༄༅།།དབུ་མའི་ཆུ་འབབ་དང་ཚད་འགོག་སྐབས་ཀྱི་དོགས་སློང་།

学术   2024-10-16 10:59   青海  



དབུ་མའི་གཞུང་གི་དཔྱད་གླེང་ཟབ་མོ་ལྟ་རྒྱན།

中观学研究

༄༅།།དབུ་མའི་ཆུ་འབབ་དང་ཚད་འགོག་སྐབས་ཀྱི་དོགས་སློང་། 

བྱ་མདོ་དར་རྒྱས་རྒྱ་མཚོ།

ནང་དོན་གནད་བསྡུས།དེ་ཡང་དབུ་མའི་སྐབས་ཀྱི་ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། ཞེས་བལྟ་བྱ་ཐུན་མོང་བའི་སྐབས་ཀྱི་ལས་འབྲས་ལ་ཡིད་ཆེས་དང་། དཔེར་ན། གཟུགས་ཁམས་ཀྱི་ལྷ་འགའ་ཞིག་ལ་བསོད་ནམས་ཀྱིས་ཁང་བ་དང་ལྷན་ཅིག་བྱུང་བ་དང་། དགེ་བ་སྟོབས་ཅན་འགའ་ཞིག་གི་མཐུས་ནམ་མཁའ་ནས་རིན་པོ་ཆེའི་ཆར་བ་བབས་པ་ཡང་ལས་ལ་རག་ལས་པ་སོགས་ལ་བསམ་ནས་རང་གི་བློར་ཡོད་པ་བརྗེད་བྱང་དུ་བཀོད་པ་ཡིན། 

བརྡ་ཆད་གཙོ་བོ། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས། དངོས་གཅིག སོ་སོ་མཐོང་ཚུལ། རེག་བྱ། 

གསུམ་པ་དེ་ལྟར་བཀག་པ་དང་མི་སྡུག་པ་སྒོམ་པ་གཉིས་མི་འགལ་བར་བསྟན་པ་ནི། རྩ་བར། རྣལ་འབྱོར་པ་ཡིས་བླ་མའི་མན་ངག་ལས། །ཀེང་རུས་ཀྱིས་གང་ས་གཞི་མཐོང་བ་ལས། །དེར་ཡང་གསུམ་ཆར་སྐྱེ་བ་མེད་པར་མཐོང་། །ལོག་པ་ཡིད་ལ་བྱེད་པར་བསྟན་ཕྱིར་རོ། །ཞེས་པ་ནས། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ། །ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། །ཞེས་གསུངས་སོ། །འདིའི་མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཡོད་མེད་ལ་དཔྱད་པ་ནི་མདོ་ལས། གཞན་གསུམ་གྱི་གཟུགས་ཀྱིས་གཟུགས་བསྡུས་པ་ཡིན་ཏེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ཀྱང་ཡོད་དོ། །ཞེས་པའི་སྐབས་ཀྱི་གཟུགས་སོ་སོའི་མཚན་གཞི་རེ་འཇོག་རྒྱུ་མེད་པའི་ཕྱིར། རྟགས་མ་གྲུབ་ན། མདོའི་སྐབས་ཀྱི་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ནི་གཟུགས་ཀྱི་སྐྱེ་མཆེད་དང་། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ནི་སྒྲ་དྲི་རོ་རེག་གི་སྐྱེ་མཆེད་རྣམས་དང་། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ལྔའོ། །འོ་ན། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ལྔ་ཕྱི་མ་བཞག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ལྔ་རེ་རེ་དང་དེ་དག་གི་མཚན་གཞི་རེ་འཇོག་རྒྱུ་མེད་པའི་ཕྱིར། རྟགས་མ་གྲུབ། དང་པོ། ་བསྡུས་པ་ལས་གྱུར་བའི་གཟུགས་ཀྱི་མཚན་གཞི་ནི། རྡུལ་ཕྲ་རབ། གཉིས་པ། མངོན་པར་སྐབས་ཡོད་པའི་གཟུགས་ཀྱི་མཚན་གཞི་ནི། ཡིད་ཁོ་ན་ལ་བར་སྣང་སྐྱ་སེངས་ཀྱི་སྣང་བ། གསུམ་པ། ཡང་དག་པར་བླངས་པ་ལས་གྱུར་བའི་གཟུགས་ཀྱི་མཚན་གཞི་ནི། ལུས་ངག་གི་སྡོམ་པ། བཞི་པ། ཀུན་བཏགས་པའི་གཟུགས་ཀྱི་མཚན་གཞི་ནི། ས་གཞི་ཀེང་རུས་ཀྱིས་ཁྱབ་པར་སྣང་བ། ལྔ་པ། དབང་འབྱོར་བའི་གཟུགས་ཀྱི་མཚན་གཞི་ནི། ཟད་པར་ས་ཆུའི་ཏིང་ངེ་འཛིན་གྱི་སྣང་ཚུལ་གྱི་ས་ཆུ་སོགས་ལྟ་བུའོ། །འོ་ན། རྡུལ་ཕྲ་རབ་ཆོས་ཅན། བསྡུས་པ་ལས་གྱུར་པའི་གཟུགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྡུལ་ཕྲ་རབ་ཆོས་ཅན། ཡིད་ཤེས་ཁོ་ན་སྣང་བ་ཡིན་པར་ཐལ། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་བ་ཡོད་དེ། མིག་ཤེས་ལ་སྣང་བ་དེ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལ་མ་བཞག་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྡུལ་ཕྲ་རབ་ཆོས་ཅན། ཡིད་ཤེས་ཁོ་ན་ལ་སྣང་བ་མ་ཡིན་པར་ཐལ། དབང་ཤེས་ལ་སྣང་བའི་ཕྱིར། དེར་ཐལ། བུམ་པའི་སྟེང་གི་རྡུལ་ཕྲ་རབ་དེ་དབང་ཤེས་ལ་སྣང་བའི་ཕྱིར། དེར་ཐལ། བུམ་པའི་སྟེང་གི་རྡུལ་ཕྲ་རབ་དེ་དབང་ཤེས་ཀྱིས་མཐོང་བའི་ཕྱིར། དེར་ཐལ། སྔོན་པོའི་རྡུལ་ཕྲན་དེ་སྔོན་སྣང་དབང་ཤེས་ཀྱིས་མཐོང་བའི་ཕྱིར། དེར་ཐལ། སྔོ་རྡུལ་གྱིས་བརྩམས་པའི་སྔོན་པོ་སྒྲུབ་པའི་སྒོ་ནས་མཐོང་བའི་ཕྱིར། ཁྱབ་པ་ཡོད་དེ། ཚད་མ་རིགས་རྒྱན་ལས། སྔོན་པོའི་རྡུལ་ཕྲན་ཡང་མཐོང་བའི་ཕྱིར་ཏེ། སྔོ་རྡུལ་གྱིས་བརྩམས་པའི་སྔོན་པོ་སྒྲུབ་པའི་སྒོ་ནས་མཐོང་བའི་ཕྱིར། ཁྱབ་སྟེ། བཀོད་པ་ཅན་ནི་མ་བཟུང་བར། །བཀོད་པ་འཛིན་པ་མི་རུང་ཕྱིར། །ཞེས་གསུངས་སོ།།

