༄༅། །ཡུལ་ཤུལ་ཁྲི་འདུ་ཞེ་འུ་འདམ་པའི་བྲག་བརྐོས་སྐུ་བརྙན།

文摘   2024-11-23 09:00   青海  
རྨོག་རུ་མཁར་རྒྱལ་བྱམས།(1991-)ཕོ། བོད་རིགས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་སྐད་ཡིག་དང་རྩོམ་རིག་སློབ་སྡེའི2023ལོའི་འབུམ་རམས་ཞིབ་འཇུག་སློབ་མ་ཡིན། ཞིབ་འཇུག་གི་ཁ་ཕྱོགས། བོད་ཀྱི་ཡིག་རྙིང་དང་བྲག་བརྐོས་སྐོར་ཡིན། 



ནང་དོན་གནད་བསྡུས། 2021ལོའི9པར། ཁོ་བོ་ཡུལ་ཤུལ་ཁྲི་འདུ་ཞེ་འུ་འདམ་པའི་བྲག་བརྐོས་སྐུ་བརྙན་ཁག་ལ་རྟོག་དཔྱོད་དུ་ཆས་ཤིང་། གནའ་དཔྱད་རིག་པའི་རྟོག་དཔྱོད་བྱེད་སྟངས་ལྟར་བྲག་བརྐོས་སྐུ་བརྙན་གནས་ཡུལ་དང་། བྲག་ལྡེབས་ཀྱི་ངོས་ཆེ་ཆུང་དང་ཁ་ཕྱོགས། བདག་ཉར་གནས་ཚུལ། སྐུ་བརྙན་བཟོ་ཐབས་དང་སྐུའི་ཐིག་རྩ། ཉེ་འཁོར་དུ་རིག་དངོས་གཞན་ཡོད་མེད་བཅས་ཀྱི་གནས་ཚུལ་རྩད་བཅད་ཅིང་། སྐུ་བརྙན་གྱི་མ་དཔེ་སྐྱ་རིས་སུ་འབྲི་བ་དང་། སྐུ་ཚད་འཇལ་བ། ཞལ་བྱང་ཡི་གེ་འབེབ་བཤུ་སོགས་ཀྱི་ལས་བགྱིས་ཏེ། སྐུ་བརྙན་དབྱེ་ཞིབ་དང་ཕྱག་མཚན་ངོས་འཛིན་སོགས་ཡིག་རིགས་གཞན་དང་སྐུ་བརྙན་གཞན་སོགས་ལ་བསྡུར་བའི་འབྲས་བུར། བྲག་བརྐོས་སྐུ་བརྙན་དེ་དག་དུས་རིམ་གཉིས་ལ་ཕྱེ་བ་ལས་སྔ་མ་མི་འཁྲུགས་པའི་སྐུ་བརྙན་གཙོ་འཁོར་གསུམ་དང་། སྤྱན་རས་གཟིགས་ཀྱི་སྐུ་བརྙན་ནི་དུས་རབས9པ་ཡས་མས་ཙམ་ལ་བཞེངས་ཤིང་། ཕྱི་མ་དུང་དཀར་དང་། གླང་། ཁྲོ་བོའི་སྐུ་བརྙན་སོགས་ནི་རབ་བྱུང་གསུམ་པའི་ལྕགས་སྦྲུལ་ལོ་སྟེ་སྤྱི་ལོ1161ལ་འབྲི་གུང་སྐྱོབ་པ་རིན་ཆེན་དཔལ་བྱ་བའི་དམ་པ་གང་ཉིད་དགུང་ལོ18ལ་བཞེས་པའི་ལོ་དེར་འབྲི་གུང་སྐྱུ་རའི་མི་རྒྱུད་ཀྱིས་དམ་པ་ཁོང་གི་མཛད་འཕྲིན་རྒྱས་ཤིང་། རང་གི་གདུང་ཁུངས་ལེགས་པར་སྟོན་ཕྱིར་བཞེངས་པར་སྙམ་མོ། །

གནད་ཚིག ཁྲི་འདུ་ཞེ་འུ་འདམ་པའི་བྲག་བརྐོས་སྐུ་བརྙན། འབྲི་གུང་སྐྱུ་ར། གདུང་ཁུངས།



ལོ་འདི་འགའི་རིང་ལ་གནའ་དཔྱད་རིག་པའི་རྟོག་དཔྱོད་བརྒྱུད་ནས་ཡུལ་ཤུལ་ཁུལ་གྱི་མངའ་ཁོངས་སུ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་རིག་གཞུང་ཞིབ་འཇུག་ལ་དཔྱད་གཞིའི་རིན་ཐང་ཆེ་བའི་བྲག་བརྐོས་སྐུ་བརྙན་དང་ཞལ་བྱང་ཡི་གེ་སོགས་གནའ་བོའི་རྟེན་རྙིང་སྐོར་ཞིག་གསར་རྙེད་བྱུང་ཞིང་། དེ་ལས་ཁྲི་འདུ་ཞེ་འུ་འདམ་པའི་བྲག་བརྐོས་སྐུ་བརྙན་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་རྒྱུད་དང་། བ་ཡན་ཧ་རིའི་ལྷོ་ཕྱོགས་སུ་ཡོད་པའི་ཁྲི་འདུའི་རྫོང་མཁར་ནས་ཤར་ལྷོའི་མཚམས་སུ་ལེ་དབར75ཡིས་ཆོད་པའི་ཞེའུ་གྲོང་རྡལ་གྱི་འདམ་པའམ་སྡོམ་པ་གྲོང་ཚོའི་ཞེའུ་ཟམ་ཆེན་གཉིས་པའི་གཡོན་གྱི་རི་སྐེད་ཞེའུ་ཐང་དཀར་སྒྲོ་མདངས་ཞེས་པར་ཡོད། དེ་ག་བྱང་གི་འཕྲེད་ཚད33.062°དང་། ཤར་གྱི་གཞུང་ཐིག97.27°གྱི་མཚམས་སུ་ཡོད་ཅིང་། མཚོ་འཕགས་ལ་སྨི3747ཡོད། རི་སྐེད་དུ་ཡོད་པའི་བྲག་བརྐོས་སྐུ་བརྙན་ཁག་བྱ་སྐྱིབས་ལྟ་བུའི་བྲག་འོག་ཏུ་ཁེལ་བས་ཆར་ཆུའི་གནོད་པ་ཐེབས་མི་ཐུབ་ཀྱང་། ཉེ་འཁོར་གྱི་བྲག་ངོས་དུ་མར་ཉེ་དུས་སུ་བརྐོས་པའི་མ་ཎི་ཡིག་དྲུག་སོགས་དང་། ལྷག་པར་མཆོད་རྟེན་གྱི་གཟུགས་རིས་མང་པོ་ཞིག་བརྐོས་པ་དེས་སྔོན་གྱི་བརྐོས་རིས་རྙིང་པ་ཁག་གསལ་པོར་མཇལ་བར་འགལ་རྐྱེན་ཅུང་ཟད་བཟོས་ཡོད། གཤམ་དུ་ཁོ་བོ2021ལོའི་ཟླ9པར་གནས་དེར་རྟོག་དཔྱོད་དུ་ཆས་པའི་མཐོང་ཐོས་དང་། 2016ལོར་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་སུའོ་ཡིས་བྲིས་པའི་རྟོག་དཔྱོད་སྙན་ཞུའི་སྐྱ་རིས་གཉིས་སྦྲགས་ཏེ། བྲག་བརྐོས་སྐུ་བརྙན་དང་ཞལ་བྱང་ཡི་གེ་ཁག་གི་གནས་ཚུལ་ཞུ་བར་བྱའོ། །


བྲག་བརྐོས་རྙེད་ཡུལ་སྒ་ཞེ་འུ་ཐང་དཀར་སྒྲོ་མདངས།


བྲག་བརྐོས་འདི་ནི་ཁ་ནུབ་ལྟའི་བྲག་ལྡེབས་ཆེན་པོ་ཞིག་ཏུ་ཡོད་ཅིང་། དེར་སྐུ་བརྙན་གཙོ་འཁོར་གསུམ་དང་། བྱང་སེམས། ཞལ་བྱང་ཡི་གེ། མཆོད་རྟེན། ཁྲོ་བོའི་སྐུ་བརྙན། སྲོག་ཆགས་དང་དུང་དཀར་སོགས་ཀྱི་གཟུགས་རིས་ཡོད་པ་དེ་དག་བྱང་ནས་ལྷོར་རིམ་པར་ངོ་སྤྲོད་པར་བྱའོ། །བྲག་བརྐོས་དེའི་བྱང་མཐར་མཐོ་ལ་སྨི1ཙམ་དང་། ཞེང་ལ་སྨི0.3ཅན་གྱི་མཆོད་རྟེན་ཐིག་རིས་སུ་བཞེངས་པ་གཉིས་ཡོད། མཆོད་རྟེན་དང་པོ་དེ་ཁྲི་དང་། པད་གདན། བུམ་པ། བྲེ་བཅས་ཀྱིས་གྲུབ། གཉིས་པ་དེ་མཐོ་ལ་སྨི0.7དང་། ཞེང་ལ་སྨི0.45ཙམ་གྱི་ཁྲི་དང་། པད་གདན། བུམ་པ། བྲེ། སྲོག་ཤིང་། ཆོས་འཁོར་བཅས་ཀྱི་རྣམ་པར་བཞེངས་ཤིང་། མཆོད་རྟེན་དེར“དཔའ”ཞེས་པའི་ཡི་གེ་གཅིག་བརྐོས་ཡོད་པ་ལས་ཡི་གེ་གཞན་གང་ཡང་མེད།


པར་རིས་དང་པོ། བྲག་བརྐོས་མཆོད་རྟེན་དང་པོ་དང་གཉིས་པ།


པར་རིས2པ། བྲག་བརྐོས་མཆོད་རྟེན་དང་པོ་དང་གཉིས་པའི་དཔེ་རིས།①


སྐུ་བརྙན་གཙོ་འཁོར་གསུམ་གྱི་མདུན་ངོས་ཀྱི་སྲིབ་ལ་འཁོར་བའི་བྲག་ངོས་སུའང་མཆོད་རྟེན་་ཆུང་ཆུང་ཞིག་བརྐོས་ཡོད་ཅིང་། དེ་ཉིད་ཁྲི་དང་། བུམ་པ། བྲེ། སྲོག་ཤིང་བཅས་ཀྱིས་གྲུབ་ཡོད།


པར་རིས3པ། བྲག་བརྐོས་མཆོད་རྟེན་གསུམ་པ།


མཆོད་རྟེན་གྱི་གཡས་ཕྱོགས་སུ་མཐོ་ལ་སྨི4.7དང་། ཞེང་ལ་སྨི2.94ཙམ་མཆིས་པའི་ཐིག་རིས་མའི་སྐུ་བརྙན་གཙོ་འཁོར་གསུམ་བཞེངས་ཡོད་ཅིང་། གཙོ་སྐུ་དེ་གླང་པོ་ཆེན་པོ་གཉིས་ཀྱིས་བཏེགས་ཤིང་། གཡས་ཀྱི་གླང་ཆེན་དེའི་མཐོ་ལ་སྨི0.74དང་། ཞེང་ལ་སྨི0.69ཙམ་མཆིས་ཤིང་། གཟུགས་གཞིའི་རིས་དབྱིབས་ཉམས་ཉེས་སུ་སོང་ཡོད། གཡོན་པ་དེའི་མཆེ་བ་དང་། སྣ་ཞགས། མགུལ་རྒྱན་སོགས་མཇལ་ཐུབ་ཅིང་། གླང་ཆེན་གྱི་རྒྱབ་ལ་པད་ཁ་འབུས་ཀྱི་གདན་བཤམས་པར་འོད་གོར་རྐང་འགྲོས་གཉིས་པའི་ཀློང་ན། སྐུ་ལུས་དྲང་པོར་རྩ་རྣམས་མི་མངོན་རྩ་ཡི་མདུད་པ་མེད་ཅིང་། ལོང་བུ་མི་མངོན་པ། ཞབས་མཐིལ་མཉམ་ཞིང་ཞབས་སེན་རིང་བའི་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་ཤིང་། ཕྱག་གཡས་ས་གནོན་དང་། གཡོན་མཉམ་བཞག་གི་ཕྱག་རྒྱར་མཆན་གཡས་པ་ནས་ཕྲག་གཡོན་པར་ན་བཟའ་གསོལ་བ། དབུའི་འོད་གོར་ཉིས་གཤིབ་རྩེར་མེ་རིས་གསུམ་མཆེད་པའི་དབུས་སུ་གཙུག་ཏོར་གསོལ་ཅིང་། མཇིང་པའི་མཚམས་སུ་ཨོག་རིས་སུམ་ཕྲེང་བསྟར་མར་འཁྱིལ་བ། སྤྱན་དཀྱུས་རིང་ཞིང་སྤྱན་གཞུག་སྙན་གྱི་བུ་གར་གཏད་པ། ཤངས་རྩེ་འབིག་ལ། ཡ་མཆུ་ཅུང་ཟད་མཐོ་ཞིང་། མ་མཆུ་དེ་ལས་ལྡོག་པའི་རྣམ་པར་སེམས་དཔའི་ལྟ་སྟངས་ཀྱིས་གཟིགས་ཤིང་། ཞལ་རབ་ཏུ་ཞི་བ། དཔྲལ་བར་མཛོད་སྤུས་མཚན་པ། སྙན་གཉིས་མཉམ་ཞིང་སྙན་ཤལ་རིང་བ། སྙན་རྒྱན་བཏགས་པའི་ཆ་བྱད་དུ་ཐིག་རིས་ཀྱིས་བཞེངས་འདུག་གོ །དེའི་གཡས་སུ་མཐོ་ལ་སྨི0.018དང་། ཞེང་ལ་སྨི1.17ལྷག་མཆིས་པའི་སྐུ་བརྙན་དེ་པད་ཁ་འབུས་ཀྱི་གདན་ལ་ཞབས་གཡས་པ་ཅུང་ཉམས་ཤིང་། གཡོན་པའི་ཞབས་མཐིལ་མཉམ་ལ་ཞབས་སེན་རིང་བ། རྡོ་རྗེ་ཕྱེད་སྐྱིལ་གར་སྟབས་ཀྱིས་བཞུགས་པ། རྐེད་་པ་ཕྲ་ཞིང་ཟླུམ་པ། ཕྲག་གཡོན་པར་དར་དཔྱངས་བགོས་པ། ལྟེ་བ་གཏིང་ཟབ་ཅིང་གཡས་སུ་འཁྱིལ་བ། ཕྱག་གཡས་གདན་ལ་བཞག་ཅིང་གཡོན་གནམ་ལ་འཕྱར་བ། མགུལ་རྒྱན་དང་སྙན་རྒྱན་སྤྲས་ཤིང་། དབུའི་འོད་གོར་ལ་རྩེ་ཕྲན་གསུམ་ཅན་གྱི་དབུ་རྒྱན་གསོལ་ཡོད། སྤྱན་དཀྱུས་དང་སྨིན་མ་རིང་ཞིང་། སྨྲ་སྒོ་སོགས་བྱོན་ལེགས་པར་བཞེངས་ཏེ་ཞལ་གཙོ་སྐུ་ལ་བཏུད་ནས་བཞུགས།


