ཕུར་བུ་རྡོ་རྗེ། བོད་ལྗོངས་ལྷོ་ཁ་ཡར་ལུང་ཕོ་བྲང་ཞོལ་ནས་ཡིན་ཞིང་། ཕ་མ་བཟང་པོའི་བཀའ་དྲིན་ལས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་འགྲོ་བའི་གོ་སྐབས་ཐོབ། 1999ལོར་བོད་ལྗོངས་སློབ་ཆེན་གྱི་ཆབ་སྲིད་དང་ལོ་རྒྱུས་ཚན་ཁག་གི་ལོ་རྒྱུས་ཆེད་ལས་ཀྱི་སློབ་གནས་ཐོབ་པ་དང་། 2005ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་ཆེད་ལས་ཀྱི་ཤེས་རམས་པའི་སློབ་གནས་ཐོབ། སྔ་རྗེས་སུ་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་གྱི་ཆེད་དེབ་གསུམ་བརྩམས་པ་དང་། བོད་ལྗོངས་སློབ་ཆེན་གྱི་རིག་དེབ་དང་། ཀྲུང་གོའི་བོད་རིག་པ། བོད་ལྗོངས་ཞིབ་འཇུག་སོགས་རིག་གཞུང་དུས་དེབ་ཁག་ཏུ་ཆེད་རྩོམ་20ལྷག་ཙམ་སྤེལ་མྱོང་ཞིང་། ད་ལྟ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དཔེ་མཛོད་ཁང་དུ་བོད་ཀྱི་རིག་གནས་དང་ལོ་རྒྱུས། དཔེ་རྙིང་ཞིབ་འཇུག་སོགས་ཀྱི་ལས་ཀ་བྱེད་མུས་ལགས། །
སེང་གེ་རྒྱལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་སློབ་གསོ་ཞིབ་འཇུག་ཁང་གི་མཐོ་རིམ་དགེ་རྒན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཀྱི་སློབ་གསོའི་ལོ་རྒྱུས་དང་སློབ་གསོའི་སྲིད་ཇུས་ཡིན།
རྔོག་ལེགས་པའི་ཤེས་རབ། པར་ཁུངས། ཡོངས་འཛིན་དྲ་བ།
ནང་དོན་གནད་བསྡུས། ལྷ་ས་འབྲས་སྤུངས་དགོན་པའི་གནས་བཅུ་ལྷ་ཁང་དུ་བཞུགས་པའི་《རྗེ་བཙུན་མར་པ་ལས་རྒྱུད་(བརྒྱུད་)རྔོག་གཞུང་པ་ཡབ་སྲས་ཀྱི་བླ་མའི་རྣམ་ཐར་ནོར་བུའི་ཕྲེང་བ་》ཞེས་པ་དང་《བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་》ཞེས་པ་གཉིས་ནི། རྔོག་པའི་མི་རྒྱུད་གྲོལ་ཚུལ་དང་། རྔོག་ཆོས་ཀྱི་མེས་པོ་མར་པ་ལོ་ཙཱ་བའི་མཛད་རྣམ་མདོར་བསྡུས། རྔོག་པ་ཆོས་བརྒྱུད་ཀྱི་བྱུང་འཕེལ་སོགས་ཅུང་གསལ་ཙམ་འཁོད་པའི་རྩ་ཆེའི་ལོ་རྒྱུས་ཡིག་ཆ་ཁག་གཉིས་ཡིན་ཞིང་། དེ་དག་ནི་ད་ཕན་ང་ཚོས་མཇལ་བའི་རྔོག་ཚང་གི་ལོ་རྒྱུས་དང་དེ་འབྲེལ་རྔོག་པ་ཆོས་བརྒྱུད་ཀྱི་ནང་དོན་སྐོར་འཁོད་པའི་ལོ་རྒྱུས་ཀྱི་ཡིག་ཆ་རྒྱས་ཤོས་དེ་ཡིན་པས། བསྟན་པ་ཕྱི་དར་གྱི་ལོ་རྒྱུས་འཕེལ་རིམ་དང་། ནང་བསྟན་རིག་གནས་དེ་ཉིད་ས་གནས་ཅན་དུ་འགྱུར་ཚུལ། དེ་བཞིན་རྔོག་ཚང་དང་རྔོག་ཆོས་བརྒྱུད་ཀྱི་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱ་རྒྱུར་རིན་ཐང་ཆེན་པོ་ལྡན་པའི་གལ་ཆེའི་དཔྱད་ཡིག་ཁག་གཉིས་ཡིན། རྩོམ་ཡིག་འདིར་ཡིག་ཚང་རིག་པའི་ཞིབ་འཇུག་གི་ཐབས་ལམ་གྱི་སྒོ་ནས་དེང་གི་ཞིབ་འཇུག་མི་སྣའི་དཔྱད་འབྲས་ཀྱི་རྨང་གཞིའི་ཐོག་རྣམ་ཐར་ཁག་གཉིས་པོའི་གཞི་རྩའི་གནས་ཚུལ་དང་། རྩོམ་པ་པོ་དང་རྩོམ་དུས། རྩོམ་གྱི་སྒྲིག་གཞི་དང་བསྟན་དོན། དེ་བཞིན་རྣམ་ཐར་གཉིས་པོའི་ནང་དུ་བཞུགས་པའི་གལ་ཆེའི་དཔྱད་ཡིག་བཅས་ལ་དཔྱད་པ་རགས་ཙམ་བྱས་ཡོད།གནད་ཚིག རྔོག་ཆོས་བརྒྱུད། རྣམ་ཐར། གདུང་རབས། དཔྱད་གཞིའི་རིན་ཐང་།དེ་ཡང་《རྗེ་བཙུན་མར་པ་ལས་རྒྱུད་(བརྒྱུད་)རྔོག་གཞུང་པ་ཡབ་སྲས་ཀྱི་བླ་མའི་རྣམ་ཐར་ནོར་བུའི་ཕྲེང་བ་》ཞེས་པ་(གཤམ་དུ་རྣམ་ཐར་ཀ་པ་ཞེས་འབོད་རྒྱུ།)དང་《བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་》(གཤམ་དུ་རྣམ་ཐར་ཁ་པ་ཞེས་འབོད་རྒྱུ།)ཞེས་པ་ནི་ལྷ་ས་འབྲས་སྤུངས་དགོན་པའི་གནས་བཅུ་ལྷ་ཁང་དུ་བཞུགས་པའི་རྩ་ཆེའི་དཔེ་རྙིང་ཁག་གཉིས་ཡིན་ཞིང་། ཕྱིས་སུ་བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔར་དུ་བཏབ་པའི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》(པུ་ཏི་༡ནས་༣༠བར།)ཞེས་པའི་དཔེ་ཚོགས་ཁྲོད་རྣམ་ཐར་ཁག་གཉིས་པོའི་མ་དཔེའི་གློག་རྡུལ་དཔར་མ་བཏུས་ཡོད་པ་དང་། དེ་རྗེས་བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༡ལོར་དཔར་དུ་བསྐྲུན་པའི་《རྔོག་སློབ་བརྒྱུད་དང་བཅས་པའི་གསུང་འབུམ་》ཞེས་པའི་ཁྲོད་རྣམ་ཐར་དེ་གཉིས་པོ་བསྡུ་བསྒྲིགས་མཛད་ཡོད། གཞན་ཡང་སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་གིས་བསྡུ་བསྒྲིགས་མཛད་ཅིང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༢༣ལོར་དཔར་དུ་བསྐྲུན་པའི་《བོད་ཀྱི་གདུང་རབས་ལོ་རྒྱུས་དཔེ་དཀོན་ཕྱོགས་བསྒྲིགས་》ཞེས་པའི་དེབ་ཕྲེང་དང་པོ་《ཐུའི་གདུང་རབས་སོགས་》ཞེས་པའི་ནང་དུ་རྔོག་ཆོས་བརྒྱུད་པའི་རྣམ་ཐར་ཁག་གཉིས་ལས་《བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་》ཞེས་པ་འདི་ཉིད་ཕྱོགས་བསྒྲིགས་བྱས་འདུག །དེ་ལྟར་རྔོག་པའི་རྣམ་ཐར་ཁག་གཉིས་པོས་མཚོན་པའི་རྩ་ཆེའི་དཔེ་རྙིང་ཁག་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དཔེ་སྒྲོམ་གྱི་ཐོག་ཏུ་གཟིམས་མལ་དུ་བཞུགས་པ་ལས་དཔེ་རྙིང་ལས་དོན་མི་སྣའི་དཀའ་སྤྱད་ཀྱི་ཉེར་ལེན་ལས་ང་ཚོའི་མིག་གི་སྟོན་མོར་གྱུར་བ་ནི་ཤིན་ཏུ་དགའ་འོས་ཤིང་བསྔགས་པར་འོས་པའི་བྱ་བ་ཞིག་ལགས།རྔོག་ནི་བོད་ཀྱི་གནའ་བོའི་རུས་རྒྱུད་གྲགས་ཅན་ཞིག་ཡིན་པ་མ་ཟད། དུས་རབས་༡༡ནང་ཚུན་དུ་ཡར་འབྲོག་ཁུལ་གྱི་རྔོག་ལོ་ཁུ་དབོན་གྱི་མཛད་འཕྲིན་ལས་བོད་ཀྱི་ཚད་མ་རིག་པའི་འཆད་ཉན་གྱི་སྲོལ་རྒྱུན་དར་འཕེལ་བྱུང་བ་དང་། ལྷག་པར་དུ་ལྷོ་ཁ་གོང་དཀར་སྤྲེ་ཞིང་གི་ཁུལ་དུ་མཆེད་པའི་རྔོག་པའི་མི་རྒྱུད་ལས་རྔོག་དཀྱིལ་བདུན་སོགས་རྔོག་ཆོས་དར་རྒྱས་གང་ལེགས་བྱུང་བས་དུས་རབས་༡༡ནང་ཚུན་གྱི་བོད་ཀྱི་ནང་བསྟན་རིག་གཞུང་གི་འཕེལ་རྒྱས་ཐད་ཕྱག་རྗེས་ཆེན་པོ་འཇོག་གནང་མཛད་ཡོད། འགོས་ལོ་གཞོན་ནུ་དཔལ་གྱི་《དེབ་ཐེར་སྔོན་པོ་》དང་རྟ་ཚག་ཚེ་དབང་རྒྱལ་གྱི་《ལྷོ་རོང་ཆོས་འབྱུང་》དུ་རྔོག་ཆོས་བརྒྱུད་རིམ་བྱོན་གྱི་མཛད་རྣམ་སྐོར་རགས་རིམ་ཙམ་ཞིག་མཇལ་རྒྱུ་ཡོད་པ་མ་གཏོགས། རྔོག་ཆོས་བརྒྱུད་ཀྱི་སྲོལ་བཏོད་པ་པོ་རྔོག་ཆོས་སྐུ་རྡོ་རྗེ་ཡན་གྱི་རྔོག་ཚང་གི་བྱུང་བ་དང་། སྒོས་སུ་དུས་རབས་༡༡ཡན་བྱོན་པའི་རྔོག་པའི་མི་ཆེན་རྣམས་ཀྱིས་མཛད་པ་ཅི་བསྐྱངས་ཀྱི་ལོ་རྒྱུས་ཡིག་ཚང་ཁེར་གཙང་ཞིག་མཇལ་རྒྱུ་མེད་པས་མིག་སྔར་