གཞན། ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་པ་ལྟར། ཐེག་བསྡུས་སུ་དངོས་པོ་གཅིག་གང་ཡིན་པ་དང་། ཐ་དད་དུ་མཐོང་ཚུལ་གསལ་བར་མ་བཤད་ལ། ཐེག་བསྡུས་བཤད་སྦྱར་ལས་གསལ་བར་བཀོད་ཡོད་དེ། དངོས་པོ་གཅིག་ནི་ཆུ་རླུང་དང་། ཐ་དད་དུ་མཐོང་ཚུལ་ནི་ཡི་དྭགས་ཀྱིས་རྣག་ལ་སོགས་པས་གང་བར་མཐོང་བ་དང་། དུད་འགྲོ་སོགས་ཀྱིས་གནས་ཀྱི་བློས་གནས་པར་བྱེད་པ་དང་། མི་རྣམས་ཀྱིས་མངར་བ་དང་དྭངས་པ་སོགས་མཐོང་བ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་པའི་ལྷ་རྣམས་ཀྱིས་ནི་ནམ་མཁར་མཐོང་ངོ་། །འདི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དབུ་མ་དགོངས་པ་རབ་གསལ་ལས། ཐེག་བསྡུས་བཤད་སྦྱར་གྱི་ལུང་གསལ་བར་བཀོད་ཡོད་དོ། །དེར་ལྟོས། འདི་ལ་གཞན་གྱི་ལུགས་བརྗོད་པ་དང་། ལུགས་དེ་ལ་རང་གིས་དཔེའི་སྒོ་ནས་ལན་བཤད་པའོ། དང་པོ་གཞན་གྱི་ལུགས་བརྗོད་པ་ནི་འདི་ལ་འདི་སྙམ་དུ་འགྲོ་བ་དེ་དག་གི་མཐོང་བ་ནི་ཐ་སྙད་པའི་ཚད་མ་ཡིན་ལ། གཞི་གཅིག་མི་མཐུན་པ་དེ་དག་ཏུ་ཚད་མས་གྲུབ་ན་རྣག་ཁྲག་དང་རྣག་ཁྲག་མ་ཡིན་པ་གཉིས་མི་འགལ་ཞིང་། ཚད་མས་གྲུབ་པ་ལ་ཡང་ཡིད་བརྟན་མེད་པར་འགྱུར་རོ་ཞེ་ན། འདི་ལ་རང་གིས་དཔེའི་སྒོ་ནས་ལན་བཤད་པ་ནི་དཔེ་ལྕགས་གོང་མེས་བསྲེགས་པའི་དམར་འབར་བའི་ཆ་ཤས་ལ་མི་སྲེག་པའི་རེག་བྱ་དང་སྲེག་པའི་རེག་བྱ་གཉིས་ཡོད་པ་དེ་བཞིན་དུ་གཞི་ཆུ་རླུང་གི་ཆ་ཤས་ལ་སྔོན་ལས་ཀྱི་དབང་གིས་རྣག་ཁྲག་ཏུ་སྐྱེས་པ་དང་། རྣག་ཁྲག་ཏུ་མི་སྐྱེས་པ་གཉིས་ཡོད་དེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དབུ་མ་དགོངས་པ་རབ་གསལ་ལས། ཐོག་མར་དཔེ་བཤད་པར་བྱ་སྟེ་ལྕགས་གོང་མེས་བསྲེགས་པའི་དམར་འབར་བ་ལ་རེག་ཀྱང་མི་འཚིག་པའི་རིག་སྔགས་དང་ལྡན་པ་ཞིག་གིས། ལྕགས་གོང་དེ་ལག་ཏུ་བླངས་པ་ན་ལུས་ཤེས་ཀྱིས་ལྕགས་དེའི་རེག་བྱ་འཛིན་ཀྱང་། དེ་ལ་རེག་བྱ་དེ་ཤིན་ཏུ་ཚ་ཞིང་སྲེག་པའི་རྣམ་པ་ཅན་དུ་མི་སྐྱེ་བ་ནི། རིག་སྔགས་བཟླས་པའི་ཆུས་ལག་པ་བཀྲུས་པ་སོགས་ཀྱི་རྐྱེན་གྱིས་ཡིན་ནོ། །དེ་འདྲ་བའི་རིག་སྔགས་ཟློས་པ་དང་བྲལ་བ་ནི། ལྕགས་གོང་གི་རེག་བྱ་དེ་ཤིན་ཏུ་ཚ་ཞིང་སྲེག་པའི་རྣམ་པ་ཅན་དུ་སྐྱེའོ། །དེ་ལྟར་ན་མི་སྲེག་པ་དང་སྲེག་པའི་རེག་བྱ་གཉིས་ཀ་ལྕགས་གོང་གཅིག་པུ་དེའི་རེག་བྱར་ནི་བྱ་དགོས་ལ། ལུས་ཤེས་ཚད་མ་གཉིས་གཅིག་གིས་གྲུབ་པའི་རེག་བྱ་ཅིག་ཤོས་ཀྱིས་གྲུབ་པ་ནི་མིན་པས་གཉིས་ཀ་ཚད་མས་ཁས་བླངས་ཀྱང་ཚད་མ་གཅིག་གི་གྲུབ་པ་ཅིག་ཤོས་ཀྱིས་འགོག་པ་མིན་ནོ། །དེ་བཞིན་དུ་གཞི་གང་དུ་ཆུ་རླུང་འབབ་པའི་གཞི་དེར་ཆུ་རླུང་དེའི་ཆ་ཤས་ཤིག་ཡི་དྭགས་རྣམས་ལ་སྔོན་ལས་ཀྱི་དབང་གིས་རྣག་ཁྲག་ཏུ་སྐྱེས་པ་དང་། ཆུ་རླུང་གི་ཆ་ཤས་གཞན་ཞིག་མི་ལ་སྔོན་ལས་ཀྱི་དབང་གིས་རྣག་ཁྲག་ཏུ་མི་སྣང་བའི་བཏུང་བ་དང་། ཞེས་སོགས་གསུངས་སོ། །འོ་ན། ལྕགས་གོང་མེས་བསྲེགས་པའི་དམར་འབར་བའི་ཆ་ཤས་ལ་མི་སྲེག་པའི་རེག་བྱ་དང་སྲེག་པའི་རེག་བྱ་གཉིས་ཡོད་པར་ཐལ། གོང་གི་གཞུང་དོན་དེའི་ཕྱིར། འདོད་ན། ལྕགས་གོང་མེས་བསྲེགས་པའི་དམར་འབར་བ་ལ་མི་སྲེག་པའི་རེག་བྱ་དང་སྲེག་པའི་རེག་བྱ་གཉིས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མེའི་རེག་བྱ་ལ་སྲེག་པའི་རེག་བྱ་དང་མི་སྲེག་པའི་རེག་བྱ་གཉིས་ཡོད་པར་ཐལ། ལྕགས་གོང་མེས་བསྲེགས་པའི་དམར་འབར་བ་ལ་མི་སྲེག་པའི་རེག་བྱ་དང་སྲེག་པའི་རེག་བྱ་གཉིས་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། མེའི་རེག་བྱ་ལ་ཚ་བའི་རེག་བྱ་དང་གྲང་བའི་རེག་བྱ་གཉིས་ཡོད་པར་ཐལ། མེའི་རེག་བྱ་ལ་སྲེག་པའི་རེག་བྱ་དང་མི་སྲེག་པའི་རེག་བྱ་གཉིས་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། མེ་ལ་ཚ་བའི་རེག་བྱ་དང་གྲང་བའི་རེག་བྱ་གཉིས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མེ་སྟོབས་ཆེན་པོ་ལ་ཚ་བའི་རེག་བྱ་དང་གྲང་བའི་རེག་བྱ་གཉིས་ཡོད་པར་ཐལ། འདོད་པའི་ཕྱིར། རྟགས་ཁས། འདོད་ན། མེ་སྟོབས་ཆེན་པོ་ལ་གྲང་བའི་རེག་བྱ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མེ་སྟོབས་ཆེན་པོས་ཁྱད་པར་གནོན་པའི་གཞི་ལ་གྲང་བའི་རེག་བྱ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མེ་སྟོབས་ཆེན་པོས་ཁྱད་པར་གནོན་པའི་གཞིར་གྲང་རེག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སྟེ། མེ་སྟོབས་ཆེན་པོས་ཁྱད་པར་གནོན་པའི་གཞི་ཆོས་ཅན། གྲང་རེག་མེད་དེ། མེ་དམིགས་པའི་ཕྱིར། འདི་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ་ཡིན་ཏེ། བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་རྟགས་རིགས་ཀྱི་རང་ལུགས་མཐའ་དཔྱོད་ཀུ་མུ་ཏའི་ཁ་འབྱེད་ལས་གསུངས་སོ། །