པར་རིས4པ། སྐུ་བརྙན་གཙོ་འཁོར་གསུམ་དང་དེའི་སྐྱ་བྲིས།②


དེའི་དབུར་གཟོང་བརྐོས་ཀྱི་ཞལ་བྱང་ཡིག་ཕྲེང2བཞུགས་པ་ནི། “བྱང་འཆུབ་སེམས་དཔའ་□□པོས□□/གླང་པོ་ཆེ□□□□□□“ཞེས་སོ། །



གཙོ་སྐུའི་གཡོན་ཕྱོགས་སུ་མཐོ་ལ་སྨི1.95དང་། ཞེང་ལ་སྨི1.28ཅན་དེ། པད་མ་ཁ་འབུས་ཀྱི་གདན་ལ་ཞབས་མཐིལ་མཉམ་ལ་ཞབས་སེན་རིང་བ། རྡོ་རྗེ་ཕྱེད་སྐྱིལ་གར་སྟབས་ཀྱིས་བཞུགས་ཤིང་། རྐེད་པ་ཕྲ་ཞིང་ཟླུམ་ལ། ཕྲག་གཡོན་པར་དར་དཔྱངས་བགོས་པ། ཕྱག་གཡས་གནམ་ལ་འཕྱར་ཞིང་། གཡོན་གདན་ལ་བཞག་པའི་ཕྱག་རྒྱ། འོད་གོར་ཉིས་གཤིབ་ཀྱི་ཀློང་ན་མགུལ་རྒྱན་དང་སྙན་རྒྱན་སྤྲས་ཤིང་། ཤངས་ཀྱི་གཟེངས་མཐོ་ལ། སྤྱན་ཟུང་ཆེ་བ་དང་། སྤྱན་དཀྱུས་རིང་བ། དབུ་རྒྱན་རྩེ་ཕྲན་གསུམ་ཅན་གསོལ་བ་དེ་ཅུང་ཉམས་འདུག དེའི་དབུར་གཟོང་བརྐོས་ཀྱི་ཞལ་བྱང་ཡི་གེ་ཡིག་ཕྲེང2མཆིས་པ་ནི། “བྱང་ཆུབ་སེམས་དཔའ་སྤོས་དང་□□□□□□ལ་□□□□□□/སྤོས་ཀྱི་གླང་པོ་ཆེ□□□□□□”ཞེས་སོ། །



གཙོ་སྐུའི་གླང་ཆེན་གྱི་མདུན་ན། མཐོ་ལ་སྨི1.3དང་། ཞེང་ལ་སྨི0.58ཙམ་མཆིས་པའི་ཞབས་འཁོར་ལྟ་བུ་ཞིག་གིས་ཕྱག་གཉིས་ཐལ་མོ་སྦྱར་ཅིང་། སྐུ་ལ་ཆོས་གོས་གསོལ་ནས་གཙོ་སྐུར་གསོལ་བ་འདེབས་པའི་མདུན་ལ་ལྷུང་བཟེད་དང་། མཆོད་མེ2ཀྱི་གཟུགས་རིས་ཙམ་ལས་གཞན་རྣམས་ཉམས་ཏེ་མཇལ་དཀའ་འོ། །འཁོར་དེའི་རྒྱབ་ཏུ་ཡིག་ཕྲེང་2མཆིས་པ་ནི། “མི་ཉག་ཏི་ཟ་གཞོན་ནུ□□ཆོས/□□ག□□། །”ཞེས་སོ། །


གོང་གི་སྐུ་བརྙན་གཙོ་འཁོར་གསུམ་གྱི་གཡོན་ངོས་སུ་ཐིག་རིས་སུ་ཡིག་ཕྲེང5བརྐོས་ཡོད་ཅིང་། དེའི་མཐོ་ལ་སྨི1.06དང་། ཞེང་ལ་སྨི2.7ཡོད། མ་ཡིག་ནི། “༄། །ཀྱུ་ར་བན་དེ□□□□□□རིན་ཆེན□□□□□□ས་བ་སྐུ□□□□□□/དེ་ཡི་བུ་ནི་གཞོན་ནུ་ཡིས། །བཅོམ་ལྡན་/རྡོ□□□□□□ཀྱི□□□□□□བན་དེ□□□□□□/དེའི་མ་སྩོགས་སེམ་ཅན་ཐར□□□□□□/ཕར་སྨོན། །ཛ□□□□□□”ཞེས་སོ། །



དེའི་གཡོན་ཕྱོགས་སུ་མཐོ་ལ་སྨི1.95དང་། ཞེང་ལ་སྨི1.84ཅན་གཟོང་བརྐོས་ཀྱི་ཁྲོ་བོའི་སྐུ་བརྙན་དགྲ་བགེགས་བསྒྲལ་བའི་བེམ་རོའི་གདན་ལ། ཞབས་གཉིས་སེན་མོ་རིང་ལ་བརྐྱང་བསྐུམ་རོལ་སྟབས་ཀྱིས་ནོར་བུའི་མཚན་པའི་ཞབས་གདུབ་གསོལ་བ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཡན་ལག་རགས་པ། དྲག་པོར་ཁྲོས་པའི་ཞལ་གཅིག་ཕྱག་གཉིས་པ། སྤྱན་གཉིས་ཟླུམ་ལ་གཡོ་བ། ལྟེ་བ་དང་། ནུ་མ་གཡས་མ་སྒོར་ཐིག་གིས་མཚན་པ། ཕྱག་གཡས་པར་ཟླ་གམ་ལྟ་བུའི་གྲི་གུག་མཁའ་ལ་འཕྱར་བ། ལག་གདུབ་དང་དཔུང་གདུབ། རྣ་རྒྱན་གསོལ་བ། ཕྱག་གཡོན་པར་ཐོད་པ་ལྟ་བུའི་ལྷུང་བཟེད་ཐོགས་ཏེ། འཇིགས་པར་བྱེད་པའི་དྲག་པོས་འཁོར་ལོས་བསྒྱུར་བའི་ཚུལ་དུ་བཞུགས།


པར་རིས5པ། ཁྲོ་བོའི་སྐུ་བརྙན།③


དེའི་ཞལ་བྱང་ཡི་གེ་ཡིག་ཕྲེང1བཞུགས་པ་ནི། “སྲུངས་མ་ཤི་མ་ཧ་ཀ□□□□□□”ཞེས་སོ། །



ཁྲོ་བོའི་སྐུ་བརྙན་འདིའི་གཡས་ཕྱོགས་སུ་གཟོང་བརྐོས་ཀྱི་ཞལ་བྱང་ཡི་གེ་ཐིག་ཕྲེང4ཡོད་པ་ནི། “༄། །སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས□□/ལོ་སུཾ་སྟོང་ཉིས་བརྒྱ་སུཾ་བཅུ་སོ་བཞི་ན། འབྲི་ཀླུང་དུ་མྱི་ཀྱུ་ར་དང□□□□/ལྷ་རྐོན་མཆོག་མངའ་དར་བའི་དུས་སུ། ལྕགས་སྦྲུལ་གྱི་ལོ□□/□□□□□ལ་གཞོན་ནུ་བླ་མའི་སུག་པས་བྲིས། །”ཞེས་སོ། །



ཞལ་བྱང་ཡི་གེ་དེའི་གཡོན་གཤམ་དུ་མཐོ་ལ་སྨི1.2དང་། ཞེང་ལ་སྨི0.99མཆིས་པའི་མཆོད་རྟེན་ཞིག་བརྐོས་ཡོད་པ་དེ་ཁྲི་དང་། པད་གདན། བུམ་པ། བྲེ། ཆོས་འཁོར་བཅས་རིམ་པ་ལྔ་ཡིས་གྲུབ་ཅིང་། དེའི་གམ་དུ་དུང་དཀར་ཞིག་ཀྱང་བརྐོས་ཡོད།


པར་རིས5པ། ཁྲོ་བོའི་སྐུ་བརྙན།④


དེའི་གཡས་ཕྱོགས་སུ་ཐིག་རིས་སུ་ཕབ་པའི་དུང་དཀར་བདུན་ཡོད་པ་དེ། གླང་ལྟ་བུའི་སྲོག་ཆགས་དེའི་རྔ་མ་ནས་རིམ་བཞིན་སྒལ་ངོས་སུ་སྨི2.7ཙམ་གྱི་རིང་ཚད་དུ་ཕྲེང་ལ་བསྒྲིགས་པ་དེར་ཡི་གེ་ཕྲེང་བ1ཡོད་པ་ནི། “གླུ་དུང་དང་བདུན་འདོལ□□□□”ཞེས་སོ། །


དུང་དཀར་གྱི་གཡོན་ཕྱོགས་སུ། གཟུགས་བོངས་ཆེ་བའི་གླང་ཞིག་ཐིག་རིས་ཀྱི་རྣམ་པར་བརྐོས་ཤིང་། དེའི་མཐོ་ལ་སྨི1.2དང་། གཟུགས་གཞིའི་རིང་ཚད་ལ་སྨི1.55མཆིས། གླང་དེ་ནི་མིག་བགྲད་ཅིང་། ར་ཅོ་དང་རྨིག་པ་དང་མཚན་མ་མངོན་པ། མདུན་ལ་ཤུགས་ཀྱིས་བགྲོད་པའི་རྣམ་པ་དང་། རྔོག་མར་བུམ་པ་ལྟ་བུའི་རྒྱན་རིས་ཤིག་ཀྱང་བཏགས་ཡོད།


པར་རིས8པ། གླང་དང་དུང་དཀར།⑤


གླང་གི་མགྲིན་པའི་འོག་ཏུ་མཐོ་ལ་སྨི0.54དང་། ཞེང་ལ་སྨི0.1གི་ཐིག་རིས་ཀྱི་ཞལ་བྱང་ཡི་གེ་ཡིག་ཕྲེང2ཡོད་པ་ནི། “ས་བདག་ཆེ་མོ□□□□/གླང་ལྷུང□□□□”ཞེས་སོ། །གླང་གི་གཡོན་ཕྱོགས་སུ“རི་མོ་ཀུན་ལ་མ་རེག”ཅེས་པའི་ཡིག་ཕྲེང1ཡོད་པ་དེ་ཉེ་དུས་སུ་བརྐོས་པར་སྙམ་མོ། །