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཁྲོད་དེའི་ཐད་ཀྱི་དཔྱད་འབྲས་འདྲེན་བྱེད་ཀྱི་ཡུལ་དུ་ཤིན་ཏུ་སྣང་བར་དཀའ་བས། རྩ་ཆེའི་རྔོག་པའི་རྣམ་ཐར་དེ་གཉིས་པོ་དཔེ་སྐྲུན་འགྲེམས་སྤེལ་བྱུང་བ་དེས་རྔོག་ཚང་གི་ལོ་རྒྱུས་ཞིབ་འཇུག་བྱ་རྒྱུར་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་མཁོ་འདོན་ཐུབ་པ་བྱུང་ཡོད།ཉེས་བའི་ལོ་ཤས་རིང་གི་རྣམ་ཐར་ཁག་གཉིས་པོའི་ཞིབ་འཇུག་གི་གནས་བབ་ལ་ཆ་མཚོན་ན། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཚེ་རིང་གིས་བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་《རྔོག་སློབ་བརྒྱུད་དང་བཅས་པའི་གསུང་འབུམ་》[①]གྱི་ཁྲོད་བཞུགས་པའི་རྔོག་པའི་རྣམ་ཐར་ཁག་གཉིས་པོའི་ལྕགས་དཔར་མར་གཞི་མཛད་དེ་《རྔོག་པའི་གདུང་རབས་ཁྲོད་བཞུགས་པའི་སྤུ་རྒྱལ་གྱི་ལོ་རྒྱུས་དང་འབྲེལ་བའི་རྒྱུ་ཆར་བརྟགས་པ་》ཞེས་པའི་དཔྱད་རྩོམ་ཞིག་༢༠༡༩ལོའི་《མི་རིགས་ལོ་རྒྱུས་ཀྱི་དཔྱད་གཏམ་གླེང་ཚོམས།》(民族史文丛)ཞེས་པའི་རྒྱ་ཡིག་གི་དུས་དེབ་དང་པོའི་ཐོག་ཏུ་སྤེལ་གནང་ཡོད་པ་དེ་ནི་ད་ཕན་ཁོ་བོས་མཇལ་བའི་རྒྱལ་ནང་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཁྲོད་ཀྱི་རྣམ་ཐར་དེ་གཉིས་པོའི་སྐོར་གྱི་དཔྱད་འབྲས་ཨང་དང་པོ་དེ་ཡིན། དཔྱད་རྩོམ་དེའི་ནང་རྣམ་ཐར་དེ་གཉིས་པོའི་ནང་དུ་བཞུགས་པའི་སྤུ་རྒྱལ་གྱི་ལོ་རྒྱུས་དང་འབྲེལ་བའི་རྔོག་པའི་གདུང་རབས་སྐོར་གྱི་ཡིག་ཆའི་རིན་ཐང་སྐོར་ལ་དཔྱད་ཞིབ་མཛད་ཐོག་གདུང་རབས་ཡིག་ཚང་དེའི་ནང་དུ་བཞུགས་པའི་སྤུ་རྒྱལ་བཙན་པོའི་ལོ་རྒྱུས་དང་འབྲེལ་བའི་ནང་དོན་རྣམས་རྒྱ་ཡིག་ཏུ་ཕབ་བསྒྱུར་བགྱིས་པ་མ་ཟད། གལ་ཆེའི་བརྡ་དག་དང་ཐ་སྙད་མང་དག་ཅིག་ལ་མཆན་བུ་ཡང་མི་ཉུང་བ་ཞིག་བཏབ་ཡོད་པས། དེ་ནི་མི་རྣམས་ཀྱི་བློ་སྒོ་འབྱེད་པའི་དཔྱད་རྩོམ་ལེགས་པོ་ཞིག་ཏུ་མཐོང་། འདིར་ཁོ་བོས་དཔྱད་རྩོམ་དེའི་རྨང་གཞིའི་ཐོག་རྔོག་པའི་རྣམ་ཐར་ཁག་གཉིས་པོའི་གཞི་རྩའི་གནས་ཚུལ་དང་། རྩོམ་གྱི་སྤྱི་ཁོག་དང་བསྟན་དོན། རྣམ་ཐར་དེ་གཉིས་པོའི་ནང་དུ་བཞུགས་པའི་གལ་ཆེའི་དཔྱད་ཡིག་གི་རིན་ཐང་བཅས་ཀྱི་སྐོར་ལ་དཔྱད་བརྗོད་རགས་ཙམ་བགྱི་བའི་ལས་ལ་འཇུག་པར་བྱའོ།གཅིག །ཡིག་གཟུགས་དང་ཆ་ཚད་སོགས་ཀྱི་སྐོར།དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་དཔར་པའི་རྣམ་ཐར་ཁག་གཉིས་པོའི་གློག་རྡུལ་དཔར་མར་གཞིགས་ན། རྣམ་ཐར་ཁག་གཉིས་པོའི་ལྡེབ་གྲངས་ཀྱི་མགོ་འཇུག་ཆ་ཚང་ལ། ཡི་གེ་ནག་བསུབ་ཐེབས་པ་ཧ་ལམ་མཐོང་རྒྱུ་མེད་པ་ཧ་ལམ་མཐོང་རྒྱུ་མེད་པར་སྣང་། རྣམ་ཐར་ཀ་པའི་དབུ་ཤོག་གི་དཔེ་མིང་འོག་“ཕྱིར་”བྱ་བའི་ཐོ་ཡིག་དང་འདིའི་ཐད་འོག་ཏུ་ཨང་རྟགས་༡བཀོད་འདུག་ཅིང་། རྣམ་ཐར་ཁ་པའི་དབུ་ཤོག་ཐོག་གི་“ཕྱིར་”བྱ་བའི་འོག་ཏུ་ཨང་རྟགས་༡༣བཀོད་འདུག །འོ་ན་ཐོ་ཡིག་དེ་དག་གི་བསྟན་དོན་གང་ཡིན་ཞེ་ན། དེ་ནི་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ནང་ཀུན་དགའ་ར་བ་ལས་ཕྱི་ཀུན་དགའ་ར་བའི་ནང་དུ་བཞུགས་པའི་ཕྱག་དཔེའི་གྲས་སུ་གཏོགས་ཤིང་། ཨང་ཀི་དེ་དག་ནི་དཔེ་སྒྲོམ་གྱི་ཐོག་ཏུ་བཞུགས་པའི་ཕྱག་དཔེའི་གོ་རིམ་མཚོན་པའི་ཨང་གྲངས་ཡིན་ཞེས་མཁས་པའི་གསུང་ལས་ཐོས། དེ་ལྟར་རྣམ་ཐར་གཉིས་ཀ་དཔེ་ཚུགས་ཀྱི་ལམ་ནས་བཞེངས་པའི་དཔེ་ཐུང་བྲིས་མ་ཡིན་ཞིང་རྣམ་ཐར་ཀ་པ་དང་ཁ་པ་སོ་སོར་རིམ་པ་བཞིན་ལྡེབ་༡༢དང་༡༣བཅས་ཡོད། སྤྱིར་རྣམ་ཐར་གཉིས་པོའི་ལྡེབ་ངོས་ཀྱི་ཉིན་སྲིབ་སོ་སོར་ཡིག་ཕྲེང་༨རེ་ཡོད་པ་དང་། སྐབས་སྐབས་སུ་མ་ཡིག་གི་མཚམས་སུ་མཆན་བུ་ཡང་མི་ཉུང་བ་ཞིག་བཏབ་ཡོད། སྣག་ཤོག་དང་དུས་ཚོད་གྲོན་ཆུང་གི་ཆེད་དུ་མ་ཡིག་གི་ཐོག་མཐའ་བར་གསུམ་དུ་བསྡུས་ཡིག་དང་སྐུང་ཡིག་མང་པོ་ཞིག་བྱུང་བ་དང་། ཐ་སྙད་དང་བརྡ་དག་གི་འབྲི་སྲོལ་ཐད་ཡིག་མཁན་གྱིས་བྲིས་ཉེས་ཤོར་བའམ་ཡང་ན་ཅི་ཡིན་ཆ་མ་འཚལ་ཞིང་། གང་ལྟར་ཕྱིས་ཀྱི་བརྡ་དག་དང་མི་མཐུན་པའི་འབྲི་ལུགས་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད་པ་དང་བཅས་སོ།གཉིས། རྩོམ་པ་པོ་དང་རྩོམ་དུས།རྣམ་ཐར་ཀ་པ་སྟེ་《རྗེ་བཙུན་མར་པ་ལས་རྒྱུད་(བརྒྱུད་)རྔོག་གཞུང་པ་ཡབ་སྲས་ཀྱི་བླ་མའི་རྣམ་ཐར་ནོར་བུའི་ཕྲེང་བ་》ཞེས་པའི་མཛད་བྱང་ལས། “བླ་མ་དཾ་པ་རྣཾས་ཀྱི་རྣཾར་(དམ་པ་རྣམས་ཀྱི་རྣམ་ཐར་)ནོར་བུའི་ཕྲེང་བ་ཞེས་བྱ་བ། སྔཌ་འཆང་དཔལ་གྱི་རྡོ་རྗེས་བསྒྲིཌ་པ་ལས། བཅུང་(ཅུང་)ཟད་ཕྲི་མནན་(འཕྲི་སྣོན་)དང་བཅས་པ། རྔོག་སྟོན་རིམ་གཉིས་ཀྱི་རྣལ་འབྱོར་པ་བྷོ་ཏི་ཤྲིས་ཡི་གེར་བཀོད་པའོ།”[②]ཞེས་གསལ་བ་ལས། རྣམ་ཐར་ཀ་པ་འདི་ཐོག་མར་དཔལ་གྱི་རྡོ་རྗེ་བྱ་བའི་རྔོག་པའི་སྐྱེས་བུ་ཞིག་གིས་བསྒྲིགས་པའི་རྨང་གཞིའི་ཐོག་བྷོ་ཏི་ཤྲིས་འཕྲི་སྣོན་མཛད་པ་ལས་བྱུང་བ་ཞིག་ཡིན་པར་མངོན། དེའང་བྷོ་ཏི་ཤྲི་ནི་རྒྱ་གར་གྱི་སྐད་དོད་བོད་སྐད་དུ་བྱང་ཆུབ་དཔལ་ཞེས་བྱ་ཞིང་། ཁོང་ནི་རྔོག་རིན་པོ་ཆེ་དོན་གྲུབ་དཔལ་གྱི་སྲས་ཡིན་པ་དང་། འགོས་ལོ་གཞོན་ནུ་དཔལ་གྱི་《དེབ་ཐེར་སྔོན་པོ་》ལས་ཁོང་གི་མཚན་ལ་རིན་པོ་ཆེ་བྱང་ཆུབ་དཔལ་ཞེས་འཁོད་ཡོད། ཁོང་ནི་རིན་པོ་ཆེ་དོན་གྲུབ་དཔལ་གྱི་སྲས་སུ་ལྕགས་བྱི་སྟེ་སྤྱི་ལོ་༡༣༦༠ལོར་སྐུ་བལྟམས་ཤིང་། དགུང་ལོ་བརྒྱད་ཅུ་རྩ་བདུན་པ་མེ་སྟག་སྟེ་སྤྱི་ལོ་༡༤༤༦ལོར་སྐུ་གཤེགས། དེ་ཡང་ཡབ་ཀྱི་སྐུ་མདུན་ནས་རྔོག་པའི་ཆོས་རྣམས་ལ་སྦྱང་པ་མཐིལ་ཕྱིན་པ་མཛད་ཅིང་། དགུང་ལོ་སུམ་ཅུ་སོ་དགུར་ཕེབས་པ་སྤྱི་ལོ་༡༣༩༨ལོར་ཡབ་གཤེགས་རྗེས་གོང་དཀར་སྤྲེ་ཞིང་དགོན་པའི་གདན་ས་བསྐྱངས་པ་དང་། རྗེ་ཙོང་ཁ་པ་ཆེན་པོ་གྲམ་བུ་ལུང་དུ་ཆོས་གསུང་བའི་ཚེ་རྔོག་ཆོས་སྐུ་རྡོ་རྗེ་མཇལ་དུ་བྱོན་པས་རྗེས་བཀུར་སྟི་ཆེན་པོ་མཛད། མཁྱེན་པའི་ཡོན་ཏན་རྣམས་ལ་རྩད་གཅོད་གནང་ཞིང་། དེར་ངོ་མཚར་ཆེ་བའི་གསུང་ཡང་ཡང་གནང་། བར་སྐབས་སུ་གདན་ས་ཁག་ཏུ་《གདན་བཞི་》ཡི་བཤད་རྒྱུད་ཆད་ལ་ཉེ་བར་ཐུག་པས་རྗེའི་བཀའ་སློབ་ལྟར་གོང་དཀར་སྤྲེ་ཞིང་གི་སློབ་དཔོན་ཚུལ་མགོན་པ་ཞུ་བའི་བགྲེས་སོང་ཞིག་གི་དྲུང་ནས་《གདན་བཞི་》ཡི་ལུང་ལེགས་པར