གཞན་ཡང་། ལྕགས་གོང་མེས་བསྲེགས་པའི་དམར་འབར་བའི་ཆ་ཤས་ལ་མི་སྲེག་པའི་རེག་བྱ་དང་སྲེག་པའི་རེག་བྱ་གཉིས་ཡོད་པར་ཐལ། གོང་གི་གཞུང་དོན་དེ་ཕྱིར། འདོད་ན། ལྕགས་གོང་མེས་བསྲེགས་པའི་དམར་འབར་བའི་ཆ་ཤས་ལ་མི་སྲེག་པའི་རེག་བྱ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྕགས་གོང་དམར་འབར་བ་ཡང་ཡིན་བསིལ་བར་བྱེད་པའི་རིག་སྔགས་ཀྱིས་མི་ཚ་བར་བྱས་པའི་གཞི་མཐུན་གྱི་ལྕགས་གོང་དེའི་རེག་བྱ་ཆོས་ཅན། མི་སྲེག་པའི་རེག་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མི་སྲེག་པའི་རེག་བྱ་མ་ཡིན་པར་ཐལ། སྲེག་པའི་རེག་བྱ་ཡིན་པའི་ཕྱིར། དེར་ཐལ། ཚ་བའི་རེག་བྱ་ཡིན་པའི་ཕྱིར། དེར་ཐལ། ཚ་ཞིང་སྲེག་པའི་རེག་བྱ་ཡིན་པའི་ཕྱིར། དེར་ཐལ། མེའི་རེག་བྱ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་ཡིན་པ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་དགོངས་པ་ཡིན་པའི་ཕྱིར། དེ་ཉིད་ཀྱིས་མཛད་པའི་དབུ་མ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ལས། དེ་འདྲའི་གྲང་རེག་ཆོས་ཅན། ཚ་བའི་རེག་བྱར་ཐལ། མེའི་རེག་བྱ་ཡིན་པས་ཕྱིར་ན་ཡང་མ་ཁྱབ། ཅེས་གསུངས་སོ། །

ཡང་། ལྕགས་གོང་དམར་འབར་བ་ཡང་ཡིན་རང་གི་རེག་བྱ་ལ་ཚ་བའི་རེག་བྱ་དང་གྲང་བའི་རེག་བྱ་ཡང་ཡོད་པའི་ལྕགས་གོང་དམར་འབར་བ་ཆོས་ཅན། འབྱུང་བ་ཡིན་པར་ཐལ། འབྱུང་བ་བཞི་བོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། མེ་ཡིན་པའི་ཕྱིར། དབུ་མ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ལས། ལྕགས་གོང་དམར་འབར་བ་ཡང་ཡིན་རང་གི་རེག་བྱ་ལ་ཚ་བའི་རེག་བྱ་དང་གྲང་བའི་རེག་བྱ་ཡང་ཡོད་པའི་ལྕགས་གོང་དམར་འབར་བ་ཆོས་ཅན། ཁྱོད་ཀྱི་སྟེང་དུ་གྲང་རེག་མེད་པར་ཐལ། ཁྱོད་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞི་ཡིན་པའི་ཕྱིར་ན་མཁས་པ་ཁ་ཅིག་མ་ཁྱབ་གསུངས་པ་ལྟར་སྤྱིར་ཁྱབ་པ་མེད་ཀྱང་ད་དུང་འདིར་རྟགས་མ་གྲུབ། བྱས་པ་ལ་ཁོ་ན་རེ། དེར་ཐལ། ཁྱོད་མེ་ཡིན་པའི་ཕྱིར་ན་འདིར་མ་ཁྱབ། ཅེས་གསུངས་སོ། འདོད་ན། དེ་ཆོས་ཅན། འབྱུང་བ་ཡིན་པར་ཐལ། མེ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། འབྱུང་བ་མ་ཡིན་པར་ཐལ། འབྱུང་འགྱུར་ཡིན་པའི་ཕྱིར། དེར་ཐལ། ལྕགས་ཡིན་པའི་ཕྱིར། དེར་ཐལ། ལྕགས་གོང་དམར་འབར་བ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། འོ་ན། ལྕགས་གོང་དམར་འབར་བ་ལྕགས་མ་ཡིན་པར་ཐལ། འདོད་ན། ས་དམར་འབར་བ་ས་མ་ཡིན་པར་ཐལ། འདོད་ན། ས་དམར་པོ་ས་མ་ཡིན་པར་ཐལ། འདོད་ན། ས་སེར་པོ་ས་མ་ཡིན་པ་སོགས་སྤྲོས། 