ཡི་གེ་དེའི་གཡོན་ཕྱོགས་ཀྱི་བྲག་ལྡེབས་ཟུར་ངོས་སུ་མཐོ་ལ་སྨི4དང་། ཞེང་ལ་སྨི2.7ལྷག་ཅན་གྱི་སྐུ་དེ། ཡུ་བ་རིང་པོའི་པདྨ་དང་ཟླ་བའི་ཡང་སྟེང་ལ་ལོང་བུ་མི་མངོན་པའི་ཞབས་གཉིས་མཉམ་ལ། ཞབས་སེན་རིང་ཞིང་དྲྭ་བས་འབྲེལ་བའི་བཞེངས་སྐུའི་རྣམ་པར་རྐེད་པ་ཕྲ་ཞིང་ཟླུམ་ལ་རྐང་ལག་འཇམ་ཞིང་མཉེན་པ། ནུ་མའི་གཡུར་གྱི་རོ་སྟོད་བག་ཙམ་སྒུར་བ། ཕྱག་གཉིས་ཆུ་ཤིང་གི་སྙིང་པོ་འདྲ་བ་བྱིན་གྱིས་ཕྲ་བ། བརླ་དང་དཔུང་པ་ཟླ་བ་ལྟར་རྒྱས་ཤིང་། སྟོད་ཞུམ་ཞིང་སྨད་ཅུང་ཙམ་རྒྱས་པ། དཔྲལ་ཞེང་ཆུང་བ། ཕྲག་པ་མཐོ་ལ་ཞུམ་པ། མཆན་གཡས་པ་ནས་ཕྲག་གཡོན་པར་དར་དཔྱངས་གསོལ་བ། ཤམ་ཐབས་ཀྱི་འདབ་ཁར་མེ་རིས་ཀྱི་རྒྱན་སྤྲས་པ། པུས་མོ་དང་བརླ་ངོས་སུ་རྒྱན་རིས་ལྟ་བུའི་ཐིག་སྐུད་ཉིས་སྐྱ་ཞིག་གིས་ལེགས་པར་སྦྲེལ་ཏེ། ཕྱག་གཡས་པ་མཆོག་སྦྱིན་དང་། ཕྱག་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱར་དཔུང་རྒྱན་དང་མགུལ་རྒྱན་སྤྲས་ཏེ། སྙན་ཤལ་རིང་པོར་སྙན་རྒྱན་གསོལ་བའི་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུའི་འོད་གོར་འཇོང་དབྱིབས་ཀྱི་དབུས་སུ་རྩེ་ཕྲན་གསུམ་གྱི་དབུ་རྒྱན་མནབས་ཤིང་། ཤངས་ཀྱི་གཟེངས་མཐོ་ཞིང་རིམ་པར་འཚམས་པ། མིག་བར་ཡངས་པའི་ཞལ་ཁྱིམ་སྒོ་ངའི་དབྱིབས་ལ་ཞལ་འཛུམ་པ་དང་། འགྲོ་ལ་ཆགས་ཤིང་སྙིང་རྗེའི་རང་གཟུགས་མངོན་པའི་སྤྱན་རས་གཟིགས་ཀྱི་སྐུ་བརྙན་བྱོན་ལེགས་པ་ཞིག་བཞེངས་ཤིང་། ཕྱག་གཡས་པའི་མདུན་དུ་མ་ངེས་པའི་ཡི་དྭགས་ཀྱི་གཟུགས་རིས་ཤིག་ཀྱང་བཞུགས་པ་དེ་ཉམས་ཉེས་སུ་སོང་འདུག་གོ །


པར་རིས9པ། སྤྱན་རས་གཟིགས་ཀྱི་སྐུ་བརྙན།⑥


པར་རིས10པ། སྤྱན་རས་གཟིགས་ཀྱི་དབུ།


པར་རིས11པ། སྤྱན་རས་གཟིགས་ཀྱི་སྐུའི་ཞབས་ཟུང་།


གཡོན་ཕྱོགས་སུ་ཡིག་ཕྲེང3ཅན་གྱི་གཟོང་བརྐོས་ཞལ་བྱང་ཡི་གེ་ནི། “ན་མོ་ཨརྱ་པ་ལོ་□□□□□/སྭོ□□□□□བན་དེ□□□□/གཞོན་ནུ་བླ་མའི་གཡང□□□□□”ཞེས་སོ། །



སྤྱན་རས་གཟིགས་ཀྱི་སྐུ་བརྙན་གྱི་གཡོན་ནམ་ངོས་ཅིག་ཤོས་སུ་མཐོ་ལ་སྨི1.95དང་། ཞེང་ལ་སྨི2.6ལྷག་མཆིས་པའི་ལྷ་མོའི་སྐུ་བརྙན་ཞིག་ཐིག་རིས་ཀྱིས་བཞེངས་ཡོད་དེ། ལྷ་མོའི་སྐུ་བརྙན་དེ་ཆིབས་རྟར་ཞབས་གཉིས་གཡས་བསྐུམས་གཡོན་བརྐྱངས་ཀྱིས་ཕྱག་གཡས་པས་རལ་གྲི་མཁའ་ལ་འཕྱར་ཞིང་། གཡོན་པའི་དཔུང་རྒྱན་ལས་གཞན་ཉམས་ཉེས་སུ་སོང་བ། ནུ་མ་བུམ་པ་ལྟར་རྒྱས་པ། སྡང་མིག་བགྲད་པ། སྙན་ཤལ་རིང་པོར་སྙན་རྒྱན་སྒོར་མོ་གསོལ་བ། དབུ་སྐྲ་འཁྱིལ་མར་མེ་ལྕེ་མཆེད་པ་ལྟ་བུའི་ཁྲོ་བོའི་རྣམ་པར་བྱོན་པ་ཞིག་བཞུགས། ཆིབས་རྟའི་འཕོང་གི་དྲིལ་བུ་དང་། རྔ་མ། རྔོག་མ། རྣ་བ་ལས་ཆ་བྱད་གཞན་མཇལ་དཀའ་བ་དང་། རྟའི་མདུན་དུ་ངོས་འཛིན་དཀའ་བའི་སྐུ་བརྙན་ཞིག་ཀྱང་མཆིས།


པར་རིས12པ། ལྷ་མོའི་སྐུ་བརྙན།⑦


ལྷ་མོའི་གཡོན་ཕྱོགས་སུ་གཟོང་བརྐོས་ཀྱི་ཞལ་བྱང་ཡི་གེ་ཡིག་ཕྲེང2ཡོད་པ་ནི། “སྲུང་མ་དང་□□□□□/ལྷ་མོ□□□□□”ཞེས་སོ། །



གོང་དུ་ཞུས་པའི་སྐུ་བརྙན་དེ་དག་གི་བྱང་ཕྱོགས་གོམ་པ་ཉིས་བརྒྱས་ཆོད་པའི་མཚམས་སུ་བྲག་ངོས་ཅིག་ལ་ཐིག་རིས་ཤིན་ཏུ་མཛེས་པའི་མཆོད་རྟེན་ཞིག་བཞེངས་ཡོད། བྲག་ངོས་དེར་སྔོན་གྱི་དུས་སུ་བཞེངས་པའི་མཆོད་རྟེན་་དང་སྐུ་བརྙན་མང་པོ་བཞུགས་པ་དེ་མཆོད་རྟེན་གྱི་གཟུགས་རིས་འདི་དང་། ཉེ་དུས་སུ་བཞེངས་པའི་མ་ཎི་ཡིག་དྲུག་སོགས་ཀྱིས་སྔོན་གྱི་རྟེན་བཞེངས་སོགས་ཡོངས་སུ་བསྒྲིབས་ཡོད། ད་ལྟ་མཇལ་ཐུབ་པའི་མཆོད་རྟེན་གཉིས་ཡོད་དེ། དང་པོ་ནི། བྲག་ངོས་དེའི་གཡས་ཕྱོགས་སུ་མཆིས་ཤིང་། ཁྲི་དང་། པད་གདན། བུམ་པ། བྲེ། སྲོག་ཤིང་བཅས་ཀྱིས་གྲུབ་ཡོད།


མཆོད་རྟེན་འདིའི་གཡས་ཕྱོགས་ཀྱི་མཆོད་རྟེན་གཉིས་པ་ནི་ཐིག་རིས་ཤིན་ཏུ་ལེགས་པའི་མི་ཚད་མ་ཙམ་ཞིག་བཞུགས་ཤིང་། དེར་པད་གདན་དང་། ཁྲི། བུམ་པ། བྲེ། སྲོག་ཤིང་། ཆོས་འཁོར་བཅས་ཀྱི་རྣམ་པར་བཞེངས་ཡོད། གཡས་གཡོན་དང་། སྟེང་འོག་ཀུན་ཏུ་སྔོན་གྱི་རྟེན་རྙིང་མང་དུ་མཆིས་མོད། བྲག་ངོས་ཞིག་རལ་དུ་ཕྱིན་པ་སོགས་ཀྱིས་མཇལ་མི་ཐུབ་པ་ནི་ཤིན་ཏུ་ཕངས་སོ། །


པར་རིས13པ། བྲག་བརྐོས་མཆོད་རྟེན་དང་པོ།


པར་རིས14པ། བྲག་བརྐོས་མཆོད་རྟེན2པ།



གོང་དུ་འབེབ་བཤུ་བྱས་པའི་བྲག་བརྐོས་ཡི་གེ་འདི་དག་ལས་ཀྱང་སྔོན་གྱི་བརྡ་རྙིང་པའི་ཡི་གེ་བྲི་ལུགས་ལྟར་མ་ལ་ཡ་བཏགས་སྦྱར་བ། སྐུང་ཡིག་བཀོལ་བ། ཡི་གེའི་ཚེག་དཀྱིལ་དུ་ཕབ་པ། དབུ་ཁྱུད་ཕྱེད་མ། ས་ལ་ཙ་བཏགས་པ། རྣམ་བཅད་ལྟ་བུའི་ཚེག་ཅན་གྱི་ཡི་གེ་སོགས་བྱུང་ཡོད་དེ། དཔེར་ན། “ཆུབ”ལ“འཆུབ”དང་། ས་ལ་ཙ་བཏགས་ནས“སྩོགས”དང་། “སུམ”ལ“སུཾ”དང་། “དཀོན་མཆོག”ལ“རྐོན་མཆོག” “མི”ལ“མྱི”སོགས་ཀྱི་བྲིས་རྒྱུན་འདི་དག་ནི་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་། ཏུན་ཧོང་གི་ཡིག་རྙིང་། བཙན་པོ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱི་སྐུ་དུས་སུ་བྱུང་བའི་འབྲི་ཆུའི་རྒྱུད་ཀྱི་བྲག་བརྐོས་ཡི་གེ་བཅས་ཀྱི་མཚུངས་ཆོས་ཤིག་ཏུ་གྲུབ་ཡོད། བྲག་བརྐོས་འདིར་བྱུང་བའི“༄། །ཀྱུ་ར་བན་དེ□□□□□□རིན་ཆེན□□□□□□ས་བ་སྐུ□□□□□□”ཞེས་པའི་ཀྱུ་ར་བན་དེ་རིན་ཆེན་ནི་བྲག་བརྐོས་བཞེངས་གྲུབ་ཀྱི་དུས་རིམ་ཕྱི་མའི་ལོ་རྒྱུས་ཀྱི་ས་མིང་དང་མི་སྣ་གལ་ཆེན་ཞིག་ཡིན། ཀྱུ་ར་ཞེས་པ་ནི་ཡོངས་གྲགས་ཀྱི་སྐྱུ་ར་སོར་དགུ་ལྟག་པོ་ཆེ་གནམ་སྦྱིན་དཀར་པོའི་གདུང་རྒྱུད། འབྲུ་ཡི་རིགས་ལས་སྐྱུ་ར་ཞེས་གྲགས་པའི་རུས་ཚན་དེ་ཡིན། རིགས་རྒྱུད་འདི་ནི་བཙན་པོའི་དུས་སྐབས་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཡི་བློན་པོ་འབྲུ་སེ་རུ་གུང་སྟོན་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་འབྲུ་པདྨ་གོང་བརྩན་སོགས་འབྲུ་སྐྱུ་རའི་གདུང་རྒྱུད་ལ་གཏོགས་པར་འདོད། བན་དེ་རིན་ཆེན་དཔལ་ཞེས་པ་ནི་བྲག་བརྐོས་འདིའི་བརྗོད་སྙིང་གལ་ཆེན་ཞིག་ཏུ་གྲུབ་ཡོད་དེ། དེ་ནི་འབྲི་གུང་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་འབྱེད་པ་དགེ་སློང་རིན་ཆེན་དཔལ(143-1217)ཞེས་པ་དེ་ཡིན་པར་སྙམ།《དུང་དཀར་ཚིག་མཛོད》དུ། “ཡོངས་གྲགས་སུ་འབྲི་གུང་སྐྱོབ་པ་རིན་པོ་ཆེ་ལ་མཚན་དེ་ལྟར་འབོད་སྲོལ་དང༌། ལོ་རྒྱུས་ཡིག་ཆ་ཁག་གི་ནང་མཚན་འབོད་སྲོལ་མི་འདྲ་བ་ཁ་ཤས་ཡོད། རབ་བྱུང་གཉིས་པའི་ཆུ་ཕག(1143)ལོ་ནས་རབ་བྱུང་བཞི་པའི་མེ་གླང(1217)ལོའི་བར་དགུང་ལོ་དོན་ལྔ་བཞུགས།འཁྲུངས་ཡུལ་མདོ་ཁམས་འབྲི་ཀླུང་དམ་པ་ཆོས་ཕྱུག་གི་ཡུལ་ཙ་ར་སྟོད་གཡོན་ལུང་གི་གྲོང་། ཡབ་སྔགས་འཆང་རྡོ་རྗེ་དང་ཡུམ་བཙུན་མ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་བཙུན་པ་སྐྱབས་སུ་ཐོགས། དགུང་ལོ་དྲུག་ནས་བཟུང་ཡི་གེ་འབྲི་ཀློག་མཁས་པར་མཁྱེན། དགུང་ལོ་ཉེར་ལྔ་པ་མེ་ཕག་གི་ལོ་ལ་ཕག་མོ་གྲུ་པ་དང་མཇལ་ནས་ཆོས་མང་པོ་གསན། དགུང་ལོ་སོ་ལྔ་པ་ལ་གུང་ཐང་བླ་མ་ཞང་གིས་མཁན་པོ་དང་སློབ་དཔོན་རྩི་ལུང་པས་ལས་སློབ་མཛད་དེ་བསྙེན་རྫོགས་གནང༌། དགུང་ལོ་སོ་བདུན་པ་རབ་བྱུང་གསུམ་པའི་ས་ཕག(1179)ལོར་འབྲི་གུང་མཐིལ་གྱི་དགོན་པ་བཏབ་ནས་གནས་གཞི་བཟུང་། དེ་ནས་དར་སྤེལ་བྱུང་བའི་ཆོས་བརྒྱུད་ལ་འབྲི་གུང་བཀའ་བརྒྱུད་ཟེར”ཞེས་གསུངས། འབྲི་གུང་སྐྱོབ་པ་འཇིག་རྟེ་གསུམ་མགོན་གྱི་ཆོས་བརྒྱུད་གྲུབ་མཐའ་དར་བའི་དུས་སུ་བུ་སློབ་གཞོན་ནུ་བླ་མ་ཟེར་བ་ཞིག་གིས་དམ་པ་གང་ཉིད་ཀྱི་མཛད་འཕྲིན་དང་འབྲི་གུང་པའི་གདུང་རབས་ཀྱི་བྱུང་བ་བརྗོད་པའི་བྲག་བརྐོས་འདི་བཞེངས་པར་སྣང་། བྲག་བརྐོས་ཡི་གེ“རྐོན་མཆོག”ཅེས་པ་བོད་སིལ་ཐོར་གྱི་དུས་སྟོད་དུ་བཞེངས་པའི་གྲ་ཕྱི་གཙང་འགྲམ་གྱི་རྡོ་རིང་ཡི་གེའི“རྐོན་མཆོག་མྱི་ནུབ”ཅེས་པའི་བྲིས་རྒྱུན་དང་མཚུངས་ཤིང་། “དཀོན་མཆོག”ཅེས་པ“རྐོན་མཆོག”ཏུ་བྲིས་ཡོད་པར་གཞིགས་ན། བོད་སིལ་བུའི་དུས་སུ་འབྲི་སྲོལ་དེ་ད་དུང་དོར་མེད་པར་སྙམ། བྲག་བརྐོས་ཞལ་བྱང་ཡི་གེར“མི་ཉག་ཏི་ཟ་གཞོན་ནུ□□ཆོས”ཞེས་པའི་མི་ཉག་ནི་ལྡན་ཁོག་བྲག་ལྷ་མོའི་ཞལ་བྱང་ཡི་གེ་ཀ་པར“མེ་ཉག—ཁྲི་རྒྱལ་ལ་སྩོགསྤ་བརྒྱ་སྟོང་པྲག་དུ་མ་ཞག་ཞུགསོ”ཞེས་པའི་མེ་ཉག་དང་མི་ཉག་གཉིས་གཅིག་ཡིན་པར་སྣང་སྟེ། བོད་ཀྱི་རྒྱལ་རབས་ཆོས་འབྱུང་རྣམས་སུ་མི་ཉག་དང་། ལྡོང་མི་ཉག མེ་ཉག མི་ཉག་གྷ་ཞེས་སུ་བཀོད་པ་ཅུང་མང་ལ། མི་ཉག་གི་གནས་ཚུལ་བཀོད་པའི་དེབ་ཐེར་སྔ་ཤོས་ནི་ཚལ་པ་ཀུན་དགའ་རྡོ་རྗེས(1309-1364)མཛད་པའི《དེབ་ཐེར་དམར་པོ》རུ་མི་ཉག་རྒྱལ་རྒོད་ཀྱི་ལོ་རྒྱུས་ཉུང་བསྡུས་ཤིག་བཀོད་པདེ་ཡིན། དཔའ་བོ་གཙུག་ལག་ཕྲེང་བའི(1504-1566)《ཆོས་འབྱུང་མཁས་པའི་དགའ་སྟོན》དུ། “ལག་མཐིལ་གཡས་གནོན་པ་ལ་མི་ཉག་གིས་ལག་དཔོན་བྱས་ཏེ་ཁམས་ཀློང་ཐང་སྒྲོན་མ”ཞེས་པས་སྲོང་བཙན་སྒམ་པོའི་སྐུ་རིང་ལ་དེང་གི་ལྡན་ཁོག་ཏུ་བཞེངས་པའི་གླང་ཐང་སྒྲོལ་མ་ལྷ་ཁང་ནི་མི་ཉག་གིས་ལག་དཔོན་བྱས་ནས་བཞེངས་ཚུལ་གསལ་ཞིང་། མི་ཉག་ནི་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་གི་རྒྱུད་པ་ཡིན་པར་བཤད་དེ། གྱི་ལུང་བཀྲ་ཤིས་རྒྱ་མཚོའི《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ》ཞེས་པར། “གནའ་བོའི་རྗེ་་གཉའ་ཁྲི་བཙན་པོ་ཡན་ཆད་ཀྱི་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་དང་། དེ་བཞིན་སུམ་བྷ་ནས་འབྲི་རིགས། ཞང་ཞུང་ནས་སྦྲ་རིགས། འ་ཞ་ནས་སྒ་རིགས་བྱུང་སྟེ་བོད་ཀྱི་རྒྱལ་པོ་རེ་མཛད་པའི་མི་རྒྱུད་ནས་མཆེད་པ་ལྟར”ཞེས་དང་། 《རྒྱ་བོད་ཡིག་ཚང་ཆེན་མོ》རུ། “སྨད་ན་མི་ཉག་གྱི་ཐན་གཉིས། །”ཞེས་མི་ཉག་གི་རིགས་རུས་མཆེད་ཁུངས་དང་མི་སྡེའི་གནས་ཚུལ་རགས་བསྡུས་ཤིག་བསྟན་ཡོད། ཕྱིས་སུ་ཧོར་ཇིང་གིར་གྱིས་སྤྱི་ལོ1220ནས1224པའི་བར་མི་ཉག་གི་རྒྱལ་ཁམས་བཅོམ་པས། མི་ཉག་གི་མི་སྡེའང་ཡུལ་ཕྱོགས་སོ་སོར་བྲོས་བྱོལ་དུ་ཕྱིན་ནས་དེང་གི་དུས་སུའང་མདོ་སྨད་ཁྲི་ཀ སྐུ་འབུམ། རྒན་གྱ་སོགས་སུ་ད་དུང་མི་ཉག་གི་མི་སྡེ་ཡོད་པ་དེས་མཚོན་ནུས། བྲག་དགོན་པའི《མདོ་སྨད་ཆོས་འབྱུང》དུ། “ལྷ་ཁང་གསར་པ་གཉིས་འདུ་ཁང་བཅས་མི་ཉག་རྒྱལ་པོའི་མཆོད་སྡོང་དུ་གྲགས་པའི་བྲག་རི་ཆེན་པོའི་མདུན་ངོས་རྩིག་པ་ལ་ཞལ་བ་བརྒྱབ་པ་ལྟ་བུ་ཡོད།”ཅེས་པའི་མི་ཉག་དང་འབྲེལ་བའི་རིག་དངོས་མང་དུ་བཙལ་རྒྱུ་ཡོད་པ་དང་། ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པ་ལགས་ཀྱིས“ལྡོང་མི་ཉག་གི་ས་ཆ་ཐོག་མར་རྒྱ་ཆེ་ཞིང་ཕལ་ཆེར་འབྲི་ཆུའི་ཤར་རྒྱུད་ནས་རྒྱལ་མོ་རྔུལ་ཆུའི་སྨད་རྒྱུད་ཀྱི་ས་ཆ་རྣམས་བཟུང་ཡོད་པས། བོད་ཀྱི་ལོ་རྒྱུས་རྣམས་སུ་ཤར་མི་ཉག་གམ་མི་ཉག་རིང་མོ་ཞེས་འབོད་པ་དང་། སྐབས་དེའི་མི་ཉག་གི་ལྟེ་བའམ་རྒྱལ་ས་ནི་རབ་སྒང་གི་ལྷ་སྒང་ཕྱོགས་དང་ཡང་ན་རྒྱའི་ཡིག་ཚང་ལྟར་ན་གངས་དཀར་རི་བོའི་ཤར་མཐའི་ཡུལ་ཡིན་སྲིད་པ་དང་། གང་ལྟར་ཤར་མི་ཉག་གི་ཡུལ་གཙོ་བོ་ནི་འབོ་གངས་དཀར་རི་བོའི་ཕྱོགས་བཞིའི་ཡུལ་གྲུ་རྒྱ་ཆེ་བ་རྣམས་ཡིན་པ་གདོན་མི་ཟ་ལ། ད་ལྟའི་བར་མི་ཉག་གི་ལྟེ་གཞི་ལྷ་སྒང་དང་ས་སྡེ། སེ་བོ་རོང་དང་ཕོ་བྲང་ལྔ་བརྩེགས་དང་གངས་དཀར་ཤང་བཅས་ཡིན་པ་ཚང་མས་མཁྱེན་གསལ་ལྟར་རོ། །”ཞེས་མེ་ཉག་གི་ས་ཁམས་ངོས་འཛིན་བྱས་པ་དོན་ལ་གནས་སོ། །བསྟན་པ་ཕྱི་དར་གྱི་སྐབས་སུའང་མི་ཉག་གི་རྒྱལ་པོས་འཇིག་རྟེན་མགོན་པོ་འབྲི་གུང་པ་ལ་གོས་ཆེན་དང་གསེར་ཕུལ་ནས་གསོལ་བ་བཏབ་པས་མི་ཉག་གི་རྒྱལ་ཁམས་ལོ་བཅུ་གཉིས་ཀྱི་བར་དུ་བདེ་ལྷོད་བྱུང་བར་བརྗོད་ཅིང་། གཞན་ཡང་རྩ་མི་སངས་རྒྱས་གྲགས་དང་མི་ཉག་ཀུན་དགའ་གྲགས་སོགས་མི་ཉག་གི་མཁས་པ་མང་དུ་བྱོན། 


