་ནས་འགྲོགས་སུ་མི་རུང་བའི་དངོས་པོ་ཡིན་པ་དེ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་གྱི་དོན་ཡིན་ནོ། །གཉིས་པ་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་གྱི་དབྱེ་བ་ལ་གཉིས་ཏེ། བེམ་པོ་ལས་གྱུར་པའི་དེ་དང་། ཤེས་པ་ལས་གྱུར་པའི་དེ་དང་གཉིས། དང་པོ་ནི། སྣང་མུན་གཉིས་དང་། ཚ་གྲང་གཉིས་ལྟ་བུ་དང་། གཉིས་པ་ནི། བདག་མེད་རྟོགས་པའི་ཤེས་རབ་དང་བདག་འཛིན་གཉིས་དང་། དད་པ་དང་མ་དད་པ་གཉིས་ལྟ་བུའོ། །གཉིས་པ་ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་ནི། བརྒྱུད་ནས་རྒྱུན་བཅད་བྱ་གཅོད་བྱེད་ཀྱི་སྒོ་ནས་མི་མཐུན་པར་གནས་པའི་དངོས་པོ་དེ། ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་གྱི་མཚན་ཉིད། མཚན་གཞི་ནི། དུ་བ་དྲག་ཕྱུར་བ་དང་གྲང་རེག་གཉིས་དང་། ཡུལ་རུང་བར་རིམ་གྱིས་འོང་བའི་མར་མེའི་འོད་སྐད་ཅིག་དང་པོ་དང་དེས་བསལ་བྱའི་མུན་པ་གཉིས་དང་། སྦྱོར་ལམ་མཐོང་སྤང་ལྟ་བུའོ། །དེ་དང་ལྷན་ཅིག་མི་གནས་འགལ་གྱི་ཚད་མས་གནོད་འགལ་དོན་གཅིག ། མཚན་ཉིད་དེའི་དོན་ནི། ཆོས་གཉིས་པོ་གང་ཡིན་ཀྱང་ཅིག་ཤོས་དེའི་རྒྱུན་དེ་ཅིག་ཤོས་དེས་དངོས་སུ་གཅོད་མི་ནུས་ཀྱང་རྒྱུན་བཅད་བྱ་དེ་ཅིག་ཤོས་རྒྱུན་གཅོད་བྱེད་དེས་ཆོས་གཞན་ལ་བརྒྱུད་ནས་རྒྱུན་གཅོད་པར་བྱེད་པ་དེ་ལྟ་བུའི་བརྒྱུད་ནས་རྒྱུན་བཅད་བྱ་གཅོད་བྱེད་དུ་གནས་པའང་ཡིན། དེ་འདྲའི་སྒོ་ནས་གཞི་མཐུན་མེད་པར་གནས་པ་ཡང་ཡིན་པ་དེ་ནི་ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་གྱི་དོན་ལྡོག་ཡིན་ཞེས་པའོ། །གསུམ་པ་གནོད་བྱ་ལྡོག་པའི་དུས་ལ། རྒྱུན་གྱི་སྒོ་ནས་འགལ་བའི་གནོད་བྱ་ལྡོག་དུས་དང་། དུས་ཀྱི་སྒོ་ནས་འགལ་བའི་གནོད་བྱ་ལྡོག་དུས་དང་གཉིས། དང་པོ་ནི། ཚ་གྲང་གཉིས་དང་། བདག་མེད་རྟོགས་པའི་ཤེས་རབ་དང་བདག་འཛིན་གཉིས་ལྟ་བུ་སྟེ། དེ་གཉིས་ནི་སྐད་ཅིག་དང་པོ་ལ་འཕྲད། སྐད་ཅིག་གཉིས་པར་གནོད་བྱེད་དེས་གནོད་བྱ་དེ་ནུས་ཆུང་གི་དངོས་པོར་བསྐྱེད། སྐད་ཅིག་གསུམ་པ་ལ་ནུས་མེད་ཀྱི་དངོས་པོར་བསྐྱེད། སྐད་ཅིག་བཞི་པ་ལ་རྒྱུན་ལྡོག་པ་སྟེ་འདི་དུས་སུ་གནོད་བྱེད་དེའི་གནོད་བྱ་ལྡོག་པའི་དུས་སོ། །གཉིས་པ་