་མནོས་ནས་བཤད་པ་མང་དུ་མཛད་པ་སོགས་དཔལ་གདན་བཞིའི་ལུང་རྒྱུན་སླར་གསོ་འོང་བའི་ཐད་སྐུ་ངལ་ཚད་མེད་བསྐྱོན། གཞན་ཡང་རྗེ་རིན་པོ་ཆེའི་སློབ་མ་འཇམ་དབྱངས་ཆོས་རྗེ་སོགས་ཀྱིས་དམ་པ་ཉིད་ལས་ཆོས་འབྲེལ་ཐོབ་མྱོང་ཡོད།[③]མདོར་ན་དམ་པ་དེ་ཉིད་ནི་དུས་རབས་༡༤དང་༡༥པའི་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་ཐོག་བག་ཆགས་ངེས་ཅན་ཡོད་པའི་ལོ་རྒྱུས་མི་སྣ་ཞིག་ཡིན། རྣམ་ཐར་འདིའི་མཛད་བྱང་དུ་རྣམ་ཐར་རྩོམ་པའི་ལོ་ཚིགས་སྐོར་བསྟན་མེད་པ་ནི་བློ་ཡིད་ཕངས་པའི་གནས་སོ། རྣམ་ཐར་ཁ་པ་《བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་》ཡི་མཛད་བྱང་ལས།“ལན་༡་ཞུས། ལྕགས་ཕོ་བྱི་བའི་ལོ་ལ་སྦྱར་རོ། སྟག་གི་ལོ་ལ་རྔོག་རིནོ་ཆེ་བྱང་ཆུབ་དཔལ་ལ་རྔོག་ལུགས་ཀྱི་ཆོས་སྐོར་རྣཾས་བདག་པུ་ཎྱ་ཤྲིས་ཞུས་པའི་དུསུ་བྲིས་”[④]ཞེས་གསལ་བར་བརྟག་ན། པུ་ཎྱ་ཤྲི་ཞེས་པ་ལེགས་སྦྱར་གྱི་སྐད་དོད་བོད་སྐད་དུ་བསོད་ནམས་དཔལ་ཞེས་བྱ་ཞིང་། ཁོང་ནི་རྔོག་བྱང་ཆུབ་དཔལ་གྱི་སློབ་མ་ཡིན་པ་འདྲ་མོད། དམ་པ་དེའི་རྣམ་ཐར་སོགས་མ་མཇལ་བས་ཞིབ་ཆ་ཞུ་སྤོབས་བྲལ་ཞིང་། ཡང་རྣམ་ཐར་ཁ་པའི་ནང་“ལྕགས་ཕོ་བྱི་བའི་ལོ་ལ་སྦྱར་”[⑤]ཞེས་རྣམ་ཐར་བརྩམས་པའི་ལོ་ཁམས་གསལ་པོར་བསྟན་ཡོད་པར་གཞིགས་ན། རྔོག་བྱང་ཆུབ་དཔལ་ནི་རབ་བྱུང་དྲུག་པའི་ལྕགས་བྱི་སྟེ་སྤྱི་ལོ་༡༣༦༠ལོར་འཁྲུངས་པ་དང་རབ་བྱུང་བདུན་པའི་མེ་སྟག་སྟེ་སྤྱི་ལོ་༡༤༤༦ལོར་སྐུ་གཤེགས་པ་ཞིག་ཡིན། དམ་པ་ཉིད་སྐུ་འཚོ་བཞུགས་ཀྱི་ལོ་ཁམས་ནང་ལྕགས་ཕོ་བྱི་བ་ཡིན་པའི་ལོ་ཁམས་གཅིག་ལས་ཐོན་གྱི་མེད་པ་དེ་ནི་རབ་བྱུང་བདུན་པའི་ལྕགས་བྱི་སྟེ་སྤྱི་ལོ་༡༤༢༠ལོ་ཡིན་པས་ན། རྣམ་ཐར་དེ་ཡང་ལོ་དེ་གའི་ནང་དུ་མཛད་པ་ཞིག་ཡིན་པ་ནི་ཚིག་ཐག་བཅད་དེ་བཤད་ཆོག ཡང་རྣམ་ཐར་དེ་གཉིས་པོའི་རྩོམ་གྱི་སྒྲིག་གཞི་དང་ནང་དོན་གྱི་ཆ་ནས་བརྟག་ན། རྣམ་ཐར་ཁ་པ་《བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་》ཞེས་པ་ནི་རྣམ་ཐར་ཀ་པ་《རྗེ་བཙུན་མར་པ་ལས་རྒྱུད་(བརྒྱུད་)རྔོག་གཞུང་པ་ཡབ་སྲས་ཀྱི་བླ་མའི་རྣམ་ཐར་ནོར་བུའི་ཕྲེང་བ་》ཞེས་པ་ཡི་རྨང་གཞིའི་སྟེང་མཛད་པར་སྣང་བས་རྣམ་ཐར་གཉིས་པོའི་དབར་མ་བུའི་འབྲེལ་བ་ལྡན་པ་ཧ་ཅང་གསལ་པོ་ཡིན། རྣམ་ཐར་ཁ་པ་ནི་རབ་བྱུང་བདུན་པའི་ལྕགས་བྱི་སྟེ་སྤྱི་ལོ་༡༤༢༠ལོར་བརྩམས་པ་ཞིག་ཡིན་པས། དེ་ལྟར་ན་རྣམ་ཐར་ཀ་པ་ནི་སྤྱི་ལོ་༡༤༢༠ལོའི་ཡར་སྔོན་དུ་བརྩམས་པ་ཞིག་ཡིན་པ་སྨོས་མེད་དང་། ཡང་རྣམ་ཐར་ཀ་པ་རྩོམ་མཁན་རྔོག་བྱང་ཆུབ་དཔལ་དགུང་ལོ་༣༩ལ་ཕེབས་པ་སྤྱི་ལོ་༡༣༩༨ལོར་གདན་སར་བྱོན་པའི་ནང་ཚུན་དུ་མཛད་པ་ཞིག་ཡིན་པའི་དབང་དུ་བྱས་ན། རྣམ་ཐར་དེ་ནི་རྔོག་བྱང་ཆུབ་དཔལ་གདན་སར་ཕེབས་པའི་སྤྱི་ལོ་༡༣༩༨ལོ་ནས་རྣམ་ཐར་ཁ་པ་བརྩམས་གྲུབ་པའི་༡༤༢༠ལོའི་ཡན་གྱི་ལོ་ག་གེ་མོའི་ནང་དུ་མཛད་པ་ཞིག་ཡིན་པ་རིགས་འདེད་བྱས་ཆོག་པ་ཡིན།གསུམ། སྒྲིག་གཞི་དང་བསྟན་དོན་གཙོ་བོ། རྔོག་པའི་རྣམ་ཐར་ཁག་གཉིས་པོ་ནི་རྔོག་ཆོས་བརྒྱུད་རིམ་བྱོན་གྱི་རྣམ་ཐར་ཡིན་པ་གང་ཞིག་རྔོག་པའི་གདུང་རབས་ཀྱི་མཚན་ཉིད་ཚང་བའི་ཡིག་ཚང་ཞིག་ཡིན་ཞིང་། རྔོག་པའི་རྣམ་ཐར་ཁག་གཉིས་པོའི་སྒྲིག་གཞི་དང་ནང་དོན་ཐད་རྩ་བའི་ཆ་ནས་གཅིག་མཚུངས་ཡིན་པས་མ་བུའི་འབྲེལ་བ་ཡིན་པར་མཐོང་ཞིང་། མཆོད་བརྗོད་དང་མཇུག་བྱང་ཕུད་བསྟན་བྱའི་ནང་དོན་རྣམས་ས་བཅད་ཁག་དྲུག་ཏུ་བསྡུ་ཆོག་པ་ཡིན།ས་བཅད་དང་པོར་བོད་ཀྱི་རྔོག་པའི་ཆོས་བཀའ་རྣམས་མར་པ་ལོ་ཙཱ་བ་ལ་ཐུག་པས་རྩོམ་པ་པོས་རང་གི་ཆོས་བརྒྱུད་ཀྱི་མེས་པོའི་མཛད་རྣམ་ལ་བསྟོད་པ་དང་བླ་མ་གོང་མའི་བཀའ་དྲིན་རྗེས་དྲན་གྱི་དགོས་པར་དམིགས་ནས་ས་བཅད་འདི་ལོགས་སུ་ཕྱེས་ནས་མར་རྒྱུད་ཀྱི་གདུང་རབས་དང་མར་པའི་མཛད་རྣམ་ཁག་རགས་བསྡུས་སུ་བཀོད་ཡོད་ཅིང་། དེ་ནི་རྣམ་ཐར་གྱི་དངོས་གཞིའི་འཇུག་ངོགས་ལྟ་བུ་ཡིན་པས་བློ་གསར་རྣམས་ཀྱིས་རྔོག་ཆོས་ཀྱི་འབྱུང་ཁུངས་དང་འཕེལ་རིམ་ལ་རྒྱུས་ལོན་བྱེད་རྒྱུར་མཛུབ་མོ་རི་སྟོན་གྱི་ནུས་པ་ཐོན་ཡོད།ས་བཅད་གཉིས་པ་ནས་ས་བཅད་ལྔ་པ་བར་ནི་རྣམ་ཐར་གྱི་དངོས་གཞིའི་ནང་དོན་ཡིན་ཞིང་། དེས་རྣམ་ཐར་ཧྲིལ་པོའི་སུམ་ཆ་གཉིས་ཙམ་ཟིན་ཡོད། ས་བཅད་དེ་དག་གི་བསྟན་བྱའི་སྙིང་དོན་རྣམས་ཡུག་ཅིག་ཏུ་དྲིལ་ན། རྩོམ་པ་པོས་ཐོག་མར་རྔོག་ཚང་གི་གདུང་རྒྱུད་འཕེལ་རིམ་སྐོར་གྱིས་ཐོག་དྲངས། དེ་ནས་རིམ་བཞིན་བཀའ་བརྒྱུད་པའི་ཆོས་བརྒྱུད་རིམ་བྱོན་དང་། དགྱེས་པ་རྡོ་རྗེ་དང་། གུར། གདན་བཞི། མ་ཧཱ་མ་ཡཱ་སོགས་ཀྱི་བརྒྱུད་པ་ཇི་ལྟར་བྱོན་ཚུལ། རྔོག་ཆོས་སྐུ་རྡོ་རྗེའི་མཛད་རྣམ་ཞིབ་ཙམ་དང་། དམ་པ་ཉིད་ཀྱི་སྐུ་དུས་ནས་དབུ་ཚུགས་པའི་རྔོག་ཆོས་བརྒྱུད་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས། རྔོག་ཆོས་བརྒྱུད་པའི་སྐྱེས་ཆེན་རིམ་བྱོན་རྣམ་པས་གལ་ཆེའི་ཕྱག་རྩོམ་གང་མཛད་མིན་གྱི་སྐོར་བཅས་རིམ་པ་སྟར་ཆགས་སུ་འགོད་པར་མཛད་ཡོད།མཇུག་གི་ས་བཅད་དྲུག་པ་དང་བདུན་པར་དངོས་གཞིའི་ནང་དོན་གྱི་ཁ་སྐོང་ཚུལ་དུ་རྔོག་པའི་སྐྱེས་ཆེན་རྣམས་སྐུ་ཚེ་ཇི་ཙམ་བཞུགས་མིན་སྐོར་དང་། མར་རྔོག་རྣམ་གཉིས་ཀྱི་བུ་སློབ་གཙོ་བོ་གང་དང་གང་བྱོན་པའི་སྐོར་བཀོད་པའི་སྒོ་ནས་རྣམ་ཐར་གྱི་བརྗོད་དོན་ཡོངས་སུ་རྫོགས་པར་བྱས་ཡོད།གཞན་ཡང་། རྣམ་ཐར་དེ་གཉིས་པོའི་ནང་དུ་བཞུགས་པའི་རྔོག་པའི་མི་རྒྱུད་གྲོལ་ཚུལ་གྱི་གདུང་རབས་ཡིག་ཚང་དེའི་ནང་རྔོག་གི་མི་རྒྱུད་བྱུང་ཚུལ་དང་རྔོག་པའི་མི་ཆེན་རྣམས་ཀྱིས་སྤུ་རྒྱལ་བཙན་པོའི་ཆབ་སྲིད་ལ་སྲི་ཞུ་སྒྲུབ་ཚུལ་གྱི་སྐོར་བརྗོད་སྐབས། མིང་བརྡའི་བཀོལ་སྤྱོད་ཐད་བརྡ་དག་རྙིང་པ་མང་པོ་ཞིག་ཐོན་ཚུལ་ལ་བརྟག་ན། རྣམ་ཐར་ཁག་གཉིས་པོའི་ནང་དུ་བཞུགས་པའི་རྔོག་པའི་གདུང་རབས་སྐོར་གྱི་མ་དཔེ་དེ་ནི་གནའ་ཉམས་ལྡན་པའི་གདུང་རབས་ཡིག་ཚང་ཆེས་རྙིང་པ་ཞིག་ཡིན་ཞིང་།རྩོམ་ཚུལ་ཐད་ནས་འཇིག་རྟེན་སྲིད་དང་འབྲེལ་བ་ཆེ་ཞིང་རྣམ་ཐར་གཞན་དང་བསྡུར་ན་ལོ་རྒྱུས་དངོས་ཀྱི་བརྗོད་ཚུལ་གཙོ་བོར་བྱས་ནས་བསྟན་པ་ཞིག་ཏུ་སྣང་།མདོར་ན། རྣམ་ཐར་ཁག་གཉིས་པོའི་སྒྲིག་གཞི་ཁ་གསལ་ཞིང་ས་བཅད་གོང་འོག་འབྲེལ་ཆགས་པ། བརྗོད་བྱའི་སྙིང་དོན་འབུར་དུ་ཐོན་པ། རྗོད་བྱེད་ཀྱི་ཚིག་འགྲོས་ལ་རྒྱན་གྱི་སྤྲོས་པ་མེད་པ་སོགས་ཀྱི་ཁྱད་ཆོས་ལྡན་པའི་རྩ་ཆེའི་ལོ་རྒྱུས་ཡིག་ཚང་ཞིག་ཡིན།གཅིག །རྔོག་པའི་གདུང་ཁུངས་སྐོར།རྔོག་པའི་རྣམ་ཐར་ཁག་གཉིས་པོའི་ནང་དུ་བཞུགས་པའི་རྔོག་པའི་གདུང་རབས་སྐོར་འཁོད་པའི་ཡིག་ཚང་དེ་ནི་རྔོག་གི་མི་རྒྱུད་ཀྱི་འབྱུང་ཁུངས་ནས་བརྩམས་ཏེ་རྔོག་ཆོས་སྐུ་རྡོ་རྗེའི་ཡབ་རྔོག་བན་ཆེན་ཁ་པ་ཡན་གྱི་རྔོག་པའི་མི་རྒྱུད་བྱོན་ཚུལ་དང་། དེ་ནས་རྔོག་ཆོས་སྐུ་རྡོ་རྗེ་ནས་དབུ་ཚུགས་པའི་རྔོག་ཆོས་བརྒྱུད་རིམ་བྱོན་གྱི་གདུང་རབས་བྱོན་ཚུལ་བཅས་ཁག་གཉིས་ལས་གྲུབ་ཡོད།དེ་ཡང་རྔོག་གི་མེས་པོ་ཟིང་པོ་རྗེ་བྱ་བ་ནི་སྤུ་རྒྱལ་བཙན་པོ་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་དང་དུས་མཉམ་པ་ཞིག་ཡིན་ཞིང་། བོན་ལྟར་ན་སྔུས་(དམུ་)སྐས་རིམ་པ་དགུ་ལ་བརྟེན་ཏེ་དོག་མི་ཡུལ་དུ་བྱོན་པ་དང་། ནང་པ་ལྟར་ན་འཕྲུལ་དགའི་ལྷ་ལས་མཆེད་ཅེས་འཁོད་ཡོད།[⑥]གསུང་ལུགས་དེ་ནི་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་ཕུག་པའི་བོད་ཡིག་ཡིག་ཚང་དུ་གསལ་བའི་སྤུ་རྒྱལ་བཙན་པོའི་མེས་པོ་ལྷ་ནས་མཆེད་པར་སྨྲ་བའི་འདོད་ལུགས་དང་འདྲ་བར་སྣང་། བཙན་པོ་ཚང་གིས་རང་གི་མེས་པོ་ལྷ་ལས་མི་ཡུལ་གྱི་བདག་པོར་བྱོན་ཞེས་རྡོ་རིང་དང་ཡིག་ཚང་དུ་བཀོད་དེ་ཁྱབ་སྒྲོག་བྱེད་པ་ནི་སྤུ་རྒྱལ་བཙན་པོའི་སྲིད་དབང་དེ་གནམ་བསྐོས་ལྷ་ལས་བྱུང་བར་སྨྲ་བའི་འདུ་ཤེས་འཛིན་སྟངས་དང་སྲིད་སྐྱོང་གི་ཐབས་ཤེས་ཤིག་ཡིན་ལ། བཙན་པོའི་དུས་ཀྱི་རྡོ་རིང་དང་ཏུན་ཧོང་ཕུག་པའི་བོད་ཀྱི་ཡིག་ཚང་ཁག་ནང་འཁོད་པ་ལྟར་ན། སྤུ་རྒྱལ་བཙན་པོའི་སྲིད་སྐྱོང་སྐབས་གདུང་རྒྱུད་ལྷ་ལས་འཕོས་པ་ནི་བཙན་པོ་ཚང་ཁོ་ནར་དབང་བའི་ཐོབ་ཐང་ཉག་གཅིག་ཡིན་ཞིང་། སྤུ་རྒྱལ་བཙན་པོའི་སྲིད་དབང་མ་བཙུགས་གོང་དུ་སྤུ་རྒྱལ་གྱི་སྟོབས་དང་དཔུང་མཉམ་པའི་རྒྱལ་ཕྲན་ཁག་དང་ཁྱིམ་རྒྱུད་ཆེན་པོ་རྣམས་ལ་སྤུ་རྒྱལ་གྱི་གདུང་རྒྱུད་དང་འདྲ་བར་རང་གི་མེས་པོའི་གདུང་ཁུངས་ལྷ་ལ་གཏུགས་པའི་སྲོལ་ཡོད་སྲིད་ནའང་། སྤུ་རྒྱལ་བཙན་པོའི་གཅིག་གྱུར་གྱི་སྲིད་དབང་དབུ་བརྙེས་རྗེས་གདུང་ཁུངས་ལྷར་གཏུགས་པའི་དབང་ཆ་ནི་སྤུ་རྒྱལ་བཙན་པོ་ཚང་ཁོ་ནར་མ་གཏོགས་མེད།སྤུ་རྒྱལ་བཙན་པོའི་ཆབ་སྲིད་དེ་དུས་རབས་དགུ་པའི་དུས་དཀྱིལ་ཙམ་ནས་ཉམས་འགོ་ཚུགས་ཤིང་། དེ་རྗེས་དུས་ཡུན་ལོ་༧༠ལྷག་ཙམ་རིང་བོད་ཡུལ་སིལ་བུར་འཐོར་བའི་ཡོ་ལང་རབ་དང་རིམ་པའི་ཁྲོད་སྤུ་རྒྱལ་བཙན་པོའི་དུས་ཀྱི་སྐུ་དྲག་ཁག་དང་གསར་བྱུང་སྟོབས་ཤུགས་རྣམས་ཀྱིས་རང་འགོ་རང་ཐོན་གྱི་ས་གནས་སྲིད་དབང་བཙུགས་ཤིང་། ལ་ལས་རང་གི་ཁྱིམ་རྒྱུད་ཀྱི་མངའ་ཐང་དང་གཟི་བརྗིད་མངོན་ཆེད་རང་གི་མེས་པོའི་གདུང་ཁུངས་ལྷ་ལ་གཏུགས་པའི་སྔོན་བྱུང་ངག་འགྲོས་ཀྱི་རྒྱུན་སྐྱོང་ཞིང་གདུང་རབས་ཡིག་ཚང་སླར་གསོ་བྱེད་པ་དང་། ལ་ལས་གཞན་ལ་ལད་ཟློས་ཀྱིས་རང་གི་མེས་པོའི་གདུང་ཁུངས་ལྷ་ལ་བཅོལ་བའི་ཡིག་ཆ་བརྩམས་པ་ཡང་ཐོན་སྲིད་པ་རེད།[⑦]རྔོག་པའི་རྣམ་ཐར་གྱི་ཁྲོད་དུ་བཞུགས་པའི་རྔོག་གི་གདུང་རབས་ཡིག་ཚང་དེ་ཡང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེ་འདྲ་ཞིག་གི་འོག་ཐོན་པ་ཞིག་ཡིན་སྲིད།རྔོག་པའི་གདུང་རབས་ལས་རྔོག་གི་མེས་པོ་ཟིང་པོ་རྗེ་ལྷ་ཡུལ་ནས་དོག་མི་ཡུལ་“ཁ་བ་ལྗོངས་ཀྱི་གཡའ་ལྡུམ་བུ་”ཟེར་བའི་ས་ཆར་བབས་ཞེས་གསལ་བ་ལས། ཁ་བ་ལྗོངས་ནི་བོད་ཡུལ་ལ་ངེས་པ་དང་། བྱེ་བྲག་གཡའ་ལྡུམ་བུ་བྱ་བའི་ས་ཆ་དེ་བོད་ཀྱི་ས་ཕྱོགས་གང་དུ་ཡིན་མིན་ངོ་མ་འཕྲོད་མོད། མ་མཐར་ཡང་དུས་རབས་༡༠དང་༡༡ནང་ཚུན་རྔོག་པ་ཚང་གི་མི་རྣམས་འཚོ་སྡོད་བྱེད་སའི་གནས་གཞི་གཙོ་བོ་ནི་དེང་ལྷོ་ཁ་སྣ་དཀར་རྩེའི་རྫོང་ཁོངས་ཡར་འབྲོག་གཡུ་མཚོའི་ཉེ་འགྲམ་གྱི་དོ་བོ་ནང་པ་བཅོ་བརྒྱད་ཀྱི་འབྲོག་ས་གང་རུང་ཞིག་དང་། གོང་དཀར་སྤྲེ་ཞིང་ཁུལ་དུ་ཡིན་པ་རྔོག་པའི་རྣམ་ཐར་དང་ཆོས་འབྱུང་ལོ་རྒྱུས་རྣམས་ལས་ར་སྤྲོད་བྱ་ཐུབ།བན་བོན་གཉིས་ཀྱི་རྔོག་པའི་གདུང་ཁུངས་སྐོར་གྱི་ཤོད་སྲོལ་དེ་ནི་ལྷ་སྒྲུང་ཙམ་དུ་ཟད་ཅིང་། དོན་དུ་རྔོག་པའི་གདུང་ཁུངས་དངོས་ནི་རྣམ་ཐར་ཀ་པ་ལས།“རུས་ཀྱི་ཕྱི་མོ་བཞི་ལས། སྟོང་དུ་རྟོགས་(གཏོགས།)དེ་ལས་ཆེ་བས་(ཕྱེ་བས་)འཛོཾས་(འཛོམས་)རུས་དགུ་ཡི་ནང་ནས་རྔོག་རྗེའོ།”[⑧]ཞེས་འཁོད་ཡོད་པ་དང་། སྔ་དུས་འཛོམས་ཞེས་པ་ཡར་འབྲོག་གཡུ་མཚོའི་ཤར་བྱང་དུ་གནས་ཤིང་ཡར་འབྲོག་དཔལ་སྡེ་རྫོང་དང་ཁ་གཏད་དུ་ཆགས་ཡོད། དེའི་མི་རྣམས་ལ་འཛོམས་པ་ཞེས་འབོད། དེང་སང་ཡུལ་མིང་དང་ཡུལ་དེའི་མི་རྣམས་ལ་འཛོམས་པ་ཞེས་འབོད་སྲོལ་ཡོད་པས། འཛོམས་རུས་དགུ་ཞེས་པ་ནི་ཡར་འབྲོག་དོ་ནང་ཁུལ་དུ་ཡིན་ནམ་སྙམ། དོ་ནང་ནི་ས་མིང་ཡིན་ཞིང་། འཛོམས་པ་ཡང་དོ་ནང་གི་ཁོངས་སུ་གཏོགས་པ་ཞིག་ཡིན། གོང་དུ་སོང་བ་ལྟར་དེར་དོ་བ་ནང་བཅོ་བརྒྱད་ཕྱེ་སྲོལ་ཡོད་ཀྱང་། ལུང་ཚོ་བཅོ་བརྒྱད་ཡིན་ནམ་རུས་ཚོ་བཅོ་བརྒྱད་གང་ཡིན་གནས་སྐབས་བརྗོད་ཐབས་བྲལ།[⑨]རྣམ་ཐར་ཁ་པ་དེའི་མཚམས་ཀྱི་མ་ཡིག་གི་མཆན་བུར། “དེ་ལས་གྱེས་པ་སྒྲོ་གཉའ་དང་། རྨ་དང་། རྐ་བ་དང་། གན་དང་། ལང་བད་དང་། དར་དང་། ལང་གྲོ་དང་། བྱ་རྗེ་དང་། སྙཌ་རྗེ་དང་། དེ་རྣཾས་(རྣམས་)རྔོག་ལས་གྱེས་པའི་རུསོ།”[⑩]ཞེས་གསལ་བ་ལས་རྔོག་ནི་བོད་ཀྱི་རུས་ཀྱི་ཕྱི་མོ་བཞིའི་བྱེ་བྲག་སྟོང་ལས་དང་པོར་གྱེས་པའི་སྟོང་འཛོམས་རུས་དགུའི་ཡན་ལག་ཡིན་པ་དང་། རྔོག་རྒྱུད་ཀྱི་སྟོབས་ཤུགས་འཕེལ་བའི་དུས་རིམ་ནང་རྔོག་ལས་རུས་ཚན་གང་དང་གང་གྱེས་པའི་རྣམ་པ་ཇི་མ་ཇི་བཞིན་བསྟན་ཡོད་ལ་རྔོག་ནི་རུས་ཀྱི་ཕྱི་མོ་སྟོང་ལས་གྱེས་པའི་ཆེས་གནའ་བོའི་རུས་ཆེན་ཞིག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། དེ་ལྟར་རྔོག་གི་མེས་པོ་ཟིང་པོ་རྗེ་ཞེས་པའི་མཚན་ཆ་འདྲ་ཞིག་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལས་རྒྱལ་ཕྲན་རིམ་བྱུང་གི་སྐོར་བརྗོད་སྐབས། “ཡུལ་ངས་པོའི་ཁྲ་སུམ་ན། རྗེ་དགུག་གྲི་འི་ཟིང་པོ་རྗེ། བློན་པོ་མགར་དང་མཉན་གཉིས།”[11]ཞེས་དང་། ཡང་P.T1287ལས་སྤུ་རྒྱལ་གདུང་རབས་ཉེར་བདུན་པ་སྟག་རི་གཉན་གཟིགས་དང་དུས་མཉམ་པའི་ཟིང་པོ་རྗེ་སྟག་སྐྱ་བོ་དང་ཟིང་པོ་རྗེ་ཁྲི་པངས་སུམ་ཞེས་པའི་རྒྱལ་ཕྲན་གྱི་རྗེ་བོའི་མཚན་མི་འདྲ་བ་གཉིས་གསལ་ཡོད། འོན་ཀྱང་རྗེ་བོ་དེ་གསུམ་གྱི་མཚན་འདྲ་བ་ཙམ་ལས་རུས་གང་ཡིན་ཚུལ་བསྟན་མེད་པས་རྔོག་དང་རུས་རྒྱུད་གཅིག་པ་ཡིན་མིན་ཆ་འཇོག་བྱེད་དཀའ། མཁས་པ་ལྡེའུས་མཛད་པའི་ལྡེའུ་ཆོས་འབྱུང་རྒྱས་པ་ཡི་མ་ཡིག་གི་གློག་རྡུལ་དཔར་མ་ལས། “རྒྱལ་ཕྲན་སིལ་མ་བཞི་བཅུ་རྩ་གཉིས་ནི། ཡུལ་དབྱེ་མོ་ཡུལ་དྲུག་ན། རྒྱལ་པོ་དབྱེ་རྗེ་མཁར་པ། བློན་པོ་སྦོ་དང་རྔོག །ཡུལ་སྲེག་ཡུལ་ས་མོ་གྲུ་བཞི་ན། རྒྱལ་པོ་རྔེག་རྗེ་ཚེའུ་ཀླུ་འབྲང་།་་་་་་་”[12]ཞེས་དང་། དཔའ་བོ་གཙུག་ལག་ཕྲེང་བའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ན། “འོལ་ཕུ་སྤང་མཁར་དུ་ཟིང་རྗེ་ཐོན་ཕྲེང་བློན་པོ་རྔོག་དང་སྦས།་་་་་་་”[13]ཞེས་གསལ་བས། མདོར་ན་རྔོག་གི་གདུང་རབས་སུ་རྔོག་འདི་རྒྱལ་ཕྲན་གྱི་རྗེ་བོ་ཡིན་པར་སྨྲ་བ་དང་། ལྡེའུ་ཆོས་འབྱུང་སོགས་སུ་རྒྱལ་ཕྲན་གྱི་བློན་པོའི་གྲས་སུ་བཞག་པ་སོགས་ལས་ཡང་སྙིང་གསུང་ཚུལ་གང་ཞིག་བདེན་མིན་ཁ་ཚོན་གཅོད་པར་དཀའོ།གཉིས། སྤུ་རྒྱལ་བཙན་པོའི་ལོ་རྒྱུས་དང་འབྲེལ་བའི་དཔྱད་ཡིག་སྐོར། རྔོག་པའི་རྣམ་ཐར་ནང་རྔོག་པའི་གདུང་རབས་བརྗོད་སྐབས། རང་གི་མེས་པོའི་མཛད་རྗེས་དང་དབང་ཐང་མངོན་པའི་ཆེད་དུ་སྤུ་རྒྱལ་དུས་ཀྱི་རྔོག་པའི་མི་ཆེན་རིམ་བྱོན་ཚོས་བཙན་པོ་ཚང་གི་ཆབ་སྲིད་ལ་སྲི་ཞུ་ཇི་ལྟར་སྒྲུབ་པའི་ལོ་རྒྱུས་རགས་རིམ་ཙམ་བཀོད་ཡོད་པས། རྣམ་ཐར་ཁག་གཉིས་པོའི་ནང་འཁོད་པའི་རྔོག་པའི་གདུང་རབས་བྱོན་ཚུལ་མདོར་བསྡུས་ཤིག་བཀོད་ན་འདི་ལྟ་སྟེ།1.ལྷ་ཐོ་ཐོ་རི་གཉན་བཙན་དང་དུས་མཉམ་པའི་རྔོག་ཟིང་པོ་རྗེ་ནས་རྔོག་གི་གདུང་རབས་དབུ་ཚུགས། 2.དེའི་སྲས་སྟོང་འཛོམ་རྔོག →3.དེའི་སྲས་རྔོག་བརྩན་རྡོ་རེ་ཁྲིས་འཇམ། →4.དེའི་སྲས་རྔོག་སྟག་གཉན་གཟིགས། →5.དེའི་སྲས་རྔོག་དཔལ་ཁྲོམ།→6.དེའི་སྲས་རྔོག་མདོ་གཟིག་ཁྲོམ་སྟན། →7.དེ་ལ་སྲས་རྔོག་རྩན་ལ་ནག་པོ་དང་། རྔོག་རིང་ལ་ནག་པོ། རྔོག་བཙན་གཉའ། རྔོག་རིག་ལྡན་པ། རྔོག་བཙན་ཏོ་རི་གེ་པོ་བཅས་ལྔ་བྱོན། རྔོག་བཙན་གཉའི་སྲས། →8.རྔོག་བཙན་རྣམ་པ་རིན་པོ་ཆེ། →9.དེའི་སྲས་རྔོག་བཙན་གཟིགས་སྣང་བ། →10.དེའི་སྲས་རྔོག་བཙན་གཟིགས་ཁྲོམ་སྟན། →11.དེའི་སྲས་རྔོག་བཙན་གཟིགས་སྦོ་ག →12.དེའི་སྲས་རྔོག་སྣང་བ་གཞུང་བ། →13.དེའི་སྲས་རྔོག་མང་པོ་རྗེ་གཟིགས་གུ་དང་རྔོག་མང་བཙན། རྔོག་མང་པོ་རྗེ་གཟིགས་གུའི་སྲས། →14.རྔོག་སྟག་གུང་གཟིག་དང་རྔོག་གླང་རྒྱ་ར། རྔོག་སྟག་གུང་གཟིག་གི་སྲས། →15.དེའི་སྲས་རྔོག་སྟག་ར་མདོ་བརྩན་དང་རྔོག་སྟག་ར་གཡུ་ཡིག །རྔོག་གཡུ་ཡིག་གི་སྲས། →16.རྔོག་རྟག་ཐོ་དང་རྔོག་གཡུ་ཁྲི། རྔོག་གཡུ་ཁྲིའི་སྲས། →17.རྔོག་དཔལ་ལེ་དང་རྔོག་རད་ན། རྔོག་ཡུལ་སྦྱིན། རྔོག་དཔལ་ལེའི་སྲས། →18.རྔོག་གཤོང་པོ་དང་རྔོག་རོག་པོ། རྔོག་རོག་པོའི་སྲས། →19.རྔོག་དགའ་པོ་ཡུ་དང་རྔོག་དགའ་ལ་འབར། རྔོག་ཡང་དགའ། རྔོག་ཡང་དགའི་སྲས། →20.རྔོག་བན་ཆེན་ཁ་པ། →21.དེའི་སྲས་རྔོག་ཆོས་སྐུ་རྡོ་རྗེ་ནས་རྔོག་ཀུན་དགའ་བཟང་པོ་ལ་ཐུག་གི་བར་རྔོག་ཆོས་བརྒྱུད་པའི་གདུང་རྒྱུད་བཅུ་གསུམ་ཙམ་བྱོན་ཡོད།གོང་གསལ་རྔོག་པའི་གདུང་རབས་རིམ་བྱོན་གྱི་ཞིབ་ཕྲའི་འཁྲུངས་འདས་ལོ་ཚིགས་གཏན་ལ་དབབ་དཀའ་རུང་། རྔོག་བན་ཆེན་ཁ་བ་དང་རྔོག་ཆོས་སྐུ་རྡོ་རྗེ་ཡབ་སྲས་གཉིས་ནི་ཧ་ལམ་དུས་རབས་བཅུ་གཅིག་པ་ནས་བཅུ་གཉིས་པའི་བར་བྱོན་པའི་མི་སྣ་ཡིན་པའི་སྐོར་འགོས་ལོ་ཆེན་པོའི་《དེབ་ཐེར་སྔོན་པོའི་》ནང་ཁ་གསལ་འཁོད་ཅིང་། དེ་ལྟར་ན་རྔོག་པའི་མི་རབས་བཅུ་གཅིག་པ་རྔོག་བཙན་གཟིགས་སྦོ་ག་ཡར་སྔོན་དུ་བྱོན་པ་རྣམས་ནི་སྤུ་རྒྱལ་བཙན་པོའི་དུས་རབས་ཀྱི་རྔོག་པའི་མི་རྒྱུད་ཡིན་པ་ཚོད་དཔག་བྱེད་ཐུབ།གཞན་ཡང་། རྔོག་པའི་རྣམ་ཐར་དུ་བཞུགས་པའི་གདུང་རབས་ཡིག་ཚང་དེའི་ནང་བཙན་པོའི་དུས་སྐབས་སུ་བྱོན་པའི་རྔོག་པའི་མི་སྣ་འགའ་ཡི་ལོ་རྒྱུས་སྐོར་རགས་ཙམ་འཁོད་ཡོད། དེ་ཡང་རྔོག་ཟིང་པོ་རྗེ་ནས་བརྩིས་པའི་མི་རབས་བཞི་པ་སྟེ་རྔོག་རྟག་སྙན་གཟིགས་ཞེས་པའི་མི་སྣ་བྱས་པ་ཅན་ཞིག་ཐོན་ཡོད་པའི་སྐོར་ལ།རྔོག་རྟག་སྙན་གཟིགས་ནི་བཙན་པོ་ཚང་ནས་ལྷོ་བལ་གྱི་དཔོན་དུ་བསྐོས་ཤིང་། བལ་ཡུལ་དེ་བཙན་པོའི་མངའ་འོག་ཏུ་འཇུག་པར་ལག་རྗེས་ཆེ་བས་ཡིག་ཚང་གསེར་གྱི་ཡི་གེ་ཆེན་པོའི་བདག་རྐྱེན་ཐོབ་[14]ཅེས་གསལ་བར་གཞིགས་ན། མ་ཡིག་ཏུ་བཙན་པོ་གང་ཞིག་གིས་རྔོག་རྟག་སྙན་གཟིགས་ལ་དེ་འདྲའི་གོ་གནས་དང་བདག་རྐྱེན་བསྩལ་མིན་གསལ་པོ་འཁོད་མེད་ཀྱང་། འོག་གི་ཚིག་དུམ་གྱི་ཚིག་འགྲོས་དང་གོ་བསྡུར་བྱས་པ་བརྒྱུད་དེ་ནི་མ་མཐར་ཡང་བཙན་པོ་གནམ་རི་སྲོང་བཙན་ནམ་དེའི་སྲས་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱུང་བའི་དོན་ཞིག་ཡིན་པ་རྟོགས་ནུས། དེ་མིན་རྔོག་པའི་གདུང་རབས་ཡིག་ཚང་དེ་ལས་རྔོག་དཔལ་ཁྲོམ་གྱི་སྲས་“མདོ་གཟིགས་ཁྲོཾ་བསྟན་གྱིས་མེས་པོའི་ལས་སླངསྟེ་(བླངས་ཏེ།)ལྷོ་བལ་གྱི་དཔོན་བགྱིསྟེ་(བགྱིས་ཏེ་)མཛངས་ཀྱི་ཕུལ་དུ་བྱུང་ངོ་”[15]ཞེས་བྱུང་བ་ལྟར་ན། རྔོག་མདོ་གཟིགས་ཁྲོམ་སྟན་ནི་རྔོག་དཔལ་ཁྲོམ་གྱི་སྲས་ཡིན་པ་དང་། རྔོག་པའི་གདུང་རྒྱུད་དྲུག་པ་ཡིན་ཞིང་། ཁོང་གིས་བཙན་པོའི་བཀའ་མངགས་ལྟར་མེས་པོའི་མཛད་རྗེས་ཀྱི་རྒྱུན་བསྐྱངས་ཐོག་ལྷོ་བལ་ཏེ་བལ་ཡུལ་གྱི་དཔོན་སར་ཕེབས་ནས་བལ་ཡུལ་གྱི་སྲིད་དོན་འཛིན་སྐྱོང་ཐད་མཁས་མཛངས་ཕུལ་བྱུང་གི་མཛད་རྗེས་བཞག་ཡོད།དེ་ལྟར་ཡིག་ཚང་དེའི་ནང་རྔོག་རྟག་སྙན་གཟིགས་དང་དེའི་ཚ་བོ་རྔོག་མདོ་གཟིགས་ཁྲོམ་བསྟན་གཉིས་སྔ་ཕྱིར་བལ་ཡུལ་གྱི་དཔོན་དུ་ཕེབས་པའི་སྐོར་གྱི་ལོ་རྒྱུས་ཀྱི་དངོས་དོན་ཁག་འཁོད་ཡོད་པ་དེས་ང་ཚོར་ཏུན་ཧོང་བོད་ཡིག་ཡིག་ཆ་P.T.1288ཡི་ནང་དུ་འཁོད་པའི་བལ་ཡུལ་དང་འབྲེལ་བའི་ལོ་རྒྱུས་གནད་དོན་སྐོར་ལ་ལ་གོ་བ་ལེན་རྒྱུར་དཔྱད་གཞི་གསར་པ་ཞིག་མཁོ་འདོན་ཐུབ་པ་བྱུང་ཡོད།རྣམ་ཐར་ནང་རྔོག་པའི་མི་རབས་ལྔ་པ་རྔོག་དཔལ་ཁྲོམ་ནི་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྔོག་དཔལ་ཁྲོམ་གྱིས་ཐུ་མི་སམ་བྷོ་ཊ་དང་ལྷན་དུ་རྒྱ་གར་ནས་ཤེས་པ་འཕྲུལ་གྱི་ཡི་གེ་བླངས་ཏེ་བཙན་པོར་ཕུལ་ནས། ཞང་བློན་དང་དེ་དག་གི་བུ་ཚ་དང་འབངས་མི་སེར་ལ་བསླབས་ཤིང་། འདུན་ས་ཆེ་ཆུང་གི་གཞི་བཟུང་ནས་བྲེ་ཕུལ་སྲང་ཞོ་ཡི་ཚད་གཞི་གཏན་ལ་ཕབ། བོད་ཀྱི་ས་ཆ་རྣམས་ཡུལ་དང་སྒོ་དུད་དང་། དམག་སྲིད་ཀྱི་སྒྲིག་གཞི་རུ་དང་སྟོང་སྡེར་ཕྱེས་ཤིང་། སྟོང་དཔོན་ནི་མཆིམས་དང་སྟོང་ཚབ་ནི་རྔོག་དཔལ་ཁྲོམ་གྱིས་བགྱིས། བཙན་པོ་ཚང་གི་ཆབ་སྲིད་ལ་ལེགས་སྐྱེས་ཆེ་བས་ཆེས་མཐོའི་གཟིགས་སྐྱོང་དང་བདག་རྐྱེན་ཐོབ་ཚུལ་སོགས་ཀྱི་སྐོར་འཁོད་ཡོད།[16]གོང་འཁོད་ཀྱི་ནང་དོན་དེ་དག་ལས་རྔོག་དཔལ་ཁྲོམ་གྱིས་ཐུ་མི་དང་ལྷན་དུ་རྒྱ་གར་ནས་ཡི་གེ་བླངས་ཟེར་བ་འདི་ནི་ད་ཕན་མཇལ་བའི་བོད་ཀྱི་ཆོས་འབྱུང་དང་། རྒྱལ་རབས་ལོ་རྒྱུས་ཁག་ཏུ་ཡེ་ནས་མཇལ་རྒྱུ་མེད་པའི་གསུང་ཚུལ་དམིགས་བསལ་བ་ཞིག་ཡིན་ཞིང་། སྤྱིར་དེང་སྐབས་ང་ཚོས་སྤྱོད་བཞིན་པའི་བོད་ཡིག་འདི་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱུང་བ་ཞིག་ཡིན་པ་ནི་རིག་གཞུང་སྨྲ་བའི་ཁྲོད་མཁས་མང་ཞལ་མཐུན་པའི་གཏམ་ཞིག་ཡིན་མོད། བོད་ཀྱི་རྒྱལ་རབས་དེབ་ཐེར་དང་ཆོས་འབྱུང་ཁག་ཏུ་ཐུ་མི་སམ་བྷོ་ཊ་རྒྱ་གར་ལ་བསྐྱོད་པའི་དུས་རིག་པ་ཅན་གཞོན་ནུ་དྲུག་ཕྱིན་པ་གསལ་ན་ཡང་རེ་རེ་བཞིན་སུ་དང་སུ་ཡིན་པ་གསལ་ཁ་མེད་ལ།《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》དང་།《ཆོས་འབྱུང་མཁས་པའི་དགའ་སྟོན།》《རྒྱལ་རབས་གསལ་བའི་མེ་ལོང་》སོགས་སུ་གཞོན་ནུ་རིག་པ་ཅན་བཅུ་དྲུག་བསྐྱོད་ཀྱང་དོན་མ་གྲུབ་པས་སམ་བྷོ་ཊ་བརྩིས་སླར་ཡང་གཞོན་ནུ་རིག་པ་ཅན་བཅུ་དྲུག་བཏང་ཡང་། ལ་ལ་ཚད་པས་ཤི་བ་དང་ལ་ལ་ས་ཆུ་མ་འཕྲོད་པ་སོགས་ཀྱིས་རྐྱེན་པས་ལོག་པ་ཡིན་པའི་སྐོར་ཤ་སྟག་འཁོད་ཡོད། འོན་ཀྱང་རྔོག་པའི་རྣམ་ཐར་ཁྲོད་དུ་བཞུགས་པའི་རྔོག་པའི་གདུང་རབས་ཡིག་ཚང་འདིའི་ནང་བོད་ཀྱི་ཡི་གེའི་བྱུང་འཕེལ་སོགས་ཀྱི་ཐད་ལ་བཞེད་སྲོལ་གསར་པ་ཞིག་མཁོ་འདོན་བགྱིས་འདུག་ན། དེས་ཕྱིས་འབྱུང་མུ་མཐུད་བོད་ཀྱི་ཡི་གེའི་འཕེལ་བྱུང་སྐོར་ལ་རྟོག་ཞིབ་བྱ་རྒྱུར་རིན་ཐང་ཆེ་བའི་དཔྱད་གཞི་གསར་པ་ཞིག་ཞིབ་འཇུག་པའི་སྤྱན་ལམ་དུ་དྲངས་ཡོད།དེ་ལྟར་རྔོག་མདོ་གཟིགས་ཁྲོམ་སྟན་ལ་ཕ་ལས་བུ་རྫིག་པའི་སྲས་ལྔ་བྱོན་པ་རྣམས་རྔོག་པའི་གདུང་རྒྱུད་བདུན་པ་ཡིན་ཞིང་། དེ་དག་ལས་རྔོག་བཙན་གཉའ་ནི་སྲས་ཆུང་ཤོས་དེ་ཡིན་ཏེ། ཁོང་ནི་རྔོག་པའི་མི་རྒྱུད་རིམ་བྱོན་ལས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་མི་སྣ་ཞིག་ཏུ་སྣང་བ་གདུང་རབས་ཡིག་ཚང་དེ་ལས། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ། རྔོག་བཙན་གཉའ་ལོ་ན་ཆུང་དུས་ནས་བཙན་པོའི་ཆབ་སྲིད་ལ་གོ་ཆོད་པ་ཞིག་བྱུང་བས་བཙན་པོ་ཚང་གི་ནང་འཁོར་གྱི་གྲས་སུ་གྱུར་ཅིང་། ཐང་བོད་ཀྱི་མཚམས་སུ་སོ་དཔོན་བགྱིས་པ་དང་།མཆིམས་ཕུ་ནམ་རལ་དུ་མཆོད་པ་བཙུགས་ཤིང་། གཙུག་ལག་ཁང་ཞིག་གསོ་བྱེད་པའི་དཔོན་བགྱིས་པ་དང་ཐང་བོད་འཐབ་པའི་མདུན་སར་གཤེགས་ཏེ་རྒྱལ་ཁ་བླངས་པ་ལ་སོགས་ཀྱི་ལག་རྗེས་ཆེ་བས། བཙན་པོ་ཚང་ནས་སྟག་གསུམ་གྱི་སླག་པ་ལ་སེང་གེ་དཀར་མོའི་གུང་བཏང་བའི་བདག་རྐྱེན་དང་གསེར་ཡིག་རྩེག་མའི་ཡིག་ཚང་བསྩལ་བ་མ་ཟད། ལྷོ་རྒྱུད་གྲ་ཡུལ་གྱི་ཡིད་དགུ་[17]ཞེས་པར་ཞིང་དོར་བརྒྱའི་གླིང་དང་བྲན་མི་ཁྱིམ་ཉི་ཤུ་འབངས་སུ་གནང་ཚུལ་ཅུང་ཞིབ་ཙམ་འཁོད་པ་དང་། གཞན་ཡང་རྔོག་བཙན་གཉའི་སྲས་རྔོག་བཙན་རྣམ་པ་རིན་པོ་ཆེ་ལ་ལྷ་སའི་གྲིབ་ཏུ་ཞིང་དོར་བརྒྱ་དང་། བྲན་མི་ཁྱིམ་ཉི་ཤུ་འབངས་སུ་ཐོབ་པ་དང་། དེའི་སྲས་རྔོག་བཙན་གཟིགས་སྣང་བ་ལ་ལྷོ་རྒྱུད་དོལ་ཏེ་དེང་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་གྱི་ཁོངས་ནས་ཞིང་དོར་སུམ་བརྒྱ་དང་། བྲན་མི་ཁྱིམ་བཞི་བཅུ་འབངས་སུ་གནང་ཚུལ་སོགས་ཀྱི་སྐོར་འཁོད་ཡོད།[18]དེ་དག་ནི་བཙན་པོའི་དུས་ཀྱི་ཡིག་ཚང་ལམ་ལུགས་དང་། བཙན་པོ་ཚང་གིས་མི་སྣ་བྱས་པ་ཅན་ལ་ས་ཞིང་མི་ཁྱིམ་བགོ་བའི་ལམ་ལུགས་སོགས་དང་འབྲེལ་བ་ཡོད་པའི་ནང་དོན་འབའ་ཞིག་ཡིན་ལ། རྒྱུན་གཏན་ང་ཚོས་མཇལ་བའི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་སོགས་སུ་ཧ་ལམ་མཇལ་དུ་དཀའ་བའི་ནང་དོན་སྐོར་ཡིན་ན། ལོ་རྒྱུས་ཞིབ་འཇུག་ལ་མཁོ་བའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཏུ་སྣང་།གསུམ། རྔོག་ལོ་ཁུ་དབོན་དང་གོང་དཀར་སྤྲེ་ཞིང་གི་རྔོག་རྒྱུད་བར་གྱི་འབྲེལ་བའི་སྐོར།ཡར་འབྲོག་ཁུལ་གྱི་རྔོག་པའི་མི་རྒྱུད་དང་གོང་དཀར་སྤྲེ་ཞིང་དུ་གཞིས་ཆགས་པའི་རྔོག་པའི་མི་རྒྱུད་བར་གྱི་འབྲེལ་བའི་སྐོར་ཡང་སྙིང་ཅི་འདྲ་ཡིན་པ་དེ་མིག་སྔར་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ཁྱབ་ཁོངས་ཁྲོད་གསལ་ཁ་དེ་ཙམ་བྱུང་མེད་པར་ལུས་པའི་གནད་དོན་ཞིག་ཡིན།དེ་ཡང་རྔོག་ལེགས་པའི་ཤེས་རབ་ནི་ཡར་འབྲོག་གཡུ་མཚོའི་ཉེ་འགྲམ་དུ་གྲོང་ཆགས་པའི་གསང་སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུ་བྱ་བ་ལ་སྲས་ལྔ་བྱུང་བ་ལས་ཆེ་བ་དེ་ཡིན་ཞིང་། ཆོས་འབྱུང་དང་ལོ་རྒྱུས་ཡིག་ཚང་ཁག་ཏུ་དམ་པ་ཉིད་ཀྱི་འཁྲུངས་འདས་ཀྱི་ལོ་དུས་གསལ་པོ་འཁོད་པ་ཞིག་མཇལ་དུ་མེད་ཀྱང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་འཁྲུངས་ལོ་དང་། དེ་བཞིན་གསང་ཕུ་ནེའུ་ཐོག་གཙུག་ལག་ཁང་བཞེངས་པའི་ལོ་ཚིགས་བཅས་ལ་གཞིགས་ན། རྔོག་ལེགས་པའི་ཤེས་རབ་ནི་དུས་རབས་བཅུ་གཅིག་པ་འགོ་ཚུགས་མ་ཐག་གི་སྐབས་སུ་འཁྲུངས་ནས། དུས་རབས་དེ་གའི་དུས་མཇུག་བར་སྐུ་འཚོ་ཞིང་བཞུགས་པའི་སྐྱེས་ཆེན་ཞིག་ཡིན་པར་སྣང་།[19]རྔོག་བློ་ལྡན་ཤེས་རབ་ནི་རྔོག་ལེགས་པའི་ཤེས་རབ་ཀྱི་གཅུང་པོ་ཀླུ་ཁྲི་དང་། ཀླུ་བྱང་། ཆོས་སྐྱབས། ཐུབ་