ཞལ་བྱང་ཡི་གེར་བྱུང་བའི“ན་མོ་ཨརྱ་པ་ལོ”ཞེས་པ་ནི། རྒྱ་གར་སྐད་དེ་བོད་སྐད་དུ་འཕགས་པ་ཐུགས་རྗེ་ཆེན་པོ་ཞེས་པའི་དོན་ཡིན། ཏུན་ཧོང་ཡིག་རྙིང་P.T960པར། “22.ཨརྱ་པ་ལོ་བཞུགས་པའྀ་རྒྱབ་ན།”⑰ཞེས་དང་། 《སྦ་བཞེད》དུ། “བོད་ཀུན་ཚོགས་པའི་ནང་ནས། ཕོ་ལ་མཚར་བ་ཁུ་སྟག་ཚབ་ལ་དཔེ་བྱས་ཏེ། གཙོ་བོ་ཨརྱ་པ་ལོ་ཁ་སར་པ་ཎི་བཞེངས། མོ་ལ་མཚར་བ་ལྕོག་རོ་གཟའ་བུ་ཆུང་ལ་དཔེ་བྱས་ཏེ། ལྷ་མོ་འོད་ཟེར་ཅན་གཡོན་དུ་བྱས། མོ་ལ་མཚར་བ་ལྕོག་རོ་གཟའ་བུ་སྨན་ལ་དཔེ་བྱས་ཏེ། སྒྲོལ་མ་གཡས་སུ་བྱས། ཐག་བཟང་སྟག་ལེབ་ལ་དཔེ་བྱས་ཏེ། ཨརྱ་པ་ལོ་ཡི་གེ་དྲུག་པ་དེའི་གཡས་སུ་བྱས། སྨན་གཡས་ལ་སྐོར་བ་བྱས་ཏེ། ཨརྱ་པ་ལོ་རྟ་མགྲིན་སྒོ་སྲུངས་སུ་བྱས”ཞེས་དང་། 《མཁས་པ་ལྡེའུསམཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》ལས། “སྒོམ་ས་བརྒྱད་ལ། དབུས་ན་འཆིང་བུ་དང་ཡེར་བ་གཉིས། མྱང་གི་ཞྭ་གསུམ། དཔལ་རི་བོ་ཆེ་དང་བཞི། མདོ་ཁམས་ན་དན་ཏིག་ཤན་དང་ལྔ། འབུམ་གླིང་དང་དྲུག  ཨ་ལུང་དང་བདུན། ཀློང་ཐང་ཨརྱའི་གླིང་དང་བརྒྱད་དོ། །”ཞེས་དང་། ལི་ཡུལ་ལུང་བསྟན་དུ“ཨརྱ་བ་ལོ་ནི་འཇུ་སྙ་ན། བཞུགས། །”ཞེས་དང་། ཆབ་མདོ་སྨར་ཁམས་སྒར་ལྷ་མགོ་སྟེང་བྲག་བརྐོས་ཞལ་བྱང་ཡི་གེར་ཡང“ཨརྒྱ་པ་ལོ”ཞེས་དང་། ཡུལ་ཤུལ་ཁྲི་འདུ་ཞེའུ་འདམ་པའི་བྲག་བརྐོས་ཞལ་བྱང་ཡི་གེར“ན་མོ་ཨརྱ་པ་ལོ□□□□”ཞེས་པ་སོགས་བཀོད་པར་བརྟགས་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་འཕགས་པ་སྤྱན་རས་གཟིགས་ལ་ཨརྱ་པ་ལོ་ཞེས་སུ་འབོད་པ་དང་། དུས་རབས8པ་ནས9པའི་སྔ་གཞུག་ཏུ་བསམ་ཡས་དང་། མདོ་ཁམས་སོགས་ཀྱི་ཡུལ་ལུང་མང་པོར་དུས་ཡུན་རིང་པོ་ཞིག་ལ་ཐུགས་རྗེ་ཆེན་པོར་ཨརྱ་པ་ལོ་ཞེས་ལྷ་ཁང་དང་ལྡེབས་རིས། བྲག་བརྐོས་སྐུ་བརྙན་བཞེངས་པ་སོགས་ཆོས་སྲིད་གཉིས་ཀྱི་འཕྲིན་ལས་ཤིན་ཏུ་དར་ཞིང་།《རྒྱལ་རབས་གསལ་བའི་མེ་ལོང》དུ། “དེ་ལྟར་ཙནྡན་སྦྲུལ་གྱི་སྙིང་པོ་ལ་བྱོན་པའི་སྤྱན་རས་གཟིགས། ཙནྡན་གོར་ཤི་ཤ་བྱང་ཆུབ་ཀྱི་ལྗོན་ཤིང་གི་ཡལ་ག ཆུ་བོ་ནཱཻ་རཉྫ་རའི་བྱེ་མ། ཀུ་ཤའི་འཇག་མ་ཕོན་ཅིག དབེན་གནས་ཆེན་པོ་བརྒྱད་ཀྱི་ས་ལ་སོགས་ཏེ། རྒྱ་གར་རྫས་ཡི་དམ་གྱི་ལྷ་ལ་སོགས་པ་དགེ་སློང་གིས་སྤྱན་དྲངས་ཏེ། བོད་ཡུལ་དུ་བྱོན་ནས་རྒྱལ་པོ་ལ་ལ་ཕུལ་བས་ཤིན་ཏུ་དགྱེས་པར་གྱུར་ཏོ། །”ཞེས་སྤྲུལ་བའི་དགེ་སློང་ཤཱི་ལ་ཨ་ཀ་ར་མ་ཏིས་རྒྱ་གར་ལྷོ་ཕྱོགས་སིངྒ་ལ་ཡི་རྒྱ་མཚོའི་འགྲམ་རང་བྱོན་་པ་ཎིའི་རྒྱབ་ཀྱི་གླང་ཆེན་ཉལ་བའི་བྱེ་མའི་འོག་ནས་ཙནྡན་སྦྲུལ་གྱི་སྙིང་པོ་ལས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་སོགས་སྲོང་བཙན་སྒམ་པོའི་ཡི་དམ་གྱི་ལྷར་སྤྱན་དྲངས་ཤིང་། སློབ་དཔོན་ཐོན་མིས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་རྣམས་བོད་དུ་བསྒྱུར་བ་སོགས་ཀྱི་དོན་མཛད་ཅིང་། ཁོང་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང་། ཁ་བ་ཅན་འདིའང་གང་གི་གདུལ་ཞིང་དུ་གྱུར་ནས་སྐུ་བརྒྱ་རྩ་བརྒྱད་དང་། ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ནས་འཕྲིན་ལས་རྒྱ་ཆེར་སྤེལ་ཏེ། སྐྱེ་བོ་ཀུན་གྱི་དད་མོས་བྱེད་སའི་ལྷའི་སྙིང་པོར་གྱུར་ཏོ། །



བྲག་བརྐོས་འདིར་བྱུང་བའི་གཙོ་སྐུ་དེ་རྣམ་སྣང་གཙོ་འཁོར་གསུམ་གྱི་ཆ་བྱད་དང་ཤིན་ཏུ་མཚུངས་པས། དོ་སྣང་ཆེན་པོ་མི་བྱེད་མཁན་ཞིག་ཡིན་ཚེ་ནོར་ཉེན་ཆེ་ལ། རྣམ་སྣང་གཙོ་འཁོར་ཕལ་ཆེ་བ་སེང་ཁྲི་པདྨའི་གདན་ལ་བཞུགས་པ་ཤས་ཆེ་བས། འདིར་སངས་རྒྱས་གཞན་གྱི་འཁོར་དུ་མ་གྲགས་པའི་བྱང་སེམས་སྤོས་ཀྱི་གླང་པོ་ཆེ་ཞེས་གླང་ཆེན་གྱི་ཁྲིར་བཏེགས་པས་ན། མི་འཁྲུགས་པའི་ཞིང་བཀོད་ཅིག་ཏུ་ངོས་འཛིན་བྱས་ནའང་འགལ་བ་ཆེར་མེད་པར་སྣང་། དེའི་འཁོར་དུ་གྱུར་པའི་ཉེ་སྲས་གཉིས་ཀྱང་ཡུལ་ཤུལ་ལེབ་ཁོག་ཆབ་འགག་གི་སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་དང་། འཇོ་མདའི་བྲག་བརྐོས་སྐུ་བརྙན་གྱི་མཚན་དཔེ་དང་ཤིན་ཏུ་མཚུངས་པས་ན། མི་འཁྲུགས་པའི་འཁོར་འདི་གཉིས་ཀྱང་སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེའི་མཚན་དཔེར་ཅུང་ཉེ་བར་སྣང་ཡང་ད་དུང་བརྟག་འོས་སོ། །སྔོན་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ཁྲ་འབྲུག་གཙུག་ལག་ཁང་གི་གཙང་ཁང་དབུས་མ་ཀ་བཞི་མའི་ནང་རྟེན་གཙོ་གསང་འདུས་འཇམ་དཔལ་རྡོ་རྗེ་དང་རྣམ་སྣང་གི་གཡས་སུ་འོད་དཔག་མེད། གཡོན་དུ་མི་བསྐྱོད་པ་སོགས་བཅུ་གསུམ་བཞེངས་པར་གསུངས་པ་དང་། ལྕགས་པོ་རིའི་རི་གཤམ་གྱི་ནུབ་ངོས་བྲག་ལྡེབས་སུ་སངས་རྒྱས་མི་འཁྲུགས་པའི་སྐུ་ཆེན་པོ་ཞིག་གིས་གཙོས་སྐུ་བརྙན་མང་པོ་བརྐོས་པ་དེ་ཚོ་དུས་རབས14པའི་ནང་རྡོ་རིང་པཎྜི་ཏས་ཡོན་སྦྱར་ནས་ཐོག་མརབཞེངས་པར་གསུངས་པར་བརྟགས་ན། རང་རེའི་ཡུལ་སོ་སོར་རྒྱལ་བ་མི་འཁྲུགས་པའི་སྐུ་བརྙན་དུས་སྔ་མོ་ཞིག་ནས་བཞེངས་སྲོལ་ཡོད་པ་རྟོགས་ཐུབ། སྔ་རབས་ཀྱི་སྤྱན་རས་གཟིགས་ཀྱི་སྐུ་བརྙན་དེ་རྣམ་སྣང་འཁོར་དུ་བཞེངས་པ་ཤས་ཆེ་སྟེ། སྨར་ཁམས་དང་འབིས་ཁོག་ཏུ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་གྲས་སུ་བཞེངས་ཤིང་། ལེབ་ཁོག་དང་། བར་མདོའི་བྲག་བརྐོས་དང་། བྲག་ལྷ་མོ་སོགས་སུ་ཕྱག་ན་རྡོ་རྗེ་དང་མཉམ་དུ་གཙོ་འཁོར་གསུམ་དུ་བཞེངས་ཡོད། འདིར་སྐུ་བརྙན་རྐྱང་པའི་རྣམ་པར་བཞེངས་སྟབས་སུ་དབུ་རྒྱན་རྩེ་ཕྲན་གསུམ་དང་། ཆོས་གོས་ཕྲ་མོ་གསོལ་བ། སྨད་གཡོགས་མནབས་པ་སོགས་ནི་ཁྱད་ཆོས་དམིགས་བསལ་བ་ཞིག་ཏུ་སྣང་ངོ་། །ཞལ་བྱང་ཡི་གེ“ན་མོ་ཨརྱ་པ་ལོ”ཞེས་པ་ཡང་། སྨར་ཁམས་དང་། ཏུན་ཧོང་ཡིག་རྙིང་། ལེབ་ཁོག་ཆབ་འགག་གི་བྲག་བརྐོས་མཚན་བྱང་དང་གཅིག་ཏུ་སྣང་བས། མི་འཁྲུགས་པའི་སྐུ་བརྙན་གཙོ་འཁོར་གསུམ་དང་། སྤྱན་རས་གཟིགས་ཀྱི་སྐུ་བརྙན་འདི་ཡང་བཙན་པོའི་སྐུ་རིང་ལ་བྱུང་བའི་བཟོ་ལུགས་ཀྱི་རྒྱུན་བསྐྱངས་ཤིང་། འདིའི་བྲག་བརྐོས་ཐོག་མའང་ཡིན་པར་འདོད། བྲག་བརྐོས་ཕྱི་མ་སྟེ། ལྷ་མོ་དང་། ཁྲོ་བོའི་སྐུ་བརྙན། དུང་དཀར་དང་གླང་སོགས་ནི་འབིས་ཁོག་གི་བྲག་བརྐོས་དང་། ལེབ་ཁོག་གི་སྟོན་པའི་འཁྲུངས་རབས་བྲག་བརྐོས། ལྡན་ཁོག་བྲག་ལྷ་མོ། གནས་རི་པདྨ། འཇོ་མདའི་རྣམ་སྣང་དང་འདྲ་བར་ཐིག་རིས་སུ་བརྐོས་ཤིང་། གཙོ་འཁོར་གསུམ་གྱི་སྐུའི་འོད་གོར་ལ་མེ་རིས་མེད་པ་ཙམ་ལས། སྐུའི་ཐིག་རྩ་ཤིན་ཏུ་མཚུངས་པ་སོགས་སྔར་གྱི་བཟོ་རྒྱུན་བསྐྱངས་ཡོད་ལ། བཙན་པོའི་སྐུ་རིང་ལ་བྱུང་བའི་རྣམ་སྣང་གཙོ་འཁོར་གསུམ་དང་། གཙོ་འཁོར་བརྒྱད་ཀྱི་བཟོ་རྒྱུན་ལས་གཞན། ལྷ་མོ་དང་། ཁྲོ་བོའི་སྲུང་མ། མཆོད་རྟེན་དང་དུང་དཀར། གླང་སོགས་ཀྱི་གཟུགས་བརྙན་བྱུང་བ་དེས་ཕྱི་དར་གྱི་ནང་པའི་སྐུ་བརྙན་སོགས་གཟུགས་བརྙན་གྱི་དཔྱད་ཡིག་ཕུན་སུམ་ཚོགས་པར་བཏང་ཡོད་དོ། །