གཞན་ཡང་། རླན་ཞིང་གཤེར་བ་ཕོར་གང་དེ་ལྷས་ལག་ཏུ་བླངས་ནས་འཐུང་བར་བརྩམས་པ་ན། ལྷའི་ཁར་སླེབས་ནས་ཆ་ཐམས་ཅད་བདུད་རྩི་ཁོ་ནར་སྐྱེས་ཏེ། ལྷ་ཁོ་ནའི་སྤྱོད་ཡུལ་དང་། རླན་ཞིང་གཤེར་བ་ཕོར་གང་དེ་མིས་ལག་ཏུ་བླངས་ནས་འཐུང་བར་བརྩམས་པ་ན། མིའི་ཁར་སླེབས་ནས་ཆ་ཐམས་ཅད་ཆུ་དྭངས་གསལ་བསིལ་བ་ཁོ་ནས་སྐྱེས་ཏེ། མི་ཁོ་ནའི་སྤྱོད་ཡུལ་དང་། རླན་ཞིང་གཤེར་བ་ཕོར་གང་དེ་ཡི་དྭགས་ཀྱིས་ལག་ཏུ་བླངས་ནས་འཐུང་བར་བརྩམས་པ་ན། ཡི་དྭགས་ཀྱི་ཁར་སླེབས་ནས་ཆ་ཐམས་ཅད་རྣག་ཁྲག་ཁོ་ནར་སྐྱེས་ཏེ། ཡི་དྭགས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་བ་ཡིན་པར་ཐལ། སྟོང་ཐུན་ལས། དེ་ཡང་རླན་ཞིང་གཤེར་བ་ཕོར་བ་གང་པོ་དེ་ཉིད་མི་དང་ཡི་དྭགས་ལྷ་གསུམ་གྱིས་ཐུན་མོང་དུ་བལྟས་པའི་ཚེ་ན་གསུམ་ཀའི་བལྟ་བྱ་ཐུན་མོང་བར་སོང་བའི་དབང་གིས་ཆ་ཤས་གསུམ་ལྡན་དུ་སྐྱེས་པ་ཡིན་གྱི། དེ་ནས་སྣོད་དེ་ཡི་དྭགས་ཀྱིས་ལག་ཏུ་བླངས་ནས་འཐུང་བར་བརྩམས་པ་ན། ཡི་དྭགས་ཀྱི་ཁར་སླེབས་ནས་ཆ་ཐམས་ཅད་རྣག་ཁྲག་ཁོ་ནར་སྐྱེས་ཏེ། ཡི་དྭགས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་བའི་ཕྱིར་རོ། །ཚུལ་དེས་གཞན་གཉིས་ལའང་འདྲའོ། །ཞེས་གསུངས་སོ། །

འདོད་ན། རླན་ཞིང་གཤེར་བ་ཕོར་གང་དེ་ཡི་དྭགས་ཀྱིས་ལག་ཏུ་བླངས་ནས་འཐུང་བར་བརྩམས་པ་ན། ཡི་དྭགས་ཀྱི་ཁར་སླེབས་ནས་ཆ་ཐམས་ཅད་རྣག་ཁྲག་ཁོ་ནར་སྐྱེས་ཏེ། ཡི་དྭགས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཚེ་རླན་ཞིང་གཤེར་བ་ཕོར་གང་དེའི་ཆ་ཤས་བདུད་རྩི་དང་། ཆུ་དྭངས་ཤིང་བསིལ་བ་ཕོར་གང་དེ་ཡི་དྭགས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་བ་ཡིན་པར་ཐལ། དེ་ཚེ་དེའི་ཆ་ཤས་ཐམས་ཅད་ཡི་དྭགས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་བ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཚེ་རླན་ཞིང་གཤེར་བ་ཕོར་གང་དེའི་ཆ་ཤས་བདུད་རྩི་དེ་ཡང་ཡི་དྭགས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སྟེ། དེ་ལྷ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་བ་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། གཞན་གྱིས་བསགས་པ་གཞན་གྱིས་མྱོང་བའང་མེད། ཅེས་གསུངས་སོ། །

གཞན་ཡང་། ཆུ་རླུང་དེ་མཐོང་བ་ན་སྔོན་གྱི་ལས་ཀྱི་དབང་གིས་འགྲོ་བ་དེ་དག་ལ་མི་མཐུན་པར་སྣང་བ་ཡོད་པ་དེ་བཞིན་དུ། སངས་རྒྱས་ཀྱི་སྐུ་མཐོང་བ་ན་སྔོན་གྱི་ལས་ཀྱི་དབང་གིས་འགྲོ་བ་ཐམས་ཅད་ལ་མི་མཐུན་པར་སྣང་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་སྐུ་མཐོང་བ་ན་སྔོན་གྱི་ལས་ཀྱི་དབང་གིས་འགྲོ་བ་ཐམས་ཅད་ལ་ཡིད་དུ་འོང་མི་འོང་སྣང་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་སྐུ་མཐོང་བ་ན་སྔོན་གྱི་ལས་ཀྱི་དབང་གིས་འགྲོ་བ་འགའ་ཞིག་ལ་ཡིད་དུ་མི་འོང་བ་སྣང་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་སྐུ་མཐོང་བ་ན་སྔོན་གྱི་ལས་ཀྱི་དབང་གིས་འགྲོ་བ་འགའ་ཞིག་ལ་ཡིད་དུ་མི་འོང་བ་སྣང་བ་ལ་ཚད་མ་ཡིན་པར་ཐལ། འདོད་ན། དེ་ལ་སྣང་བ་ལྟར་དོན་ལ་གནས་བར་ཐལ། འདོད་མི་ནུས་སྟེ། འགྲོ་བ་སུས་མཐོང་ན་ཡིད་དུ་འོང་བར་མཐོང་བའི་ཕྱིར། དཀོན་མཆོག་རྗེས་དྲན་གྱི་མདོ་ལས། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། ཞེས་གསུངས་སོ། །

གཞན་ཡང་། རླན་ཞིང་གཤེར་བའི་ཕོར་གང་གི་གོ་ས་ན་རྣག་ཕོར་གང་། བདུད་རྩི་ཕོར་གང་། ཆུ་དྭངས་ཤིང་བསིལ་བ་ཕོར་གང་ཡོད་པའི་ཕྱིར། དེར་ཐལ། ཡིག་ཆ་ལས་དེ་ལྟར་གསུངས་སོ། །འོ་ན། རླན་ཞིང་གཤེར་བའི་ཕོར་གང་གི་གོ་ས་ན་དེ་གསུམ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རླན་ཞིང་གཤེར་བའི་ཕོར་གང་གི་གོ་ས་ན་བདུད་རྩི་ཕོར་གང་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རླན་ཞིང་གཤེར་བའི་ཕོར་གང་ཆོས་ཅན། རང་གི་གོ་སར་གཟུགས་ཅན་གཞན་འབྱུང་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རླན་ཞིང་གཤེར་བའི་ཕོར་གང་ཆོས་ཅན། རང་གི་གོ་སར་གཟུགས་ཅན་གཞན་འབྱུང་བ་ལ་གོ་འགེགས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཐོགས་བཅས་ཀྱི་གཟུགས་མ་ཡིན་པར་ཐལ། རང་གི་གོ་སར་གཟུགས་ཅན་གཞན་འབྱུང་བ་ལ་གོ་འགེགས་པ་མ་ཡིན་པའི་ཕྱིར། ཁྱབ་བ་ཡོད་དེ། དེ་ཐོགས་བཅས་ཀྱི་དོན་ཡིན་པའི་ཕྱིར། ཐར་ལམ་གསལ་བྱེད་ལས། དེ་བཞིན་དུ་བྱེ་བྲག་པ་རྡུལ་ཕྲན་ཐོགས་མེད་དུ་འདོད་ཀྱང་ཐོགས་བཅས་ཀྱི་དོན་གཟུགས་ཅན་གཞན་གྱི་གོ་ས་འགེགས་པ་སངས་རྒྱས་པ་ལྟར་འདོད་དོ། །ཞེས་གསུངས་སོ། །