དུས་ཀྱི་སྒོ་ནས་འགལ་བའི་གནོད་བྱ་ལྡོག་དུས་ལ་སྣང་མུན་གཉིས་དང་། མཐོང་ལམ་བར་ཆད་མེད་ལམ་དང་མཐོང་སྤང་གི་ས་བོན་གཉིས་ལྟ་བུ་སྟེ། འདི་གཉིས་ནི་གཉེན་པོ་སྐྱེ་བ་ལ་ཕྱོགས་པ་དང་དེའི་གནོད་བྱ་འགགས་པ་ལ་ཕྱོགས་པ་དུས་མཉམ། གནོད་བྱེད་སྐྱེས་ཟིན་པ་དང་གནོད་བྱ་འགགས་ཟིན་པ་དུས་མཉམ་པ་ཡིན་ཞིང་འདི་དུས་སུ་གནོད་བྱེད་དེའི་གནོད་བྱ་ལྡོག་པའི་དུས་སོ། །གསུམ་པ་འགལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པ་ནི། སྤྱིར་འགལ་བ་དེ་ཚད་མ་གང་གིས་ངེས། སྤངས་འགལ་དང་མི་གནས་འགལ་ཚད་མ་གང་དང་གང་གིས་ངེས་པ་ཡིན། དེ་དག་འགལ་བ་དངོས་རྟོགས་ཀྱི་ཚད་མ་ལས་གཞན་གྱིས་མི་ངེས་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འགལ་བ་དངོས་རྟོགས་ལས་གཞན་གྱིས་ཀྱང་ངེས་པའི་ཕྱིར་ཏེ། སྤྱིར་འགལ་བ་ཙམ་དུ་ངེས་པ་ནི། འགལ་བའི་ཆོས་གཉིས་པོ་དེ་ཐ་དད་ཡིན་པར་ངེས་པ་དང་གཞི་མཐུན་མི་སྲིད་པར་ངེས་པར་བྱེད་པའི་ཚད་མས་ངེས་དགོས་པ་ཡིན་ལ། དེ་ལ་ཐ་དད་ངེས་པའི་ཚད་མ་ནི། རང་རིག་བཞེད་པ་དག་གིས་ནི། འགལ་བའི་ཆོས་གཉིས་ཐ་དད་ཡིན་པའི་ཆ་ལ་སེམས་པ་མ་ཡིན་པར། འགལ་བའི་ཆོས་གཉིས་ཀྱི་དོན་སྤྱི་སོ་སོར་ཤར་བའི་རྟོག་པའི་སྟེང་གི་རང་རིག་གིས་རྟོག་པའི་བློ་དེ་དངོས་སུ་རྟོགས་པའི་ཤུགས་ལ་འགལ་བའི་ཆོས་གཉིས་ཀྱི་ཐ་དད་ཀྱི་ཆ་དེ་རྟོགས་པར་བཞེད་ལ། རང་རིག་མི་བཞེད་པ་དག་གིས་ནི། འགལ་བའི་ཆོས་གཉིས་སོ་སོར་སྣང་བའི་རྟོག་པས་ཆོས་དེ་གཉིས་དངོས་སུ་རྟོགས་པའི་ཤུགས་ལ་ཡང་རྟོགས་ཏེ། དཔེར་ན། ཀ་བུམ་གཉིས་སོ་སོར་སྣང་བའི་རྟོག་པས་ཀ་བུམ་གཉིས་དངོས་སུ་རྟོགས་པའི་ཤུགས་ལ་དེ་གཉིས་ཐ་དད་ཡིན་པ་དེ་ཤུགས་ལ་རྟོགས་པ་ལྟ་བུའོ། །བཞི་བ་ཁྱབ་མཐའ་བཀོད་དེ་མཐའ་དཔྱད་པ་ནི་གཞུང་དུ་ཤེས་པར་བྱའོ། །གཉིས་པ་མི་འགལ་བ་བཤད་པ་ནི། ཁྱོད་ཀྱི་ཡིན་པ་ཡོད་པ། མི་འགལ་བའི་མཚན་ཉིད། མཚན་གཞི་ནི། བུམ་པ་དང་། ཤེས་བྱ་གཉིས་ལྟ་བུའོ། །མཚན་ཉིད་དེའི་དོན་ནི། ཆོས་དེ་གཅིག་གམ་གཉིས་སོགས་གང་ཡིན་ཀྱང་དེའི་ཡིན་པ་ཡོད་པ་ཅན་གྱི་ཆོས་དེ་མི་འགལ་བ་ཡིན་ཞེས་པའོ། །གཉིས་པ་འབྲེལ་བ་བཤད་པ་ལ། མཚན་ཉིད། དབྱེ་བ། མཐའ་དཔྱད་པ་གསུམ། དང་པོ་ནི། ཐ་དད་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ། འབྲེལ་བའི་མཚན་ཉིད། མཚན་གཞི་ནི། མེ་དུ་གཉིས་དང་། བུམ་པ་དང་དངོས་པོ་གཉིས་དང་། བུམ་པ་དང་བུམ་པའི་མཆུ་གཉིས་ལྟ་བུའོ། །འབྲེལ་བ་ཞེས་པ་ནི། ཐ་དད་པའི་ཆོས་གཉིས་ལས་ཐ་དད་བྱ་གཅིག་པོ་དེ་ལྡོག་ན་ཅིག་ཤོས་དེ་ལྡོག་ངེས་སུ་གྲུབ་ཅིང་ལྡོག་བྱ་ལྡོག་བྱེད་དུ་ངེས་པ་སྟེ་གནས་པ་ཅན་གྱི་ཆོས་ཡིན་པ་དེ་འབྲེལ་བའི་དོན་ལྡོག་ཡིན་ཞེས་པའོ། །གཉིས་པ་དབྱེ་བ་ལ་གཉིས། བདག་གཅིག་འབྲེལ་དང་། དེ་བྱུང་འབྲེལ་གཉིས། དང་པོ་ནི། ངོ་བོ་ཐ་དད་མ་ཡིན་པའི་ཐ་དད་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ། བདག་གཅིག་འབྲེལ་གྱི་མཚན་ཉིད། མཚན་གཞི་ནི། བུམ་པ་དང་བུམ་པའི་མཆུ་གཉིས་དང་། བུམ་པ་དང་ཤེས་བྱ་གཉིས་དང་། བུམ་པ་དང་བུམ་པའི་ལྡོག་པ་གཉིས་དང་། བུམ་པ་དང་བུམ་པ་དངོས་པོ་ཡིན་པ་གཉིས་དང་། བུམ་པ་དང་བུམ་པའི་བྱེད་པ་གཉིས་ལ་སོགས་པའོ། །བུམ་པའི་བྱེད་པ་ནི་བུམ་པས་ཆུ་སྐྱོར་བ་སོགས་བྱེད་པའི་ཆ་ལྡན་མིན་འདུ་བྱེད་དེ་ཡིན་ནོ། །མཚན་ཉིད་དེའི་དོན་ནི། ཆོས་གང་ཡིན་ཀྱང་ངོ་བོ་ནི་ཐ་དད་མ་ཡིན་པར་ངོ་བོ་གཅིག་ཡིན་ཞིང་གཅིག་ཀྱང་མ་ཡིན་པར་ལྡོག་པ་ནི་ཐ་དད་ཡིན་ལ། དེ་གཉིས་བདག་ཉིད་གཅིག་ཏུ་གྲུབ་པའི་དབང་གིས་ཐ་དད་པ་གང་ལས་ཐ་དད་པ་གཅིག་དེ་ལོག་ན་ཐ་དད་ཟླ་ཅིག་ཤོས་དེ་ལྡོག་པར་ངེས་པ་ཅན་དུ་གྲུབ་པའི་ཆ་དེ་ནི་ངོ་བོ་གཅིག་འབྲེལ་གྱི་འཇོག་བྱེད་ཡིན་ཞེས་པའོ། །གཉིས་པ་དེ་བྱུང་འབྲེལ་བཤད་པ་ནི། རྫས་ཐ་དད་པ་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ། དེ་བྱུང་འབྲེལ་གྱི་མཚན་ཉིད། མཚན་གཞི་ནི། མེ་དང་དུ་བ་གཉིས་དང་། རྫ་བུམ་དང་རྫ་བུམ་གྱི་རྒྱུར་གྱུར་བའི་འཇིམ་པ་གཉིས་ལྟ་བུའོ། །དེའི་དོན་ནི། ཆོས་གང་ཡིན་ཀྱང་རྫས་ཐ་དད་ཡིན་པ་གང་ཞིག རྫས་ཐ་དད་པ་གང་ཡིན་པ་དེ་ལས་ཐ་དད་པ་ཅིག་ཤོས་དེ་ལྡོག་ན་དེའི་ཅིག་ཤོས་དེ་ཡང་ལྡོག་པ་སྟེ་མེད་པར་ངེས་པ་ཅན་དུ་གནས་པའི་ཆོས་ཡིན་པ་དེ་དེ་བྱུང་འབྲེལ་བའི་དོན་ལྡོག་ཡིན་ཞེས་པའོ།། །།[1] འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ།བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ1993ལོའི་ཟླ་བ12པར་པར་གཞི་དང་པོ་བསྒྲིགས།