པར་རིས15པ། མི་འཁྲུགས་པ་གཙོ་འཁོར་གསུམ།


བྲག་བརྐོས་མཆོད་རྟེན་སྔ་མ་དང་ཕྱི་མ་གཉིས་ནི་ཐིག་རིས་སོགས་ཕྱོགས་གང་གི་ཆ་ནས་བལྟས་ཀྱང་དུས་མཉམ་དུ་བཞེངས་པ་མ་ཡིན་ལ། བོད་དུ་མཆོད་རྟེན་དུས་ནམ་ཞིག་ལ་དར་བའི་སྐོར་ལ་བན་བོན་གཉིས་ཀར་བཞེད་ལུགས་མང་པོ་ཞིག་མཆིས་མོད། སྤྱིར་ན་བན་བོན་གཉིས་ཀྱིས་བདེ་གཤེགས་མཆོད་རྟེན་བརྒྱད་དེ་གཞིར་བཟུང་ནས་ཐེག་ཆེན་ལུགས་ཀྱི་ཕྱག་ཚད་དུ་བཞེངས་ཡོད། ཡོངས་གྲགས་སུ་བོད་དུ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་གསེར་གྱི་མཆོད་རྟེན་ཁྲུ་གང་བ་ཞིག་བྱུང་བར་གྲགས་པ་དེ་བོད་བརྒྱུད་ནང་པ་སངས་རྒྱས་པའི་མཆོད་རྟེན་ཐོག་མ་ཡིན་པར་འདོད། ཕྱིས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ལྷ་ས་དམར་པོ་རིའི་སྟེང་དུ་མཆོད་རྟེན་དཀར་པོ་དང་། མཐའ་འདུལ་གཙུག་ལག་ཁང་གཡོན་རུའི་ཁྲ་འབྲུག་དགོན་མ་བཞེངས་གོང་ཀླུ་གདུག་པ་ཅན་སྦྲུལ་མགོ་ལྔ་ལྡན་འདུལ་ཕྱིར་མཆོད་རྟེན་རྩེ་ལྔ་པ་བཞེངས། ལྕགས་པོ་རིའི་ལྷོ་ཕྱོགས་ཀྱི་རི་སྣར་མཆོད་རྟེན་ཀེ་རུ་བརྩིགས། ར་ས་འཕྲུལ་སྣང་དུ་ཆོས་རྒྱལ་རང་ཉིད་ཀྱི་ཕྱག་བཟོའི་མཆོད་རྟེན་བརྒྱད་བཞེངས། ལྷ་སའི་དམར་པོ་རི་དང་ལྕགས་པོ་རི་གཉིས་ལྕགས་ཐག་གིས་སྦྲེལ་ནས། གླང་པོ་ཆེ་དང་སེང་གེ་གཉིས་ཀྱི་མཇུག་མ་སྦྲེལ་བ་ལྟ་བུའི་ས་དཔྱད་ཉམས་པ་གསོ་ཕྱིར་བཞེངས་པར་གྲགས་པའི་མཆོད་རྟེན་ཆེན་པོ་གསུམ་དབུས་སུ་བཞུགས་པའི་མཆོད་རྟེན་ཆེ་ཆུང་དུ་མ་བཞེངས་པ་ནས་བཟུང་། བོད་ཁམས་ཀུན་ཏུ་མཆོད་རྟེན་བཞེངས་སྲོལ་རིམ་བཞིན་དར་ཁྱབ་བྱུང་ཞིང་། ལྷག་པར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་སུ་ཟུང་མཁར་རྡོའི་མཆོད་རྟེན་དང་། གཙུག་ལག་ཁང་གི་ཕྱོགས་བཞིར་མཆོད་རྟེན་ཐོག་བརྩེགས་ཅན་དཀར་དམར་སྔོ་ནག་བཞི་དང་། ཕྱིའི་ལྕགས་རིའི་སྟེང་དུ་མཆོད་རྟེན་ཆུང་གྲས་བརྒྱ་དང་བརྒྱད་བཞེངས། དུས་རབས11པའི་ནང་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་བོད་དུ་གདན་དྲངས་རྗེས། རྒྱུ་རྒྱ་གར་ཤར་ལི་ལས་གྲུབ་པའི་པད་སྤུངས་དང་རྣམ་རྒྱལ་མཆོད་རྟེན་སོགས་ཆེ་ཆུང་སྣ་ཚོགས་ཤིག་བོད་དུ་གདན་དྲངས་པ་ཕྱིས་སུ་བཀའ་གདམས་རྙིང་མའི་དགོན་སྡེ་ཁག་ཏུ་དར་ཁྱབ་བྱུང་། དེ་ལྟར་བོད་ཀྱི་མཆོད་རྟེན་གྱི་ཕྱག་ཚད་དང་བཟོ་རྩལ་རིམ་བཞིན་འཐུས་ཇེ་ཚང་དུ་སོང་ནས་མདོ་དབུས་ཁམས་གསུམ་དུ་རྒྱལ་བའི་ཐུགས་རྟེན་རིན་པོ་ཆེ་བགྲང་གིས་མི་ལང་བ་བཞེངས་ཡོད།


པར་རིས16པ། འདམ་པའི་བྲག་བརྐོས་མཆོད་རྟེན་སྔ་མ།


པར་རིས17པ། འདམ་པའི་བྲག་བརྐོས་མཆོད་རྟེན་ཕྱི་མ།


བྲག་བརྐོས་འདིའི་མཆོད་རྟེན་སྔ་མ་འདི་འདྲ་ནི་ཧ་ལ་ཤན་རི་རྒྱུད་ཀྱི་དབུས་དང་བྱང་མཐའ། མངའ་རིས་རུ་ཐོག་དང་བྱང་གི་གནམ་མཚོ་ཕྱུག་མོའི་བཀྲ་ཤིས་དོ་ཆེ་ཆུང་གཉིས་དང་། གཙང་སྟོད་སོགས་སུ་ཡང་མཇལ་རྒྱུ་ཡོད། མཆོད་རྟེན་དེ་དག་ལས་ཁ་ཅིག་ནི་ཐིག་རྩ་དང་བཞེངས་ལུགས་སོགས་ཧ་ཅང་སྟབས་བདེ་ཡིན་ལ། ཆེད་ལས་ཀྱི་ལག་རྩལ་དང་རྟེན་བཞེངས་ཀྱི་ཕྱག་ཚད་སོགས་མེད་པས། མཆོད་རྟེན་སྔ་ཤོས་སུ་ངོས་འཛིན་བྱས་ཆོག ཡང་ཁ་ཅིག་ནི་དུས་རབས9པ་དང10པའི་བར་དུ་བོད་ལྗོངས་དང་ནུབ་བྱང་ས་ཁུལ་གྱི་བྲག་ཕུག་དང་དགོན་པ་སོགས་སུ་དར་རྒྱས་བྱུང་ཞིང་། དུས་རབས11པར་དབུས་གཙང་གི་དགོན་སྡེ་ཁག་གི་ལྡེབས་རིས་སུ་བྱུང་བའི་བཀའ་གདམས་མཆོད་རྟེན་བཅས་རིམ་པ་སྔ་ཕྱི་གཉིས་སུ་དགར་ཆོག སྔ་མ་ནི་མཆོད་རྟེན་གྱི་གཟུགས་རིས་ཙམ(塔形物)དང་། ཕྱི་མ་ནི་མཆོད་རྟེན་མཚན་ཉིད་པར(佛塔)ངོས་འཛིན། བྲག་བརྐོས་འདི་ནི་དུས་རིམ་ཕྱི་མ་སྟེ། ནང་བསྟན་གྱི་ཤན་ཞུགས་པའི་མཆོད་རྟེན་སྔ་ཤོས་ཀྱི་རིག་དངོས་ཤིག་ཡིན་པར་འདོད།


པར་རིས18པ། སྤང་རིའི་བྲག་བརྐོས་མཆོད་རྟེན།


པར་རིས19པ། ཧ་ལ་ཤན་གྱི་བྲག་བརྐོས་མཆོད་རྟེན།㉓


བོད་དུ་ནང་བསྟན་མ་དར་གོང་ནས་བོན་གྱི་བསྟན་པ་དར་ཡོད་པས། བོན་ལུགས་ཀྱི་མཆོད་རྟེན་བཞེངས་པའི་སྲོལ་ཡང་ཕལ་ཆེར་དར་ཡོད་དེ། བོན་ལུགས་ཀྱི་མཆོད་རྟེན་དག་གདོད་མའི་ཆོ་ག་སྣ་ཚོགས་ཤིག་དང་འབྲེལ་ཏེ་དུས་རིམ་མང་པོ་ཞིག་བརྒྱུད་མཐར་ནང་པའི་མཆོད་རྟེན་བཞེངས་ལུགས་ཀྱི་ཤན་ཞུགས་ཡོད་པར་སྙམ། སྤྱིར་བོན་ལུགས་ཀྱི་མཆོད་རྟེན་ལ་དབྱེ་ན་བོན་ཉིད་དབྱིངས་ཀྱི་མཆོད་རྟེན་དང་། རང་བཞིན་མཁའ་ཡི་མཆོད་རྟེན། སྤྲུལ་པའི་ཀློང་གི་མཆོད་རྟེན་སོགས་ཆེ་བ་གསུམ་གྱི་དབྱེ་བ་དང་དེ་རེ་རེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་མང་དུ་ཡོད།《བོན་གྱི་གདན་ས་ཆེན་མོ་རུ་ལག་གཡུང་དྲུང་གླིང》ཞེས་པ་ལས། “མཆོད་རྟེན་གྱི་འོག་གཞི་ནི་པད་གདན་དང་དེ་ནས་རིམ་བཞིན་རྨང་གཞི། འབྱུང་བ་བཞིའི་ཁྲི་འཕང་དང་པོ། ཁྲི་འཕང་གཉིས་པ། ཁྲི་འཕང་གསུམ་པ། ཁྲི་འཕང་བཞི་པ། དེ་ནས་སྣོད་བཅུད་བང་མཛོད། གདོང་གདན། གདོང་ཆེན། རྟ་བབས་རྣམ་བཞིའི་བང་རིམ་དང་པོ། བང་རིམ་གཉིས་པ། བང་རིམ་གསུམ་པ། བང་རིམ་བཞི་པ། དེ་ནས་བུམ་གདན། བུམ་སྐེ། བྲེ་གདན། བྲེ། པད་མ་ཡར་འཁྱིལ། སྟོངས་འཁོར་བཅུ་གསུམ། ཆར་ཁེབས། ཏོག་ལྡན་པད་མ་ཡར་འཁྱིལ། བྱ་རུ། ཏོག ། བྱ་གྲི་སོགས་སུ་དབྱེ་བ་འབྱེད་རྒྱུ་ཡོད”ཅེས་གསུངས་པ་ལྟར། བོན་ལུགས་ཀྱི་མཆོད་རྟེན་ཧྲིལ་པོའི་གྲུབ་ལུགས་དང་རྣམ་གྲངས་དེ་དག་འདམ་པའི་བྲག་བརྐོས་མཆོད་རྟེན་ཕྱི་མའི་གྲུབ་ཆ་དང་ཕལ་ཆེར་མཚུངས་པས། བོན་ལུགས་ཀྱི་མཆོད་རྟེན་ཞིག་ལ་ངོས་འཛིན་བྱས་ཀྱང་འགལ་བ་ཆེར་མེད་པར་སྣང་ངོ་། །


འདམ་པའི་མཆོད་རྟེན་སྔ་མ་ནི་བོད་ལྗོངས་སྤང་རིའི་བྲག་བརྐོས་མཆོད་རྟེན་དང་ཕལ་ཆེར་མཐུན་པས་དུས་རིམ་བཞི་པ་དང་ལྔ་པའི་བར་གྱི་མཆོད་རྟེན་ཞིག་ལ་ངོས་འཛིན་བྱས་ཆོག  དུས་རིམ་བཞི་པ་ནི་ཕལ་ཆེར་བོན་གྱི་མཆོད་སྟེགས་ལ་ནང་པའི་མཆོད་རྟེན་གྱི་ཤན་ཞུགས་འགོ་བརྩམས་ཤིང་། བང་རིམ་ལྔ་པའི་ཞབས་སྟེགས་ལ་བུམ་པའི་གཟུགས་དབྱིབས་ལྟ་བུའི་ལྟོ་བ་ཞིག་སྤྲད་པ་དེ་ནི་ངོ་བོའི་འགྱུར་བ་ཞིག་ཀྱང་ཡིན་ངེས། དུས་རིམ་ལྔ་པ་ནི་བང་རིམ་ལྔ་བརྩེགས་ཀྱི་འོག་ལ་ཞབས་སྟེགས་ཤིག་བཏགས་པ་དེ། བོན་པོའི་མཆོད་སྟེགས་ཀྱི་མཇུག་མཐའི་གྲུབ་གཟུགས་ཀྱང་ཨེ་ཡིན་སྙམ།