པ་བཞིའི་ནང་ནས་ཆོས་སྐྱབས་ཀྱི་སྲས་ཡིན་ཚུལ་《ཡར་ལུང་ཇོ་བོའི་ཆོས་འབྱུང་》[20]དུ་གསལ་བ་དང་། དམ་པ་ཉིད་ཀྱི་འཁྲུངས་འདས་ཀྱི་ལོ་ཚིགས་ཐད་བཞེད་པ་མི་འདྲ་བ་ཁ་ཤས་ཐོན་ཡོད་མོད། ཡོངས་གྲགས་སུ་ཁོང་ནི་རབ་བྱུང་དང་པོའི་ས་ཕག་ལོ་སྟེ་༡༠༥༩ལོར་འཁྲུངས་ཤིང་། རབ་བྱུང་གཉིས་པའི་ས་གླང་ལོ་སྟེ་༡༡༠༩ལོར་འདས་པར་གྲགས།[21]དེ་ནས་ང་ཚོས་རྔོག་ལོ་ཁུ་དབོན་དང་གོང་དཀར་སྤྲེ་ཞིང་རྒྱུད་ཀྱི་རྔོག་རྒྱུད་བར་སྤུན་ཚན་གྱི་འབྲེལ་བ་སྐོར་གང་འདྲ་ཡིན་མིན་བརྟག་ཞིབ་ཅིག་བགྱིས་ན། དེ་ཡང་རྔོག་པའི་རྣམ་ཐར་ཀ་པ་ལས། “གཡུ་ཁྲི་ལ་སྲས་༣་(གསུམ།)དཔལ་ལེ་(འདམ་ཅན་དུ་ཆད།)རཏྣ་(གཡོན་དུ།)ཡུལ་སྤྱིན་(སྒོག་ཏུ་ཆད་)ནོ། དེ་ནས་མི་རབས་གཉིས་ན་རྔོག་ལོ་བྱོན་ནོ། རཏྣ་ལ་སྲས་གཉིས། སྐྱོང་བུ་དང་ཁྲི་མཆོག་གཉིས། དེ་ལ་སྲས་༣་(གསུམ།)མཐའ་མི། མགར་ཚ། འབེ་ཚ་གསུཾ་(གསུམ་)མོ། དེ་ལ་སྲས་༣་(གསུམ།)སྒོ་པོ། སྒོ་ཆུང་། ཤེར་ལྱེ་(ལེགས་)གསུམ་མོ། གཡོན་གྱི་རྔོག་རྣཾས་(རྣམས་)ཤེར་ལེགས། དཔལ་ལེ་ལ་སྲས་༢་(གཉིས།)གཤངས་པོ་དང་། རོག་པོ་༢་(གཉིས།)རོག་པོ་ལ་སྲས་༣་(གསུམ།)དགའ་པོ་ཡུ་(ཤ་ཕོ་སྒང་།)དགའ་ལ་འབར་(སྐྱོ་གྲོང་པ།)ཡང་དགའ་བ་(གད་ཁ་བ།)དང་གསུམ་མོ། དེའི་སྲས་རྔོག་བན་ཆེན་ཁ་བ་(དེ་ཡན་ཆད་རྙིང་མ་བ་ཡིན།)དེའི་སྲས་བླ་མ་ཆོསྐྱིས་རྡོེ་(ཆོས་ཀྱི་རྡོ་རྗེ།)”[22]ཞེས་དུས་རབས་༡༡པའི་དུས་འགོ་ཙམ་ནས་དུས་རབས་༡༢པའི་བར་གྱི་རྔོག་པའི་མི་རྒྱུད་གྲོལ་ཚུལ་གྱི་གནས་ཚུལ་གསལ་པོར་བསྟན་ཡོད་པ་སྟེ། རྔོག་གཡུ་ཁྲི་ལ་སྲས་དཔལ་ལེ་དང་། རཏྣ། ཡུལ་སྦྱིན་གསུམ་བྱུང་བའི་ནང་ནས་དཔལ་ལེའི་སྲས་རོག་པོ་དང་། དེའི་སྲས་ཡང་དགའ་བ། དེའི་སྲས་རྔོག་བན་ཆེ་ཁ་བ་དང་། དེའི་སྲས་རྔོག་ཆོས་སྐུ་རྗོ་རྗེ་དང་བཅས་པའི་རྔོག་ཆོས་བརྒྱུད་པའི་མི་རྒྱུད་རྣམས་དར་བ་དང་། ཡང་རྔོག་དཔལ་ལེ་དང་ཡབ་གཅིག་པའི་ཡུལ་སྦྱིན་གྱི་སྲས་མི་རབས་གཉིས་ནས་ཡར་འབྲོག་བརྒྱུད་ཀྱི་རྔོག་པའི་མི་རྒྱུད་མཆེད་པར་མངོན་ཏེ། དེའི་ཐད་དཔའ་བོ་གཙུག་ལག་ཕྲེང་བའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “དེ་ཕྱིན་རྙིང་མའི་གྲུབ་ཐོབ་བརྒྱུད་པའི་རྔོག་གཡུ་ཁྲི་ལ་དཔལ་ལེ། རཏྣ། ཡུལ་བྱིན་གསུམ་བྱུང་བའི་ཡུལ་བྱིན་གྱི་སྲས་མི་རབས་གཉིས་ནས་རྔོག་ལོ་ཁུ་དབོན་བྱོན་ཞིང་། དཔལ་ལེའི་ཡང་ཚ་ནི་རྔོག་བན་ཆེན་ཁ་པའོ་”[23]ཞེས་ཤིན་ཏུ་གསལ་ཁ་བཏོད་ཡོད། གཞན་ཡང་། ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་ཁག་ཏུ་རྔོག་ཡུལ་སྦྱིན་ནས་བརྒྱུད་པའི་སྲས་ཀྱི་མཚན་འཁོད་མེད་རུང་། རྔོག་ཡུལ་སྦྱིན་དང་རྔོག་ལེགས་པའི་ཤེས་རབ་རྣམ་གཉིས་ནི་སྤོ་བོ་དང་ཡང་ཚའི་འབྲེལ་བ་ཡིན་པ་གསལ་པོར་འཁོད་ཡོད། གཤམ་དུ་དུས་རབས་༡༡པ་ནས་༡༢པའི་བར་རྔོག་པའི་གདུང་རབས་འཕེལ་རིམ་རྣམས་གསལ་ཁ་ཡོང་ཆེད་རེའུ་མིག་གི་ལམ་ནས་དྲངས་ན་འདི་ལྟ་སྟེ།མདོར་ན། ཡར་འབྲོག་ཁུལ་གྱི་རྔོག་ལོ་ཁུ་དབོན་དང་གོང་ཀར་སྤྲེ་ཞིང་བརྒྱུད་ཀྱི་རྔོག་བན་ཆེན་ཁ་པ་དང་དེའི་སྲས་རྔོག་ཆོས་སྐུ་རྡོ་རྗེ་དང་བཅས་པའི་རྔོག་པའི་མི་རྒྱུད་རྣམས་ནི་སྤྱིར་དུས་རབས་༡༡པ་ནས་དུས་རབས་༡༢པའི་བར་གྱི་མི་ཡིན་པ་དང་། དེ་དག་གི་བར་ཡབ་ཚན་གཅིག་ལས་གྱེས་པའི་སྤྲུན་མཆེད་ཀྱི་འབྲེལ་བ་ཡིན་པར་མངོན་ཞིང་། རྔོག་པའི་རྣམ་ཐར་གྱི་ནང་དུ་བཞུགས་པའི་རྔོག་པའི་གདུང་རབས་ཡིག་ཚང་དེར་ཞིབ་ཏུ་བརྟག་ཞིབ་ཚེ། དེ་ནི་གོང་དཀར་སྤྲེ་ཞིང་གི་རྔོག་པའི་མི་རྒྱུད་དར་འཕེལ་སྐོར་གྱི་ནང་དོན་གཙོ་བོར་བཀོད་པའི་གདུང་རབས་ཡིག་ཚང་ཞིག་ཡིན་པ་གསལ་པོར་མཐོང་ཐུབ་ཅིང་། རྔོག་ཡུལ་སྦྱིན་ནས་དབུ་ཚུགས་ཏེ་མི་རབས་གཉིས་སོང་བ་སྟེ་རྔོག་ལེགས་པའི་ཤེས་རབ་ཀྱི་ཡབ་དགེ་བཤེས་རྡོ་རྗེ་གཞོན་ནུ་ནས་ད་གཟོད་ཡར་འབྲོག་བརྒྱུད་དུ་རྔོག་པའི་མི་རྒྱུད་དར་བ་ཞིག་ཡིན་པར་སྣང་བས་ད་དུང་མུ་མཐུད་དཔྱད་པར་འཚལ།
མ་གཞི་རྣམ་ཐར་ཁག་གཉིས་པོ་མ་བུའི་འབྲེལ་བ་ཡིན་མོད། འོན་ཀྱང་ཡིག་མཁན་གྱིས་འབྲི་བཤུ་བྱས་པའི་བརྒྱུད་རིམ་ནང་ཡི་གེ་བཤུ་ནོར་ཐེབས་པའམ་སྣོན་འཕྲི་བྱས་པའི་རྐྱེན་གྱིས་མ་ཡིག་དང་བུ་ཡིག་གཉིས་པོ་ཕན་ཚུན་བར་ཚིག་འགྲོས་མི་གཅིག་པ་མང་ཙམ་ཐོན་པ་མཇལ་རྒྱུ་འདུག་པས། གཤམ་ལ་རྣམ་ཐར་ཁག་གཉིས་པོའི་ནང་དུ་བཞུགས་པའི་རྔོག་པའི་གདུང་རབས་ལས་ཁོལ་དུ་ཕྱུང་བའི་ནང་དོན་འགའ་ཞིག་གི་དཔེ་བསྡུར་རེའུ་མིག་གི་ལམ་དུ་བཀོད་ན་འདི་ལྟ་སྟེ།དེ་ལྟར་གོང་འཁོད་རྔོག་པའི་རྣམ་ཐར་གཉིས་པོའི་དཔེ་བསྡུར་ལས་རྣམ་ཐར་ཁག་དེ་གཉིས་ནི་མ་བུའི་འབྲེལ་བ་ཡིན་པ་ཤིན་ཏུ་གསལ་ཞིང་། རྣམ་ཐར་དེ་གཉིས་པོའི་ནང་རྔོག་པའི་མི་རྒྱུད་གྲོལ་ཚུལ་དང་། སྤུ་རྒྱལ་བཙན་པོའི་སྐབས་ཀྱི་རྔོག་ཚང་གི་གནས་བབ། བསྟན་པ་ཕྱི་དར་གྱི་རྗེས་སུ་རྔོག་ཆོས་བརྒྱུད་ཇི་ལྟར་བྱུང་ཚུལ་སོགས་འཁོད་ཡོད་པ་ནི་རྣམ་ཐར་ཁག་གཉིས་པོའི་ཐུན་མོང་གི་ཁྱད་ཆོས་སུ་འཁུམས། ད་རེས་ཁོ་བོས་ཡིག་ཚང་རིག་པའི་ཞིབ་འཇུག་གི་ཐབས་ལམ་གྱི་ཐོག་ནས་རྣམ་ཐར་ཁག་གཉིས་པོའི་གཞི་རྩའི་གནས་ཚུལ་དང་། རྩོམ་པ་པོ། སྒྲིག་གཞི་གཙོར་བཟུང་སྟེ་དཔྱད་བརྗོད་བགྱིས་ཁུལ་ལགས་ན། མཁྱེན་ལྡན་རྣམ་པས་དགེ་སྤེལ་སྐྱོན་སེལ་གྱི་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་བ་དང་བཅས་རེ་ཞིག་མཇུག་བསྡུས་སོ། །གསལ་བཤད། དཔྱད་རྩོམ་འདི་ནི་བོད་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཆེད་དམིགས་ཐེབ་རྩའི་རྣམ་གྲངས་ཏེ།《གསར་དུ་རྙེད་པའི་བོད་ཡིག་ཡིག་ཚང་རྔོག་ཆོས་བརྒྱུད་ཀྱི་བླ་མའི་རྣམ་ཐར་ཀ་པ་དང་ཁ་པའི་རྒྱ་བསྒྱུར་དང་མཆན་འགྲེལ་》(ཐེབ་རྩའི་ཨང་གྲངས། 22BZJ01)ཞེས་པ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་༢༠༢༤ལོའི་ཚན་ཞིབ་རྣམ་གྲངས་ཏེ། 《གསར་དུ་རྙེད་པའི་བོད་ཡིག་ལོ་རྒྱུས་ཡིག་ཆ་རྒྱལ་པོའི་བཀའ་ཐེམས་ཀྱི་ཤོག་དྲིལ་ལས་ངོ་བཤུས་པ་བཞུགས་སོ་ཞེས་པའི་ལེགས་བསྒྲིགས་དང་ཞིབ་འཇུག》(ཐེབ་རྩའི་ཨང་གྲངས།24DJCWX37)བཅས་གཉིས་ཀྱི་བར་སྐབས་དཔྱད་འབྲས་ཡིན།