[2] ས་བཟང་མ་ཏི་པཎ་ཆེན། ཀུན་ལས་བཏུས་པའི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ།ཇོ་ནང་དཔེ་ཚོགས། 2007ལོའི་ཟླ3པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
[3] དགེ་བཤེས་དངོས་གྲུབ་དཔལ། དོགས་དཔྱོད་ལམ་བཟང་གསལ་བའི་སྒྲོན་མེ། མི་རིགས་དཔེ་སྐྲུན་ཁང་།
[4] བཀའ་བཞི་པ་བསོད་ནམས་བཟང་པོ། གཏན་ཚིག་རིགས་པའི་དོན་བསྡུས། ཇོ་ནང་དཔེ་ཚོགས། 2008ལོའི་ཟླ10པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
[5] རྗེ་བཙུན་ཏཱ་ར་ནཱ་ཐ། དབུ་མ་ཐེག་མཆོག ཇོ་ནང་དཔེ་ཚོགས། 2007ལོའི་ཟླ3པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
[6] ཀུན་མཁྱེན་རྟོན་པ་བཞི་ལྡན། རི་ཆོས་ངེས་དོན་རྒྱ་མཚོ། ཇོ་ནང་དཔེ་ཚོགས། 2007ལོའི་ཟླ3པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
[7] ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན། བླང་དོར་རབ་གསལ། ཇོ་ནང་དཔེ་ཚོགས། 2007ལོའི་ཟླ3པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
[8] བློ་བཟང་མཆོག་གྲུབ་རྒྱ་མཚོ། མཛོད་འགྲེལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012ལོའི་ཟླ1པར་པར་ཐེངས་དང་པོ་བཏབ།
[9] འཕགས་པ་ཐོགས་མེད་ཀྱིས། མངོན་པ་ཀུན་ལས་བཏུས་པ། སྡེ་དགེ་བསྟན་འགྱུར།
[10] མཆིམས་འཇམ་པའི་དབྱངས། མཛོད་འགྲེལ་མངོན་པའི་རྒྱན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
རྩོམ་པ་པོ་དཀོན་མཆོག་འཕྲིན་ལས་ནི་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་ཡོངས་འཛིན་ཡིན།【རྩོམ་ཁུངས།】2023ལོའི《ནང་རིག་འོད་སྣང》དེབ་དང་པོ་ལས་དྲངས།རྩོམ་སྒྲིག་འགན་འཁུར་པ། ངག་དབང་བཤད་སྒྲུབ། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི《ནང་རིག་འོད་སྣང》རྩོམ་སྒྲིག་ཁང་གི་འབྲེལ་ལམ།
གློག་རྡུལ་ཡིག་སྒམ། qhfxybjb@163.comཡུལ་ལྷ་ཚེ་རིང་། 18797017950ངག་དབང་རྒྱ་མཚོ། 18946857977རྩོམ་སྒྲིག་པ། ངག་དབང་བཤད་སྒྲུབ།
དོ་དམ་པ། ཤ་བོ་རིན་ཆེན།
རྩོམ་སྒྲིག་འགན་ཁུར་བ། མགོན་པོ་ཚེ་རིང་། ལིག་བཱེ།
互联网宗教信息服务许可证|编号:青(2022)1000002