བཀའ་སྡོད་ཁྲོ་བོའི་སྐུ་བརྙན་དང་པོ་དེའི་ཞལ་བྱང་ཡི་གེ་སྟེ། “སྲུངས་མ་ཤི་མ་ཧ་ཀ”ཞེས་པ་ནི་འདོགས་ཅན་སོགས་ཞིག་རལ་དུ་སོང་བས་མཚན་དོན་ཆ་ཚང་མི་གསལ་མོད། “སྲུངས་མ་ཤི་མ་ཧ”ཞེས་པ་ནི“ཤྲཱི་མ་ཧཱ་ཀ་ལ”སྟེ། བདེ་བྱེད་བདག་པོ་དང་། མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། དཔལ་མགོན་བྱ་རོག་མཚན་ཅན་ཡེ་ཤེས་རིག་པའི་རྒྱལ་པོ། སྡེ་དཔོན་ཆེན་པོ། གནོད་སྦྱིན་རོགས་གདོང་ཅན་གྱི་ནག་པོ་ཆེན་པོའམ་ཕྱག་བཞི་པ་ཡིན་པར་འདོད། སྲུང་མ་འདི་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི་ཡབ་རྗེ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ལེགས་ལྡན་དབང་ཕྱུག་ཆེན་པོ་དང་། ཡུམ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་སྒྱུ་འཕྲུལ་ཨུ་མ་དེ་ཝའི་སྲས་སུ་སྐུ་འཁྲུངས་པའི་བསྟན་སྲུང་མཆོག་ཏུ་གྱུར་པ་ཞིག་ལ་ངོས་འཛིན་བྱེད། སྤྱིར་བཏང་བསྟན་སྲུང་དེ་ནི་སྐུ་མདོག་མཐིང་ནག་ལ་ཕྱག་ཏུ་རལ་གྲི་དང་། གྲི་གུག་སོགས་བསྣམས་པ་དང་། སྐུ་ལ་རིན་ཆེན་ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། མི་མགོའི་དོ་ཤལ། རུས་རྒྱན་སོགས་ཀྱིས་ལེགས་པར་སྤུད་པ་ཞིག་ཡིན་ལ། དེར་མགོན་པོ་ཆེ་ཆུང་དང་། ཕྱག་བཞི་དང་། ཕྱག་དྲུག་པ་སོགས་སྐུའི་ཆ་བྱད་དང་། ཕྱག་མཚན་བཅས་སྐུའི་བཀོད་པ་གཅིག་ཏུ་མ་ངེས་པས། སྐུའི་རྣམ་པ་སྣ་ཚོགས་སུ་སྣང་། སྲུང་མ་འདི་ནི་ལོ་ཆེན་རིན་བཟང་དང་། ལོ་ཙཱ་བ་དར་མ་གྲགས་གཉིས་ཀྱིས་རྒྱ་གར་ནས་དཔལ་མགོན་པོ་ཆེན་པོའི་མན་ངག་ནོད་ཅིང་། བོད་དུ་བསྟན་སྲུང་ལ་ཞུས་པ་ཡིན་ལ། ས་སྐྱ་པ་དང་བཀའ་བརྒྱུད་པའི་བསྟན་སྲུང་གཙོ་ཤོས་ཤིག་ཡིན་པར་མ་ཟད། རྗེ་དགེ་འདུན་གྲུབ་ཀྱི་སྐུ་དུས་ནས་བཟུང་དགེ་ལུགས་པའི་བསྟན་སྲུང་གཙོ་བོར་བཞུགས་ཡོད། བསྟན་སྲུང་འདི་ཇི་ལྟར་བྱོན་པའི་ཚུལ་ནི་སྔོན་རྒྱ་གར་གྱི་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པ་ཞིག་གིས་དཔལ་བདེ་མཆོག་སྒྲུབ་དུས་ཀྱི་མནལ་ལམ་ཞིག་ཏུ་མི་ནག་པོ་ཞིག་གིས་བྱང་ཕྱོགས་ཨོ་ཏའི་ཡུལ་ལ་སོངས་དང་། བདེ་མཆོག་གི་སྤྲུལ་པ་ཡེ་ཤེས་ཀྱི་མགོན་པོ་བདེ་བྱེད་འཁོར་ལོ་བྱ་བ་ཞིག་ཡོད་པ་དེས་ཁྱེད་ལ་དངོས་གྲུབ་སྟེར་བར་འགྱུར་ཞེས་པ་ཞིག་རྨིས་པ་བཞིན། དགེ་སློང་དེར་ཆས་པའི་ལམ་བར་དུ་རྒྱལ་པོ་དགེ་དཔལ་བྱ་བ་འཇིག་རྟེན་པའི་ལྷ་ཡི་དམ་དུ་བྱེད་པ་ཞིག་དང་ཕྲད་པས། དེས་ཁོའི་འཇིག་རྟེན་ལྷ་ཁང་དུ་ཁྲིད་པ་ལ་དགེ་སློང་གིས་ཕྱག་མ་འཚལ་སྟབས། རྒྱལ་པོ་ཁྲོས་ཏེ་དགེ་སློང་གི་མིག་བྲུས་ནས་གསོད་པར་བརྩམས་པ་ན། དགེ་སློང་གིས་ངས་ཚོགས་བསགས་པ་དང་། གསང་སྔགས་བསྒྲུབས་པ། དཔལ་མགོན་ལ་དམིགས་ནས་ཡོང་བའི་བྱིན་མཐུས་སྲིད་པ་གསུམ་ན་དབང་ཆེ་བའི་གནོད་སྦྱིན་བྱ་རོག་ཅན་ཞིག་ཏུ་སྐྱེས་ཏེ་རྒྱལ་པོ་འཁོར་དང་བཅས་ཀྱི་མིག་འབྲུ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ། དེ་ནས་ཚེ་འཕོས་རྗེས་སྔར་གྱི་སྨོན་ལམ་བཞིན་བྱུང་ཞིང་རྒྱལ་པོ་འཁོར་དང་བཅས་པ་ཚར་བཅད། སེམས་ཅན་མཐོང་ཚད་ཟས་སུ་སྤྱོད་བཞིན་པའི་དུས་ཤིག་ཏུ་དཔལ་བདེ་མཆོག་གིས་བཏུལ་ནས་བཀའ་སྲུང་དུ་བསྐོས་པ་བསྟན་སྲུང་ལོ་རྒྱུས་ཁག་ཏུ་འབྱུང་། ཕྱིས་སུ་འདིའི་སྙན་བརྒྱུད་མགོན་པོ་ཀླུ་སྒྲུབ་ནས་རིམ་གྱིས་བརྒྱུད་དེ་སློབ་དཔོན་ཨ་བྷ་ཡ་གུབྷ་ཞེས་བྱ་བའི་བར་བྱུང་བ་ལ། དེ་ལས་བོད་ཀྱི་ལོ་ཙཱ་བ་རྒ་ལོས་གསན། དེ་ལས་ཞང་བླ་མ་གུང་ཐང་བརྩོན་འགྲུས་དང་། རྒྱལ་དབང་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་གསན་པར་བརྟེན་དགེ་ལུགས་པའི་སྲུང་མར་གྱུར་ཡོད། བྲག་བརྐོས་འདིར་ཞལ་གཅིག་ཕྱག་གཉིས་ཀྱི་རྣམ་པར་བྱོན་ཡོད་པས།《མྱུར་མཛད་མ》རུ་གསུངས་པའི་སྐུའི་ཆ་བྱད་དང་ཅུང་ཟད་ཉེ་བར་སྙམ་སྟེ། དེར“ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་ནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པ་གྲི་གུག་བར་པ་འཕྲེང་བ་འཛིན། །ཐ་མ་ཌ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པ་ཐོད་པ་དང་ནི་མདུང་རྩེ་གསུམ། །”ཞེས་བཀོད་པར་གཞིགས་ན་བྲག་བརྐོས་སྲུང་མ་འདི་ནི་མགོན་པོའི་སྐུ་བརྙན་ཞིག་ཡིན་པར་འདོད་པ་དང་།《མྱུར་མཛད་མ》རུ་གསུངས་པའི་མགོན་པོའི་ཆ་བྱད་དང་ཡོངས་སུ་མི་མཚུངས་མོད། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ཕྱག་གཡས་པར་གྲི་གུག་འཕྱར་ཞིང་། གཡོན་པར་ཐོད་པས་མཚན་པ། ཞབས་གཉིས་སེན་མོ་རིང་ལ་བརྐྱང་བསྐུམ་རོལ་སྟབས་ཀྱིས་ནོར་བུས་མཚན་པའི་ཞབས་གདུབ་གསོལ་ཡོད། གཞན་ཡང་བྲག་ངོས་འདིར་བྱུང་བའི་སྐུའི་དབུ་སྟོད་ཀྱི་ཡིག་ཕྲེང2པའི“གླང་བྱ་ཆེ”ཞེས་པའི་གླང་དེ་ལོ་རིས་ཀྱི་གླང་ལོ་ལ་གོ་བའམ་ཡང་ན་སྲོག་ཆགས་གླང་ལ་གོ་བ་སོགས་མ་ངེས་ཀྱང་།《དྲུག་ཅུ་བ་ཞི་དྲག་གི་འདོན་བསྒྲིགས་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ》ཞེས་པ་ལས“ཧཱུཾ་འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །རིམ་པ་བདུན་གྱི་ས་འོག་ན། །སྲོག་ལ་རྔམ་པའི་གཤིན་རྗེ་ནི། །ནག་པོ་མ་ཧེའི་གདན་སྟེང་དུ། །”ཞེས་བཀོད་ཡོད་པ་དེར་བལྟས་ན་གཤིན་རྗེ་ཆོས་རྒྱལ་སྐོར་གྱི་སྐུ་བརྙན་ཞིག་ཡིན་པར་སྙམ། ཁྲོ་བོའི་ཞལ་གཟུགས་ཅན་གྱི་སྲུང་མའི་སྐུ་བརྙན་གཉིས་པ་དེ་ནི་རྟ་དང་དྲེའུ་ཞིག་གི་སྒལ་པར་གཡས་བསྐུམས་གཡོན་བརྐྱངས་ཀྱིས་མཆེ་བ་གཙིགས་ཤིང་སྡང་མིག་བགྲད་པ། ཕྱག་གཡས་པར་རལ་གྲི་གྱེན་ལ་འཕྱར་བའི་སྣང་བརྙན་ཙམ་ལས་གསལ་པོ་མཐོང་མི་ཐུབ་པས་མུ་མཐུད་ནས་དཔྱད་པར་འཚལ་ལོ། །


པར་རིས21པ། སྲུངས་མ་ཤི་མ་ཧ་ཀའི་སྐུ་བརྙན།

(སྲུངས་མ་ཤྲཱི་མ་ཧཱ་ཀ་ལ)