གཞན་ཡང་། རླན་ཞིང་གཤེར་བའི་ཕོར་གང་གི་གོ་ས་ན་རྣག་ཕོར་གང་། བདུད་རྩི་ཕོར་གང་། ཆུ་དྭངས་ཤིང་བསིལ་བ་ཕོར་གང་ཡོད་ཀྱང་དེ་ཚད་མཚུངས་ཀྱི་ཕོར་བ་གང་རེ་མེད་པའི་དོན་ལ་བཤད་དགོས་ཏེ། དབུ་མ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ལས། དེ་ཚད་མཚུངས་ཀྱི་ཕོར་བ་གཞིར་བཞག་དགོངས་པའི་ཕྱིར། ཞེས་གསུངས་སོ། །འདོད་ན། རླན་ཞིང་གཤེར་བའི་ཕོར་གང་གི་གོ་ས་ན་ཚད་མཚུངས་ཀྱི་རྣག་ཕོར་གང་དང་། ཚད་མཚུངས་ཀྱི་བདུད་རྩི་ཕོར་གང་དང་། ཚད་མཚུངས་ཀྱི་ཆུ་དྭངས་ཤིང་བསིལ་བ་ཕོར་གང་མེད་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། རླན་ཞིང་གཤེར་བའི་ཕོར་གང་གི་གོ་ས་ན་ཚད་མཚུངས་ཀྱི་རྣག་ཕོར་གང་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱེ་མ་ཕོར་གང་གི་གོ་ས་ན་ཚད་མཚུངས་ཀྱི་ཆུ་ཕོར་གང་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྕགས་ཀྱི་གོང་བུ་རིལ་བོ་བསྲེགས་པའི་ཚེ་མེ་རྡུལ་དང་ལྕགས་རྡུལ་ཆེ་ཆུང་མཉམ་པ་དེ་གཉིས་གོ་ས་གཅིག་ཏུ་འདུས་པ་ཡིན་པའི་ཕྱིར། དེར་ཐལ། གུང་ཐང་བསྟན་པའི་སྒྲོན་མེའི་དགོངས་པ་ཡིན་པའི་ཕྱིར། དེ་ཉིད་ཀྱིས་མཛད་པའི་མཛོད་སྡོམ་ལས། དེ་བརྒྱད་འདུས་ཀྱང་མི་ཆེ་སྟེ། །བྱེ་མ་ཆུ་དང་མེ་ལྕགས་བཞིན། །ཞེས་གསུངས་སོ། །

གཉིས་པ། གཞན་དབང་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་ཚད་མ་དགག་པ་ལ་རྩ་བར། གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང་། །གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན། །འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །མ་གཟུང་བར་ཡང་ཡོད་ཅེས་བྱར་མི་རུང་། །ཞེས་གསུངས་པ་ནང་བཞིན་དབུ་མ་ཐལ་འགྱུར་བས་གཟུང་འཛིན་རྫས་ཐ་དད་པ་གཉིས་ཀྱིས་སྟོང་བའི་གཞན་དབང་གི་དངོས་པོ་ཡོད་ན་གཞན་དབང་འདི་ཡི་ཡོད་པ་དེ་ཤེས་པ་གང་གིས་ཤེས་པར་འགྱུར་ཞེས་རང་རིག་འདོད་པའི་སེམས་ཙམ་པ་ལ་དྲི་བར་བྱའོ། །ཤེས་པ་དེ་ཉིད་ཀྱིས་ཤེས་པ་དེ་ཉིད་མི་འཛིན་ཏེ། རང་ལ་རང་གི་བྱེད་པ་འཇུག་པ་འགལ་བའི་ཕྱིར་རོ། དེའི་ཕྱིར་རིགས་པ་ལྔས་སྒོ་ནས་འཆད་པར་འགྱུར་རོ། །རིགས་པ་ལྔ་ནི། འདི་ལྟར་དང་པོ། རལ་གྲིའི་སོ་དེ་ཉིད་ཀྱིས་དེ་ཉིད་མི་གཅོད་པ། གཉིས་པ། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་དེ་ཉིད་ལ་མི་རེག་པ། གསུམ་པ། ལེགས་པར་བསླབས་པའི་གཡེར་ཞིང་ཡང་ཟོར་ཅན་གྱིས་ཀྱང་རང་གི་ཕྲག་པ་ལ་ཞོན་པར་མི་ནུས་པ། བཞི་པ། མེས་རང་གི་བདག་ཉིད་མི་སྲེག་ལ། ལྔ་པ། མིག་གིས་རང་གི་བདག་ཉིད་ལ་ལྟ་བ་མ་ཡིན་པ་ལྔའོ། །རྩ་བར། མ་གཟུང་བར་ཡང་ཡོད་ཅེས་བྱར་མི་རུང་། །ཚད་མས་མ་གཟུང་བ་དང་མ་དམིགས་པར་ཡོད་ཅེས་བྱ་བར་མི་རུང་ངོ་ཞེས་ཐལ་འགྱུར་བས་སྨྲས་པ་ན། སེམས་ཙམ་པས་གལ་ཏེ་ཡང་ཤེས་པ་དོན་གཞན་གྱིས་མི་འཛིན་ཀྱང་རང་རིག་གིས་དེ་ལྟར་ཡོད་པར་གཟུང་ངོ་། །འོ་ན། རང་རིག་འདོད་པའི་སེམས་ཙམ་པའི་ལུགས་ལ་གཟུང་འཛིན་རྫས་ཐ་དད་པ་གཉིས་ཀྱིས་སྟོང་པའི་གཞན་དབང་གི་དངོས་པོ་རང་བཞིན་གྱི་ཡོད་པ་དེ་རང་རིག་གིས་ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་རིག་རྒྱུད་ལྡན་གང་ཟག་ཡིན་ན་གཟུང་འཛིན་རྫས་ཐ་དད་པ་གཉིས་ཀྱིས་སྟོང་པའི་གཞན་དབང་གི་དངོས་པོ་རང་བཞིན་གྱི་ཡོད་པ་ཤེས་པས་ཁྱབ་པར་ཐལ། འདོད་ན། རང་རིག་རྒྱུད་ལྡན་གྱི་དཔལ་ལྡན་ཐལ་འགྱུར་བ་ཆོས་ཅན། གཟུང་འཛིན་རྫས་ཐ་དད་པ་གཉིས་ཀྱིས་སྟོང་པའི་གཞན་དབང་གི་དངོས་པོ་རང་བཞིན་གྱི་ཡོད་པ་ཤེས་པར་ཐལ། རང་རིག་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། ཁྱབ་བ་ཁས། སོགས་སྤྲོ། 

