དོ་རྒྱ་བསོད་ནམས་ཚེ་རིང་། ཕོ། བོད་རིགས། 1965ལོའི་ཟླ་11པར་མདོ་སྨད་གཅན་ཚ་རུ་སྐྱེས། སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་དང་། གཅན་ཚ་རྫོང་སློབ་སྡུད་ཁང་། གཅན་ཚ་རྫོང་སློབ་གསོ་ཞིབ་འཇུག་ཁང་གི་འགན་ཁུར་བ་དང་། བརྩམས་དེབ་ལ་《སྐྱ་བོའི་སློབ་གསོ་》དང་། སྒྲིག་དེབ་ལ་《གཅན་ཚའི་གནས་ཡིག་》དང་།《གཅན་ཚའི་མདའ་རྩེད་》སོགས་ཡོད། སྔ་ཕྱིར་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་ཐོག་མའི་སློབ་གཙོ་ལེགས་ཤོས་བཅུ་དང་། མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་སློབ་གསོ་ལས་དོན་པའི་བྱ་དགའ་ཐོབ་མྱོང་། 2023ལོའི་ཟླ་10པར་ལས་འཁྱུར་བྱས་སོ། །
ཁྱབ་བདག་བླ་མའི《ངག་འདོན་རྣམ་མཁྱེན་ལམ་བཟང་གི་ལྗགས་ཁྲིད་ཆོས་རྗེ་པདྨའི་ཞལ་ལུང》ལས། “གཙོ་བོ་རང་སེམས་རང་གིས་མི་ཁྲེལ་རྒྱུ་ཞིག་ནམ་འབྱུང་ཐུབ་ན་བློ་སྦྱོང་འགྲུབ་ཀྱིན་ཡོད་པའི་རྟགས་ངོ་མ་བོ་དེ་ཡིན། དེས་ན་དཔང་པོ་གཞན་ཞིག་གིས་བཤད་པའི་སྐད་ཆ་ལ་ཆ་འཇོག་མི་བྱེད་པར་རང་སེམས་རང་གི་དཔང་པོར་གཙོ་བོར་ཟུངས་དང་འགྲིག་པ་ཡིན་ཞེས་གསུངས་པ་ཡིན། དེ་ཡང་དཔང་པོ་ཞེས་པ་ལ་ས་ཆ་འདིའི་སྐད་ལ་གེ་རེ་ཅན་ཟེར་བ་ཡིན་ན། གེ་རེ་ཅན་གཉིས་ཡོད་དེ། གཅིག་མི་གཞན་དག་དང་གཅིག་མི་རང་ཉིད་ཡིན་པ་ལས་རང་ཉིད་གཙོ་བོར་འཛིན་དགོས་པས།”①ཞེས་འབྱུང་བ་ལ། “གེ་རེ་ཅན”ཞེས་པའི་དག་ཐོབ་ཀྱི་ཡི་གེ་ཅི་ཡིན་ལ་བསམ་བློ་རེ་བཏང་ན། ཨ་མདོ་པ་མང་པོས“གི་རི་ཅི”ཞེས་ཟེར་བ་དེ་ག་ཡིན་ཞིང་། སྔོན་མ་ཁོ་བོས《ཀུན་བཟང་བླ་མའི་ཞལ་ལུང》གི་ཟིན་བྲིས་ཤིག་འབྲི་དུས་སུ། གེ་རེ་ཅན་དང་གི་རི་ཅི་གཉིས་གང་ཡིན་ཅི་ཡིན་གྱི་དོན་མ་ཤེས་པར། རྨོངས་ཚོད་ཀྱིས། གང་རེད་ཅི་རེད་ཅེ་ན་འདི་རེད་གན་རེད་ཅེས་ཟེར་ཐུབ་པའི་མི་ཞིག་དགོས་ཞེས་པའི་ཚིག་སྣ་བསྡུས་ཏེ་ག་རེ་ཅི་རེ་ལ་གི་རི་ཅི་ཞེས་འགྲེལ་བ་ཡིན།
ད་ནི་ལྟ་ཚུལ་དེ་ལ་འགྱུར་བ་བྱུང་བ་སྟེ། དཔྱད་པ་གནད་ལ་ཐིངས་པ་པ་ནི། དོན་ལ་གེ་རེ་ཅན་དང་གི་རི་ཅི་གཉིས་ཀ་མ་ཡིན་པར་ཡིན་ངོ་མའི་དག་ཐོབ་ཀྱི་ཡི་གེ་ནི་ཀེ་རེ་ཅན་ཞེས་པ་འདི་ཡིན་པའི་ངེས་ཤེས་རྙེད་དོ། །