གླང་ལྟ་བུའི་གཟུགས་རིས་དང་དུང་དཀར་དེ་དག་གོང་དུ་ཞུས་པའི་འབྲི་གུང་སྐྱོབ་པའི་རིགས་རུས་གདུང་ཁུངས་དང་འབྲེལ་བ་ཡོད་པར་སྙམ་སྟེ། ར་སེ་དཀོན་མཆོག་རྒྱ་མཚོས་མཛད་པའི《སྐྱོབ་པ་འཇིག་རྟེན་མགོན་པོའི་རྣམ་ཐར》ལས། “བོད་རྒྱལ་ཁྲི་དར་མའི་དུས་ཙ་ན་འབྲུ་སྟག་རྒོད་བྱ་བ་ཕྱུག་པོ་ཞིག་བྱུང་བ་ལ་དེ་ལ་བུ་བདུན་མངའ་བས་ཁོང་དག་ལ་གོས་ཁྱད་འཕགས་ཤིག་སྒྲོན་པར་བགྲོས་ཏེ་སྲམ་གྱི་སྤུས་ཕྱིང་བ་བཅོས་ཏེ་སྦྲ་ཐོག་ལ་སྐམ་པས་བསེར་བུ་བདས་ཏེ་མཚོར་ལྷུང་ངོ་། དེར་དེ་ལེན་ཕྱིར་བུ་བདུན་དག་གཅིག་ལ་གཅིག་འཁྱུད་དེ་ཕྱི་མས་མཛོའི་སྣ་ཐག་ལ་འཇུས་པས་མཛོའི་སྣ་བོལ་ནས་བུ་ཀུན་མཚོར་བྱིངས་ཏེ་མ་ལྡོག་གོ །དེར་འབྲུ་མི་རབས་ཆད་ཁར་མཛོ་སྣ་བོལ་ཞེས་པའི་གཏམ་བྱུང་ངོ་། དེར་འབྲུ་སྟག་རྒོད་རྒན་པོར་གྱུར་ནའང་སླར་རོང་བཟའ་བསུས་པས་བུ་གསུམ་བྱུང་སྟེ་འབྲུ་ཉི་མ་དཀར་ནག་ཁྲ་གསུམ་ཞེས་གྲགས། འབྲུ་ཉི་མ་དཀར་པོ་ལས་དཔའ་བོ་སོ་གད་དང་། ཡ་གད། མ་གད་བྱ་བའི་སྲས་གསུམ་བྱུང་བ་ཆེ་བ་སོ་གད་དེ་ཉིད་རང་ལོ་ཉི་ཤུ་ལ་རྨ་ཆེན་སྤོམ་རའི་མགུལ་དུ་བྱོན་པ་ན། ཁྲུས་ཀྱི་རྫིང་བུའི་འགྲམ་དུ་བྱ་རྒོད་མང་པོ་འབབ་བྱུང་བར་གཟིགས་པས་ན། བྱ་རྒོད་ཀྱི་བླུབས་བུ་དག་ཕྱིར་ཕུད་པའི་ནང་དུ་ལྷའི་བུ་མོ་གཟུགས་བྱད་ལྟ་བས་མི་ངོམ་དག་བྱུང་ནས་ཁྲུས་བགྱིས་པ་མཐོང་ནས་བླུབས་བུ་གཅིག་བཟུང་བས་གཞན་བླུབས་བུར་ཞུགས་ནས་ལུས་པ་ལ། ཐབས་ཤེས་ཀྱི་སྦྱོར་བ་མཛད་དེ་བླུབས་བུ་ཕྱིར་གཏད་པས་དེར་ཞུགས་ནས་ཅུང་ཟད་མཁའ་ལ་འཕགས་ནས། དེ་རིང་ནས་བཟུང་ཟླ་བ་དགུ་འདས་པའི་ངོ་བཅུ་ན་གནས་འདིར་བུ་ལེན་དུ་ཤོག་ཟེར་ཏེ་འཕུར་སོང་ངོ་། །དེར་དཔའ་བོ་སོ་གད་ཀྱིས་དུས་ཀྱི་ངེས་པ་བཟུང་ནས་ཚེས་བཅོ་ལྔ་ལ་དེར་ཕེབས་པ་ན། ནམ་མཁའ་འོད་ཀྱིས་ཁྱབ་ཅིང་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་སྣ་ཚོགས་དང་བཅས་ལྷའི་བུ་དང་བུ་མོས་ཀུན་གསལ་འགེངས་ཞིང་། ཐོག་མར་བྱ་སྤུ་བཏགས་ཀྱི་བླ་བྲེ་འཕངས་ནས་འདིས་བཟེད་ཅིག་ཅེས་པའི་སྒྲ་དང་། དེ་བཞིན་དུ་གཡུ་འབྲུག་སྔོན་མོའི་ཟེ་བ། སེང་གེ་དཀར་མོའི་གཡུ་རལ། རྒེའུ་དཀར་མོའི་ལྤགས་པ་རྣམས་ནམ་མཁའ་ནས་བབས་ཤིང་འདི་ཁྱོད་ཀྱི་རྒྱུད་པའི་ནོར་ཆེན་ཡིན་ནོ། ཁྱོད་རང་གི་བུ་སོང་ཡོད་དོ། མ་འོངས་པ་ན་འདིའི་རིགས་རྒྱུད་ཀྱིས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པར་འགྱུར་རོ། ཞེས་ལུང་བསྟན་དང་བཅས་ཏེ་ནམ་མཁའ་ནས་ལྷའི་བུ་རྒྱན་དུ་མས་བརྒྱན་པ་ཞིག་བསྐྱུར་བྱུང་བ་ལ། རྒྱལ་ཆེན་བཞིས་བཟེད་གྲོགས་བྱས་པ་ན། སོ་གད་ཤེད་ཆུང་བས་བླ་བྲེས་ཀྱི་སྣེ་ཤོར་ནས་ས་ལ་ལྷུང་བས་ཐེའུ་ཆུང་ཆད་པ་སྐྱུ་ར་སོར་དགུ་པ་ལྟག་པོ་ཆེ་གནམ་སྦྱིན་དཀར་པོར་གསོལ་ཞིང་། དེ་ནས་འབྲུ་ཡི་རིགས་ལས་སྐྱུ་ར་ཞེས་གྲགས་པའི་རུས་ཚན་ཞིག་ཆགས།”ཞེས་པའི་འབྲི་སྐྱུ་རའི་གདུང་ཁུངས་གཏམ་རྒྱུད་འདི་ལྟ་བུ་ཞིག་ལ་སྦྱར་འདུག་པ་དེས་བྲག་བརྐོས་འདི་གར་གསལ་བའི་དུང་དཀར་བདུན་པོ་དེ་འབྲུ་སྟག་རྒོད་བྱ་བའི་བུ་བདུན་དང་སྲམ་གྱི་སྤུས་ཕྱིང་བ་བཅོས་ཏེ་སྦྲ་ཐོག་ལ་སྐམ་པས་བསེར་བུ་བདས་ཏེ་མཚོར་ལྷུང་ཞིང་། དེ་ལེན་ཕྱིར་བུ་བདུན་གཅིག་ལ་གཅིག་འཁྱུད་དེ་ཕྱི་མས་མཛོའི་སྣ་ཐག་ལ་འཇུས་པས་མཛོའི་སྣ་བོལ་ནས་བུ་ཀུན་མཚོར་བྱིངས་ཏེ་མ་ལྡོག་པས། བུ་དེ་དག་གི་མཚོན་བྱེད་དང་། མཛོའི་མཚོན་བྱེད་དུ་དུང་དཀར་བདུན་དང་གླང་ལྟ་བུའི་གཟུགས་རིས་འདི་མི་རབས་ཕྱི་མའི་རྗེས་དྲན་དང་རང་གི་གདུང་ཁུངས་མི་བརྗེད་ཕྱིར་བྲག་བརྐོས་འདི་བཞེངས་པར་སྙམ། འདི་བཞེངས་དུས་ནམ་ཞིག་ཡིན་ནམ་ཞེ་ན། བྲག་བརྐོས་ཡི་གེ་གསུམ་པའི་ཞལ་བྱང་ཡི་གེར“༄། །ཉོ□□བཅོམ་ལྡན་འདས་མྱ་ངན་ལས་□□□□ནས□/.ལོ་སཾ་སྟོང་ཉིས་བརྒྱ་སུམ་བཅུ་སོ་བཞི་ན། /འབྲི་ཀླུང་དུ་མྱི་ཀྱུ་ར་དང□□□□/ལྷ་རྐོན་མཆོག་མངའ་དར་བའི་དུས་སུ། ལྕགས་སྦྲུལ་གྱི་ལོ□□/□□□□□ལ་གཞོན་ནུ་བླ་མའི་སུག་པས་བྲིས། །”ཞེས་པ་ལས། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་ཉིས་བརྒྱ་སུམ་ཅུ་སོ་བཞི་འཁོར་བར་རྗེས་དྲན་ཞུ་བ་དང་། འབྲུ་ཀླུང་ཀྱུ་རའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པའི་མངའ་ཐང་ཤིན་ཏུ་དར་བའི་དུས་སུ་འབྲི་གུང་སྐྱུ་རའི་གདུང་ཁུངས་བརྗོད་ཕྱིར་ལྕགས་མོ་སྦྲུལ་གྱི་ལོ་ལ་གཞོན་ནུ་བླ་མ་སྐུ་དངོས་ཀྱིས་བཞེངས་པར་སྣང་། འོན་ཀྱང་སྟོན་པའི་འཁྲུངས་འདས་ལོ་ཚིགས་ལ་གནས་བརྟན་སྡེ་པའི་ལུགས་དང་། རྒྱ་ནག་ཙན་དན་ཇོ་བོའི་ལུགས་སོགས་བཞེད་སྟངས་སྣ་ཚོགས་ཤིག་ཡོད། བྲག་བརྐོས་འདི་ས་སྐྱ་པའི་ལུགས་ཀྱི་རྗེས་སུ་འབྲངས་ན། རབ་བྱུང་གཉིས་པའི་ལྕགས་སྦྲུལ་ལོ་དང་། སྤྱི་ལོ1101ལ་ཁེལ་འདུག་པ་དང་། དུས་སྐབས་དེ་ལ་ས་སྐྱའི་འཁོན་དཀོན་མཆོག་རྒྱལ་པོ་ཞལ་བཞུགས་ཤིང་། ས་ཆེན་ཀུན་སྙིང་དགུང་ལོ་བཅུ་ཙམ་བཞེས་པའི་སྐབས་ཡིན། ཀྱུ་ར་བན་དེ་རིན་ཆེན་སོགས་ཀྱི་རྩི་ལུགས་འདི་ས་སྐྱའི་ཕྱོགས་སུ་ཕར་དར་བ་ཞིག་ཡིན་མིན་དང་། ཀྱུ་ར་བ་དང་འཁོན་རིགས་བླ་སློབ་ཏུ་གྱུར་པའི་ལོ་རྒྱུས་ཀྱང་ཡོད་པ་ལ། འབྲེལ་ཡོད་ཀྱི་དོགས་པ་མང་པོ་ཞིག་དཔྱད་པའི་གཞིར་གྱུར། མདོར་ན། བྲག་བརྐོས་སྐུ་བརྙན་འདི་དག་སྔ་ཕྱི་གཉིས་སུ་ཕྱེ་བའི་སྔ་མ་སྟེ། སྤྱན་རས་གཟིགས་ཀྱི་སྐུ་བརྙན་དང་། མི་འཁྲུགས་པ་གཙོ་འཁོར་གསུམ་དང་། དེའི་ཞལ་བྱང་ཡི་གེ་སོགས་ནི་དུས་རབས9པའི་ཡས་མས་སུ་བཞེངས་ཤིང་། བྲག་བརྐོས་ཕྱི་མ་ནི་བསྟན་རྩིས་དང་བསྟུན་ན་རབ་བྱུང་གསུམ་པའི་ལྕགས་སྦྲུལ་ལོ་དང་། སྤྱི་ལོ1161ལ་བབས། སྐབས་དེར་འབྲི་གུང་སྐྱོབ་པ་གང་ཉིད་དགུང་ལོ18བཞེས་པའི་རྟེན་འབྲེལ་དུ་དམ་པ་གང་གི་གདུང་ཁུངས་མཚོན་པའི་གཏམ་རྒྱུད་ཀྱི་གཟུགས་རིས་ཏེ། དུང་དཀར་དང་། གླང་། ཁྲོ་བོའི་སྐུ་བརྙན་སོགས་བཞེངས་སོ། ། ། །


པར་རིས22པ། བྲག་བརྐོས་དུང་དཀར་དང་གླང་གི་གཟུགས་རིས།


①青海省文物考古研究所:《青海称多县歇武镇格日村宋代佛教摩崖石刻考古调查简报》[J],《藏学学刊》2017年第1期。

②青海省文物考古研究所:《青海称多县歇武镇格日村宋代佛教摩崖石刻考古调查简报》[J],《藏学学刊》2017年第1期。

③青海省文物考古研究所:《青海称多县歇武镇格日村宋代佛教摩崖石刻考古调查简报》[J],《藏学学刊》2017年第1期。

④青海省文物考古研究所:《青海称多县歇武镇格日村宋代佛教摩崖石刻考古调查简报》[J],《藏学学刊》2017年第1期。

⑤同上。

⑥青海省文物考古研究所:《青海称多县歇武镇格日村宋代佛教摩崖石刻考古调查简报》[J],《藏学学刊》2017年第1期。

⑦青海省文物考古研究所:《青海称多县歇武镇格日村宋代佛教摩崖石刻考古调查简报》,《藏学学刊》2017年第1期。

⑧ར་སེ་དཀོན་མཆོག་རྒྱ་མཚོ། 《སྐྱོབ་པ་འཇིག་རྟེན་མགོན་པོའི་རྣམ་ཐར》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས13པ།

⑨དུང་དཀར་བློ་བཟང་འཕྲིན་ལས།《དུང་དཀར་ཚིག་མཛོད་ཆེན་མོ》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས1576-1577པ།

⑩ཆབ་འགག་རྟ་མགྲིན། 《བོད་ཡིག་རྡོ་རིང་ཞིབ་འཇུག》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས166པ།

⑪ཚལ་པ་ཀུན་དགའ་རྡོ་རྗེ།《དེབ་ཐེར་དམར་པོ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས26-28པ།

⑫དཔའ་བོ་གཙུག་ལག་ཕྲེང་བ།《ཆོས་འབྱུང་མཁས་པའི་དགའ་སྟོན》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས123པ།

⑬གྲི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ།《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས8པ།

⑭སྟག་ཚང་དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས13པ།

⑮བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས།《མདོ་སྨད་ཆོས་འབྱུང》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས148པ།

⑯རྒྱལ་མོ་འབྲུག་པ། 《རྒྱལ་མོ་འབྲུག་པའི་ཆེད་རྩོམ་ཕྱོགས་བསྒྲིགས》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས331པ།

⑰ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》(9)[G] ཧྲང་ཧའེ། ཧྲང་ཧའེ་དཔེ་རྙིང་དཔེ་སྐྲུན་ཁང་། 2009ལོ། ཤོག་དྲིལ960པའི་ཡིག་ཕྲེང22པ།

⑱བདེ་སྐྱིད།《རྦ་བཞེད་ཕྱོགས་བསྒྲིགས》[G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས27-28པ།

⑲མཁས་པ་ལྡེའུ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས337-338པ།

⑳གཉའ་གོང་དཀོན་མཆོག་ཚེ་བརྟན།《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང》[G] ལན་ཀྲོའུ། ཀན་སུའུ་མི་རིགས་སྐྲུན་ཁང་། 2001ལོ། ཤོག་ངོས442པ།

㉑ས་སྐྱ་བསོད་ནམས་རྒྱལ་མཚན།《རྒྱལ་རབས་གསལ་བའི་མེ་ལོང》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས82པ།

㉒张亚莎:《西藏的岩画》[M],西宁:青海人民出版,2006年,第130页。

㉓同上,第122页。

㉔རྨེའུ་ཚ་བསྟན་འཛིན་རྣམ་རྒྱལ། 《བོན་གྱི་གདན་ས་ཆེན་མོ་རུ་ལག་གཡུང་དྲུང་གླིང》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས280པ།

㉕《མགོན་པོའི་ཆོ་གའི་འདོན་སྒྲིགས་རི་ཁྲོད་པའི་ཚོགས་འདོན་བཞིན་ནག་འགྲོས་སུ་བཀོད་པ་བཞུགས་སོ》[G] དྷི་ཚ་དགོན་པའི་པར་མ། པར་ལོ་མི་གསལ། ཤོག་ངོས85པ།

㉖《དྲུག་ཅུ་བ་ཞི་དྲག་གི་འདོན་བསྒྲིགས་དངོས་གྲུབ་ཀུན་འབྱུང་ཞེས་བ་བ་བཞུགས་སོ》[G] དྷི་ཚ་དགོན་པའི་པར་མ། པར་ལོ་མི་གསལ། ཤོག་ངོས14པ།

㉗ར་སེ་དཀོན་མཆོག་རྒྱ་མཚོ། 《སྐྱོབ་པ་འཇིག་རྟེན་མགོན་པོའི་རྣམ་ཐར》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས19-21པ།




摘要:位于青海省玉树藏族自治州称多县歇武摩崖石刻是一处刻录于唐、宋时期的重要文物遗迹,具有多方面的研究价值。作者于2021年9月赴玉树称多,对歇武摩崖石刻进行实地调查,并对石刻造像完整状况、尺寸大小、刻制方法、艺术细节、周围有无其他遗存等进行考古调查与图文记录。经实地调查获悉,此石刻由一佛二菩萨、观音像、护法像、供养人、牛、海螺等动物形象组成,每尊造像附有相应的藏文题记、年代、人物名称等重要信息。此处摩崖石刻造像的发现,填补了研究直贡居日氏族源流图像材料的空白及玉树地区后弘期佛教艺术发展脉络的缺环。

关键词:考古调查;歇武摩崖石刻字


本文系国家社科基金项目“海外藏古藏文碑铭文献的收集与整理”(项目编号:22BYY170)阶段性成果。

རྩོམ་ཁུངས།《མཚོ་སྔོན་སྤྱི་ཚོགས་ཚན་རིག》2024ལོའི་དེབ་དང་པོ།

宗喀书苑
新书发布会,导读讲座,读书会,企业论坛,产品发布会,企业培训,展览服务,阅读室等促进文化交流会。
 最新文章