རང་འགྲེལ་ལས། རྣམ་པར་ཤེས་པ་ཨུད་པ་ལའི་འདབ་མ་རྒྱ་འབིགས་པ་ལྟར། རིམ་གྱིས་འབྱུང་བ་རྣམས་ཅིག་ཅར་དུ་འཇུག་པ་ལྟ་བུར་མངོན་པ་ཡིན་ནོ། །གཞུང་འདི་ལ་འགྲེལ་བཤད་མཁན་པོས་ལན་འདེབས་ཚུལ་གཅིག་དང་བོད་མང་པོས་ལན་འདེབས་ཚུལ་གཉིས་བྱུང་བ་ལ་གཉིས་ཀ་རང་ལུགས་ལ་མི་འཐད་པར་དབུ་མ་དགོངས་པ་རབ་གསལ་ལས་ལེགས་པར་སྒྲུབ་ཟིན་ཏོ། །འོ་ན་རང་ལུགས་ལ་གཞུང་འདིར་འགྲེལ་ཚུལ་ནི་དགོངས་པ་རབ་གསལ་ལས། དེས་ན་རྣམ་ཤེས་རིགས་མཐུན་ཅིག་ཅར་དུ་སྐྱེ་བར་བརྩད་པའི་ལན་དུ། དེ་རྣམས་འཇུག་པ་མྱུར་བས་རིམ་གྱིས་སྐྱེ་ཡང་ཅིག་ཅར་དུ་སྐྱེ་བར་མངོན་ཞེས་འཆད་དགོས་པ་འདྲ་བ་ཞིག་སྣང་ཡང་རང་རིག་སྒྲུབ་མཁན་དེ་གཉིས་ཀྱིས་འཇུག་པ་མྱུར་བ་ཅིག་ཅར་དུ་འཁྲུལ་པའི་རྒྱུ་ཡིན་པ་ཡང་རྣམ་འགྲེལ་དུ་བཀག་པས་ན། གཞུང་འདི་དེ་གཉིས་ཀྱི་ལུགས་སུ་འཇོག་དཀའ་བར་སྣང་སྟེ་ཕལ་ཆེར་རྒྱ་དཔེ་མ་དག་པའི་སྐྱོན་ཡིན་ནམ་འོན་ཀྱང་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ། །འདིའི་སྐབས་ཀྱི་འཁྲུལ་པའི་རྒྱུ་ཡིན་པ་ཡང་རྣམ་འགྲེལ་དུ་བཀག་པས་ན་ཞེས་པའི་རྣམ་འགྲེལ་ནི། རྟོག་བཅས་རྟོག་པ་མེད་པའི་ཡིད། །ཅིག་ཅར་དུ་ནི་འཇུག་ཕྱིར་རམ། །འཇུག་པ་མྱུར་ཕྱིར་བླུན་པོ་དག ། དེ་དག་ལ་ནི་གཅིག་ཏུ་ཞེན། །ཞེས་དང་། གཞུང་འདི་དེ་གཉིས་ཀྱི་ལུགས་སུ་འཇོག་དཀའ་བར་སྣང་སྟེ་ཞེས་པའི་དོན་ནི། དབུ་མ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ལས། ལུང་འདིའི་དོན་ནི་རྣམ་འགྲེལ་རང་ལུགས་ཀྱི་རང་རིག་འདོད་པའི་མདོ་སེམས་རིགས་པའི་རྗེས་འབྲང་གཉིས་ཀྱི་ལུགས་ལ་འཇོག་དཀའ་ཞེས་པའི་དོན་ཡིན་གྱི། སྤྱིར་རང་རིག་འདོད་པའི་མདོ་སེམས་གང་རུང་ལ་རྣམ་འགྲེལ་རང་ལུགས་ཀྱིས་མ་ཁྱབ་པའི་ཕྱིར། ཞེས་གསུངས་སོ། །ཕལ་ཆེར་རྒྱ་དཔེ་མ་དག་པའི་སྐྱོན་ཡིན་ནམ་འོན་ཀྱང་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ། །ཞེས་པའི་རྒྱ་དཔེ་མ་དག་པའི་ཚུལ་ནི། དབུ་མ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ལས། དེས་ན་འདིར་རང་འགྲེལ་ལས་བརྩད་ཚུལ་དེ་ལྟར་གསལ་བར་མི་འོངས་པ་དང་རང་རིག་དང་གཞན་རིག་གང་ལ་ཡིན་པ་དང་། ཨུཏྤ་ལའི་འདབ་མ་འབིགས་པའི་དཔེ་འགོད་མཁན་དང་། གོང་གི་རང་རིག་སྒྲུབ་མཁན་གཅིག་པ་ལྟར་མཛད་པ་ནི། ཞི་འཚོ་ལྟར་ན་རང་འགྲེལ་ཀུན་ལ་དེ་ལྟར་ཡོད་པར་མི་མངོན་ཡང་ད་ལྟའི་བོད་དཔེ་འདིའི་ཕྱི་མོ་རྒྱ་དཔེ་མ་དག་པ་དང་འགྱུར་སྐྱོན་གང་རུང་ཡིན་པར་མངོན་ཏེ། ཞེས་གསུངས་སོ། །

ཁ་ཅིག་གིས་ཐལ་འགྱུར་བའི་རང་ལུགས་ལ་སྔོན་འཛིན་མིག་ཤེས་སོགས་ཡོད་པར་འདོད་དགོས་ལ་དེ་ཡོད་པ་གང་གིས་ཤེས་རང་རིག་ནི་མི་འདོད་ལ། འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །མ་གཟུང་བར་ཡང་ཡོད་ཅེས་བྱར་མི་རུང་། །ཞེས་གཞན་ལ་སྨྲས་པ་ལྟར་རང་ལ་ཡང་སྐྱོན་དུ་འགྱུར་ཏེ། ཞེ་ན། དེ་ལན་ནི། དགོངས་པ་རབ་གསལ་ལས། འདི་ནི་ཤིན་ཏུ་དཀའ་བའི་གནས་སུ་འདུག་པས་བཤད་པར་བྱ་སྟེ། དེ་ནི་ཡུལ་དང་ཡུལ་ཅན་དྲན་ཚུལ་དཔེར་བླངས་ཏེ་བཤད་ན་རྟོགས་སླའོ། །དེ་ལ་ཡུལ་དྲན་པ་ཉིད་ཀྱིས་ཡུལ་ཅན་ཡང་དྲན་པས། ཡུལ་ཅན་དྲན་པ་ཟུར་པ་མི་དགོས་པ་བཞིན་དུ་སྔོན་འཛིན་ལྟ་བུའི་ཡུལ་སྔོན་པོ་གྲུབ་པ་ཉིད་ཀྱིས་སྔོན་པོ་འཇལ་བྱེད་འགྲུབ་ཀྱི། སྔོན་པོ་འགྲུབ་ཚུལ་ལས་གཞན་པའི་སྔོན་པོ་འཇལ་བྱེད་འགྲུབ་ཚུལ་མི་དགོས་སོ། །ཞེས་དང་། ཡང་དེ་ཉིད་ལས། དེ་ལྟར་ན་སྔོན་འཛིན་ནི་གཞན་ལུགས་ལྟར་རང་རིག་གིས་མི་འགྲུབ་ཀྱི། དབང་པོའི་མངོན་སུམ་ཚད་མས་འགྲུབ་པར་བསྟན་ཏེ། དེ་ཡོད་པ་ནི་སྔོ་འཛིན་གྱིས་གཞལ་བྱ་གྲུབ་པ་དེ་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། དེའི་ཕྱིར་ཚད་མ་གང་ཡིན་ཐམས་ཅད་རང་གི་གཞལ་བྱ་གྲུབ་པ་དེ་ཉིད་ཀྱིས་འགྲུབ་བོ། །ཞེས་གསུངས་སོ། །འོ་ན། ཡུལ་དེ་དྲན་པའི་སྟོབས་ཀྱིས་ཡུལ་ཅན་དེ་ཡོད་པར་དྲན་པ་ཡིན་པར་ཐལ། འདོད་ན། ཡུལ་དེ་གཞལ་བའི་སྟོབས་ཀྱིས་ཡུལ་ཅན་དེ་ཡོད་པར་གཞལ་བ་ཡིན་པར་ཐལ། འདོད་ན། སྔོན་པོ་གཞལ་བའི་སྟོབས་ཀྱིས་སྔོན་འཛིན་མིག་ཤེས་ཡོད་པར་གཞལ་བ་ཡིན་པར་ཐལ། འདོད་མི་ནུས་ཏེ། སྟོང་ཐུན་ལས། ཁོ་བོ་ནི་འདི་ལྟར་སྨྲ་སྟེ། སྔོན་འཛིན་མིག་ཤེས་ཀྱིས་སྔོན་འཛིན་མིག་ཤེས་ཡོད་པར་གྲུབ། ཇི་ལྟར་གྲུབ་ན་སྔོན་པོ་གཞལ་པའི་སྟོབས་ཀྱིས་གྲུབ་ཅེས་མི་སྨྲའི། ཞེས་གསུངས་སོ། །