[①]《རྔོག་སློབ་བརྒྱུད་དང་བཅས་པའི་གསུང་འབུམ་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ལོ།[②]《རྗེ་བཙུན་མར་པ་ལས་རྒྱུད་(བརྒྱུད་)རྔོག་གཞུང་པ་ཡབ་སྲས་ཀྱི་བླ་མའི་རྣམ་ཐར་ནོར་བུའི་ཕྲེང་བ་》ནི་བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔར་བའི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》(པུ་ཏི་༡ནས་༣༠བར།)ཞེས་པའི་དཔེ་ཚོགས་ཀྱི་ཁྲོད་དུ་བཞུགས།[③]འགོས་ལོ་གཞོན་ནུ་དཔལ།《དེབ་ཐེར་སྔོན་པོ་》སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོ། ཤོག་གྲངས་༤༩༦ན་གསལ། [④]《བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་》བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔར་བའི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》(པུ་ཏི་༡ནས་༣༠བར།)ཞེས་པའི་དཔེ་ཚོགས་ཀྱི་ཁྲོད་དུ་བཞུགས།[⑤]《བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་》བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔར་བའི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས།》(པུ་ཏི་༡ནས་༣༠བར།)ཞེས་པའི་དཔེ་ཚོགས་ཀྱི་ཁྲོད་དུ་བཞུགས།[⑥]《བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་》བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔར་བའི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》(པུ་ཏི་༡ནས་༣༠བར།)ཞེས་པའི་དཔེ་ཚོགས་ཀྱི་ཁྲོད་དུ་བཞུགས།[⑦]才让:《俄氏世系谱中的吐蕃史料考辨》,《民族史文丛》,2019年第1期(总第一辑)。[⑧]《རྗེ་བཙུན་མར་པ་ལས་རྒྱུད་(བརྒྱུད་)རྔོག་གཞུང་པ་ཡབ་སྲས་ཀྱི་བླ་མའི་རྣམ་ཐར་ནོར་བུའི་ཕྲེང་བ་》བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔར་བའི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》(པུ་ཏི་༡ནས་༣༠བར།)ཞེས་པའི་དཔེ་ཚོགས་ཀྱི་ཁྲོད་དུ་བཞུགས།[⑨]༢༠༢༤ལོའི་ཟླ་༧པའི་ཚེས་༤ཉིན་བོད་ལྗོངས་སློབ་གྲྭ་ཆེ་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་འཆི་མེད་རྡོ་རྗེ་མཆོག་ལ་བཀའ་དྲི་ཞུས་པའི་དོན་རྣམས་བསྡུས་ཏེ་འདིར་བཀོད་པ་ལགས།[⑩]《བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་》 བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔར་བའི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》(པུ་ཏི་༡ནས་༣༠བར།)ཞེས་པའི་དཔེ་ཚོགས་ཀྱི་ཁྲོད་དུ་བཞུགས།[11]《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ལོ། ཤོག་གྲངས་༩༥ན་གསལ།[12]སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོང་ཁྱེར་ལྷ་ས་ཨུ་ཡོན་ལྷན་ཁང་རིག་གནས་ལོ་རྒྱུས་དཔྱད་གཞི་རྩོམ་སྒྲིག་ཨུ་ལྷན་གྱིས་བསྒྲིགས་ཤིང་། ༢༠༢༡ལོར་ནང་ཁུལ་དུ་དཔར་བའི་《ཙན་དན་སྨུག་པོའི་དྲི་བཟང་བཞུགས་སོ་》ཞེས་པའི་ནང་དུ་《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཡི་གློག་རྡུལ་དཔར་མ་བཏུས་ཡོད།《ཙན་དན་སྨུག་པོའི་དྲི་བཟང་བཞུགས་སོ་》ཞེས་པའི་ཤོག་གྲངས་༡༠༦ན་གསལ།[13]དཔའ་བོ་གཙུག་ལག་ཕྲེང་བ།《ཆོས་འབྱུང་མཁས་པའི་དགའ་སྟོན་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ལོ། ཤོག་གྲངས་༡༢༨ན་གསལ།[14]《བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་》བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔར་བའི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》(པུ་ཏི་༡ནས་༣༠བར།)ཞེས་པའི་དཔེ་ཚོགས་ཀྱི་ཁྲོད་དུ་བཞུགས།[15]《བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་》བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔར་བའི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》(པུ་ཏི་༡ནས་༣༠བར།)ཞེས་པའི་དཔེ་ཚོགས་ཀྱི་ཁྲོད་དུ་བཞུགས།[16]《བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་》བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔར་བའི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》(པུ་ཏི་༡ནས་༣༠བར།)ཞེས་པའི་དཔེ་ཚོགས་ཀྱི་ཁྲོད་དུ་བཞུགས།[17]འདིར་གྲ་ཡུལ་ནི་དེང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཁོངས་གྲ་ཕྱི་ནང་གི་ཁུལ་དུ་གནས་པའི་ས་ཆ་རྣམས་ལ་ཟེར་བ་ཡིན་མོད། བྱེ་བྲག་ཡིད་དགུ་ཞེས་པ་གྲ་ཡི་གང་དུ་ཡིན་མིན་ཆ་མི་འཚལ་ཞིང་། དེ་ནི་ཕལ་ཆེར་ཉམས་ཟིན་པའི་ས་མིང་རྙིང་པ་ཞིག་ཡིན་པ་འདྲ།[18]《བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་》བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔར་བའི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》(པུ་ཏི་༡ནས་༣༠བར།)ཞེས་པའི་དཔེ་ཚོགས་ཀྱི་ཁྲོད་དུ་བཞུགས།[19]རྡོ་རྒྱ་དབང་གྲགས་རྡོ་རྗེ།《བོད་ཀྱི་བཤད་གྲྭ་ཆེན་མོ་གསང་ཕུ་ནེའུ་ཐོག་གི་བྱུང་བ་དང་ད་ལྟའི་གནས་བབ་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༣ལོ། ཤོག་གྲངས་༣༢ནས་༣༥བར་དུ་གསལ།[20]ཤཱཀྱ་རིན་ཆེན་སྡེ།《ཡར་ལུང་ཇོ་བོའི་ཆོས་འབྱུང་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོ། ཤོག་གྲངས་༡༢༤ནས་༡༢༥བར་དུ་གསལ། [21]དུང་དཀར་བློ་བཟང་འཕྲིན་ལས།《དུང་དཀར་ཚིག་མཛོད་ཆེན་མོ་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༥ལོ། ཤོག་གྲངས་༧༧༢ན་གསལ། [22]《རྗེ་བཙུན་མར་པ་ལས་རྒྱུད་(བརྒྱུད་)རྔོག་གཞུང་པ་ཡབ་སྲས་ཀྱི་བླ་མའི་རྣམ་ཐར་ནོར་བུའི་ཕྲེང་བ་》བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔར་བའི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》(པུ་ཏི་༡ནས་༣༠བར།)ཞེས་པའི་དཔེ་ཚོགས་ཀྱི་ཁྲོད་དུ་བཞུགས།[23]དཔའ་བོ་གཙུག་ལག་ཕྲེང་བ།《ཆོས་འབྱུང་མཁས་པའི་དགའ་སྟོན་》སྟོད་ཆ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ལོ། ཤོག་གྲངས་༦༠༡ན་གསལ།རྩོམ་ཁུངས།《བོད་ལྗོངས་ཞིབ་འཇུག》2024.3