དེ་ཡང་ཡིན་ཏེ། ཀེ་རེ་ཞེས་པ་ནི་ཡར་ལངས་པ་དང་ཅན་ནི་བདག་སྒྲ་སྟེ། དོན་ལ་ཀེ་རེར་ལངས་པའི་མི་ལ་གོ་དགོས་སོ། །
བོད་ཀྱི་ཚིག་མཛོད་དག་ཏུ། “ཀེར་ཀེར་མི་དང་། ལེབ་ལེབ་ས། སྒུར་སྒུར་ཕྱུགས་ཏེ་སྔར་བོད་གཞུང་སྐབས་ཁྲལ་འུལ་འགེལ་སའི་ཡུལ་གསུམ།”②ཞེས་ཀེར་ཀེར་ནི་མི་ལ་གོ་བ་བཞིན་ཀེར་ཡིག་འཕྲལ་ན་ཀེ་རེ་ལ་འགྱུར་བ་ནི་ཤེས་སླ་ལ། ཨ་མདོ་པས་ཀི་རི་ཅི་ཞེས་པའང་ཁ་སྐད་དུ་དངོས་པོ་འདེ་ལ་ཡིག་སྐད་དུ་དངོས་པོ་འདི་དང་། ཡིག་སྐད་ཀྱི་དེ་རིང་ལ་ཁ་སྐད་ཀྱི་དི་རིང་ཞེས་འགྲེང་བུ་དང་གུག་གུ་རྣམ་པ་ཀུན་ཏུ་བརྗེས་པ་དང་། དེ་བཞིན་བརྗོད་བདེ་ཕྱིར་ཅན་ཡིག་གི་རྗེས་འཇུག་དོར་ཏེ་ཀི་རི་ཅི་ཞེས་དབྱངས་མཐུན་དུ་བརྗོད་པ་ཙམ་མོ། །
འོ་ན། གེ་རེ་ཅན་ཞེས་བྲིས་པ་ནི་ནོར་བ་ཡིན་ནམ་ཞེ་ན་ངེས་པ་མེད་དེ། གསལ་བྱེད་ཀྱི་སྡེ་པ་གཅིག་པའི་ཀ་དང་ག་ཁ་སོགས་ཕན་ཚུན་བརྗེས་སྲོལ་ཡོད་པས་སོ། །
ཁོ་བོས་འདིར་འཁོད་དོན་ནི། ཀེ་རེ་ཅན་ཞེས་པ་ནི་རྒྱ་སྐད་ཅིག་མིན་ལ། ལུང་སྐད་ཁོ་ན་ཞིག་ཀྱང་མ་ཡིན་པར་བོད་པའི་སྤྱི་སྐད་རྣལ་མ་ཞིག་ཡིན་པ་གསར་དུ་ཤེས་པའི་དགའ་བས་བརྟས་ཏེ་ཡི་གེ་པ་ཀུན་ལ་ལེགས་སྐྱེས་སུ་ཕུལ་བ་ལགས་པས། ད་ནི་ཀེ་རེ་ཅན་གྱི་མི་ཞེས་སྙིང་སྟོབས་ཆེན་པོས་འབྲི་བར་བྱེད་དོ། །
དེ་བཞིན་དུ་ཀེ་རེ་ཅན་ཞེས་པའི་མིང་དང་འབྲེལ་བའི་གཏམ་དཔེ་སྟེ། ཀེ་རི་ཅི་གི་མྱི། ས་ར་ལྕགས་ཀྱི་རྟ། ཀེ་རེ་ཅན་གྱི་མྱི། གཤོག་པ་ཅན་གྱི་རྟ། ཀེ་རེ་ཅན་གྱི་མྱི། ཞོལ་ཤེས་ཅན་གྱི་རྟ་ལ་སོགས་པའི་ཚིག་དང་བསྟན་དོན་སོགས་ལ་རིམ་གྱིས་དཔྱད་པར་བྱའོ། །
2024.10.23
①《ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་གི་གསུང་འབུམ》ལས།《ངག་འདོན་རྣམ་མཁྱེན་ལམ་བཟང་གི་ལྗགས་ཁྲིད་ཆོས་རྗེ་པདྨའི་ཞལ་ལུང》ཁྱབ་བདག་པདྨ་སྐལ་བཟང་གིས་གསུངས། མཁན་ཤེས་བྱ་ཀུན་གཟིགས་ཀྱིས་ཡི་གེར་ཕབ། 2018ལོའི་ཟླ1པོར་དཔར་ཐེངས་དང་པོ་བཏབ། ཤོག་གྲངས254ན་གསལ།
②《དུང་དཀར་ཚིག་མཛོད་ཆེན་མོ》དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 2002ལོའི་ཟླ4པར་དཔར་ཐེངས་དང་པོ་བཏབ། ཤོག་གྲངས93ན་གསལ།