ཡང་། སྔོན་འཛིན་མིག་ཤེས་ཀྱིས་སྔོན་འཛིན་མིག་ཤེས་ཡོད་པར་རྟོགས་བར་ཐལ། འདོད་ན། སྔོན་འཛིན་མིག་ཤེས་ཡོད་པ་སྔོན་འཛིན་མིག་ཤེས་ཀྱི་ཡུལ་ཡིན་པར་ཐལ། འདོད་ན། སྔོན་འཛིན་མིག་ཤེས་ཡོད་པ་དབང་བོའི་ཡུལ་ཡིན་པར་ཐལ། འདོད་ན། སྔོན་འཛིན་མིག་ཤེས་ཡོད་པ་མངོན་གྱུར་ཡིན་པར་ཐལ། དེ་དབང་བོའི་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། དབུ་མ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ལས། མངོན་སུམ་དང་མངོན་གྱུར་དང་། དབང་བོའི་ཡུལ། ལྐོག་གྱུར་མ་ཡིན་པའི་ཆོས་བཞི་མིང་གི་རྣམ་གྲངས་ཡིན། ཞེས་གསུངས་སོ། །འདོད་ན། སྔོན་འཛིན་མིག་ཤེས་ཡོད་པ་དེ་མངོན་གྱུར་མ་ཡིན་པར་ཐལ། ལྐོག་གྱུར་ཡིན་པའི་ཕྱིར། དེར་ཐལ། ཅུང་ཟད་ལྐོག་གྱུར་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པ་དངོས་སྟོབས་ཀྱི་རིགས་པའི་བསྒྲུབ་བྱ་ཡིན་པའི་ཕྱིར། དེར་ཐལ། སྔོན་འཛིན་མིག་ཤེས་ཆོས་ཅན། ཡོད་དེ། ཚད་མས་དམིགས་པ་ཡིན་པའི་ཕྱིར། སྦྱོར་བ་ཡང་དག་འདིའི་བསྒྲུབ་བྱ་ཡིན་པའི་ཕྱིར། ཞེས་སོགས་སྤྲོ། གཞན་ཡང་། གཉིས་སྣང་ཅན་གྱི་ཚད་མ་ཡིན་ན་རང་གི་ངོ་བོ་ཡོད་པར་རྙེད་ཚུལ་དེ་ལྟར་བྱེད་པས་ཁྱབ་པའི་ཕྱིར། ཚིག་གསལ་ལས། གཞལ་བྱའི་རྣམ་པའི་རྗེས་སུ་བྱེད་པ་ཙམ་གྱིས་རང་གི་ངོ་བོ་ཡོད་པར་རྙེད་པའི་ཚད་མ་དག་གིས་རང་གི་ངོ་བོ་རྣམ་པར་འཇོག་པའི་ཕྱིར། ཞེས་གསུངས་སོ། །འོ་ན། གཉིས་སྣང་ཅན་གྱི་ཚད་མ་ཡིན་ན་རང་གི་ངོ་བོ་ཡོད་པར་རྟོགས་པས་ཁྱབ་བར་ཐལ། འདོད་པའི་ཕྱིར། འདོད་ན། རྒྱང་ཕན་པའི་རྒྱུད་ཀྱི་རྗེས་དཔག་ཚད་མ་ཆོས་ཅན། རང་གི་ངོ་བོ་ཡོད་པར་རྟོགས་པས་ཁྱབ་བར་ཐལ། གཉིས་སྣང་ཅན་གྱི་ཚད་མ་ཡིན་པའི་ཕྱིར། འདོད་ན། རྒྱང་ཕན་པའི་རྒྱུད་ཀྱི་རྗེས་དཔག་ཚད་མས་རྒྱང་ཕན་པའི་རྒྱུད་ཀྱི་རྗེས་དཔག་ཚད་མ་ཡོད་པར་རྟོགས་པར་ཐལ། རང་གི་ངོ་བོ་ཡོད་པར་རྟོགས་པའི་ཕྱིར། རྟགས་ཁས། འདོད་ན། རྒྱང་ཕན་པས་རྗེས་དཔག་ཚད་མ་ཡོད་པར་ཁས་བླངས་པར་ཐལ་ལོ། །

ཡང་རྩ་བར། དེའི་ཕྱིར་རང་རིག་ཡོད་པ་མ་ཡིན་ན། །ཁྱོད་ཀྱི་གཞན་དབང་གང་གིས་འཛིན་པར་འགྱུར། །བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། །དེ་ཉིད་ཀྱིས་དེ་འཛིན་པར་རིགས་མ་ཡིན། །ཞེས་གསུངས་པ་ལྟར། སེམས་ཙམ་པ་ན་རེ། གཞན་དབང་ཕྱི་དོན་དུ་གྲུབ་པ་མེད་ཅིང་རང་བཞིན་གྱིས་གྲུབ་པ་ཡོད་དེ་རང་རིག་གིས་བཞག་གོ། །ཐལ་འགྱུར་བས་རང་རིག་གིས་བཞག་ན་རང་རིག་དེ་ཉིད་རིག་བྱ་རིག་བྱེད་གཅིག་ཏུ་ཐལ་བའི་གནོད་པ་འབབ་ཚུལ་ཡོད་དེ། བདེན་གཉིས་རང་འགྲེལ་ལས། ཤེས་པའི་བདག་ཉིད་ལ་ནི། རྡུལ་ཕྲ་རབ་དག་དང་གཉིས་པོ་མེད་པའི་དངོས་པོའི་ངོ་བོ་མི་སྣང་ངོ་། མི་སྣང་བ་ལ་ནི་ཐ་སྙད་མེད་དོ། །ཞེས་སོ། །རྟོག་པ་ལ་སྔོན་འཛིན་མིག་ཤེས་དང་སྔོན་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་གཉིས་རིག་བྱ་རིག་བྱེད་དུ་གཉིས་སུ་མི་སྣང་ལ་མཉམ་བཞག་ཡེ་ཤེས་དང་དེའི་ཡུལ་ཆོས་ཉིད་གཉིས་རིག་བྱ་རིག་བྱེད་དུ་གཉིས་སུ་སྣང་ངོ་། འཇམ་མགོན་བླ་མའི་དགོངས་པ་རབ་གསལ་ལས། ཕྱི་མ་ལ་ནི་གྲུབ་མཐས་བཏགས་པའི་ཡུལ་ཡུལ་ཅན་ཙམ་མ་གཏོགས་པ་རྟོག་པས་ཡིད་ཅི་ཙམ་གཏད་ཀྱང་རིག་བྱ་དང་རིག་བྱེད་ཀྱི་སྣང་བ་གཉིས་མི་འཆར་ལ། སྔ་མ་ལ་ནི་ཡིད་གཏད་དེ་བལྟས་པ་ན་ཡུལ་ཅན་ཤེས་པ་དང་ཡུལ་ཆོས་ཉིད་ཀྱི་རྣམ་པ་ཐ་དད་པ་ངེས་པར་འཆར་བའི་ཕྱིར་རོ། ཞེས་གསུངས་སོ། །དེའི་ཐད་ཀྱི་དབུ་མའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ལས། བློ་གཞན་གྱིས་དཔྱད་ན་རང་རིག་གི་དེ་ལ་ཡིད་ཅི་ཙམ་གཏད་ཀྱང་རིག་བྱ་རིག་བྱེད་དུ་མི་འཆར་ལ། མཉམ་བཞག་གི་ངོར་གཉིས་སྣང་ལོག་ཀྱང་ཡུལ་ཆོས་ཉིད་སྤྲོས་བྲལ་དང་ཡུལ་ཅན་གསལ་རིག་གི་དངོས་པོ་སོ་སོར་འཆར་བས་ཐ་དད་དུ་དང་ཡུལ་ཡུལ་ཅན་དུ་ལེགས་པར་གྲུབ་པའི་ཕྱིར། ཞེས་གསུངས་སོ། །འོ་ན། བློ་གཞན་གྱིས་དཔྱད་ན་སྔོན་འཛིན་མིག་ཤེས་དང་སྔོན་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་གཉིས་རིག་བྱ་རིག་བྱེད་དུ་འཆར་བའི་ཕྱིར། དེར་ཐལ། དེ་གཉིས་རིག་བྱ་རིག་བྱེད་དུ་འཛིན་པའི་རྟོག་པ་ལ་དེ་ལྟར་འཆར་བའི་ཕྱིར། དེར་ཐལ། དེ་ལྟར་འཛིན་པའི་རྟོག་པ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། དབུ་མའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ལས། དེ་ལྟར་ཡིད་ལ་སྣང་བ་འཆར་བའི་ཕྱིར། དེར་ཐལ། དེ་ལྟར་འཛིན་པའི་རྟོག་པ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་གྲུབ་མཐའི་དབང་གིས་བཟུང་བ་ཡིན་གྱི་སྣང་བ་ཤར་བའི་དབང་གིས་མ་ཡིན་པའི་ཕྱིར་དང་། དེ་ལྟར་བཟུང་ན་དེ་ལྟར་སྣང་བས་ཀྱང་མ་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན། དེ་གཉིས་རིག་བྱ་རིག་བྱེད་དུ་འཛིན་པའི་རྟོག་པ་ལ་ཡོད་པར་ཐལ། འདོད་ན། དེ་གཉིས་རིག་བྱ་རིག་བྱེད་དུ་འཛིན་པའི་རྟོག་པ་ལ་དེ་གཉིས་རིག་བྱ་རིག་བྱེད་དུ་འཆར་བར་ཐལ། དེ་གཉིས་རིག་བྱ་རིག་བྱེད་དུ་འཛིན་པའི་རྟོག་པ་ལ་དེ་གཉིས་རིག་བྱ་རིག་བྱེད་དུ་འཛིན་པའི་ཕྱིར། མ་ཁྱབ་ན། ཀ་བུམ་གཉིས་འཛིན་པའི་རྟོག་པ་ལ་ཀ་བུམ་གཉིས་འཛིན་ན་ཀ་བུམ་གཉིས་འཛིན་པའི་རྟོག་པ་ལ་ཀ་བུམ་གཉིས་འཆར་དགོས་པའི་ཕྱིར། ཞེས་སྤྲོ་བྱ་སོགས་མང་ངོ་།། 

དཔྱད་གཞིའི་ཡིག་ཆ། 
1.སྟོན་པ་ཐུགས་རྗེ་ཅན། མདོ་ཏིང་ངེ་འཛིན་རྒྱལ་པོའཇམ་མགོན་བླ་མ་ཙོང་ཁ་པ། དབུ་མ་དགོངས་པ་

2.རབ་གསལསེར་གཙུག་དཔེ་རྙིང་ཁང་། 

3.རྗེ་མཁས་གྲུབ་དགེ་ལེགས་དཔལ་བཟང་། སྟོང་ཐུན་སྐལ་བཟང་མིག་འབྱེདམི་རིགས་དཔེ་སྐྲུན་ཁང་། 
4.རྗེ་དགེ་འདུན་གྲུབ། ཚད་མ་རིགས་རྒྱནསེར་གཙུག་དཔེ་རྙིང་ཁང་། 
5.ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པ། དབུ་མ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོདསེར་གཙུག་དཔེ་རྙིང་ཁང་། 
6.བསེ་ངག་དབང་བཀྲ་ཤིས། རྟགས་རིགས་ཀྱི་རང་ལུགས་མཐའ་དཔྱོད་ཀུ་མུ་ཏའི་ཁ་འབྱེདམཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 
རྩོམ་པ་པོ་དར་རྒྱས་རྒྱ་མཚོ་ནི་མཚོ་སྔོན་ནང་བསྟན་སློབ་ཆེན་གྱི་ཡོངས་འཛིན་ཡིན།
རྩོམ་ཁུངས།2023ལོའིནང་རིག་འོད་སྣངདེབ་གཉིས་པ་ལས་དྲངས།
རྩོམ་སྒྲིག་འགན་འཁུར་པ། ངག་དབང་ཆོས་འབྱོར།

     མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའིནང་རིག་འོད་སྣངརྩོམ་སྒྲིག་ཁང་གི་འབྲེལ་ལམ།

གློག་རྡུལ་ཡིག་སྒམ།  qhfxybjb@163.com
འབྲེལ་གཏུགས་ཨང་གྲངས།
ཡུལ་ལྷ་ཚེ་རིང་། 18797017950
ངག་དབང་རྒྱ་མཚོ།  18946857977
 

རྩོམ་སྒྲིག་པ། ངག་དབང་ཆོས་འབྱོར།

དོ་དམ་པ།   ཤ་བོ་རིན་ཆེན།

རྩོམ་སྒྲིག་འགན་འཁུར་པ། མགོན་པོ་ཚེ་རིང་། ལིག་བཱེ།



长按二维码

关注我们

互联网宗教信息服务许可证|编号:青(2022)1000002



青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章