དབུ་མ་ལ་འཇུག་པ་ཞེས་པའི་འཇུག་བྱའི་དབུ་མ་ལ་རོབ་ཙམ་དཔྱད་པ། རླབས།

文摘   2024-08-02 10:39   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台




དབུ་མ་ལ་འཇུག་པ་ཞེས་པའི་འཇུག་བྱའི་དབུ་མ་ལ་རོབ་ཙམ་དཔྱད་པ།


དྷཱི་ཚ།     རླབས།

 


ནང་དོན་གནད་བསྡུས། 

    རྩོམ་ཡིག་འདིར་དཔལ་ལྡན་ཟླ་བས་མཛད་པའི་བསྟན་བཅོས་དབུ་མ་ལ་འཇུག་པའི་འཇུག་བྱའི་གཞུང་དབུ་མ་ལ་རྩ་ཤེས་ཀྱིས་ཁྱབ་མིན་ཐད་ལ་དགོངས་པ་རབ་གསལ་གྱི་མགོ་མཇུག་གི་ཚིག་ཟིན་དང་། ཡིག་ཆའི་བཞེད་མཚམས་ཀྱང་མི་འདྲ་བ་རེ་ཡོད་པས་དེའི་ཕྱོགས་ལ་རང་གིས་གོ་བ་ལེན་ཕྱོགས་དང་བཅས་ལྟ་ཚུལ་མི་དམན་པ་བཏོན་ཡོད། 


བརྡ་ཆད་གཙོ་བོ།  དབུ་མ།  དབུ་མ་ལ་འཇུག་པ།  གཞུང་དབུ་མ།   རྩ་ཤེས། 


གླེང་གཞི།

    དེ་ཡང་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པས། བྱུང་རིམ་ཐུབ་རྗེས་བཞི་བརྒྱའི་དུས་ན་ཀླུས། ། ཐེག་ཆེན་སྤྱན་དྲངས་དབུ་མར་བཀྲལ་སྲོལ་ཕྱེ། ། ཞེས་གསུངས་པ་ལྟར་དབུ་མ་བའི་ཐོག་མའི་སྲོལ་འབྱེད་མཁན་ནི་སློབ་དཔོན་ཀླུ་སྒྲུབ་ཡིན་ལ། སློབ་དཔོན་འདི་ཉིད་སྟོན་པ་རང་ཉིད་ཀྱིས་ལུང་བསྟན་པ་དང་། སྐུ་ཚེ་ཚད་དང་། རྟོགས་པའི་ཡོན་ཏན་གྱི་ཁྱད་པར་སོགས་མང་དུ་གསུངས་ཡོད་མོད།  སྐབས་སུ་མ་བབ་པ་ལྟ་བུར་སྣང་བས་རེ་ཞིག་བཞག་ལ། སློབ་དཔོན་འདི་ཉིད་ཀྱིས་ཤེར་ཕྱོགས་ཀྱི་མདོའི་དགོངས་འགྲེལ་དུ་མཛད་པའི་བསྟན་བཅོས་ལ་རིགས་ཚོགས་དྲུག་ལ་སོགས་པ་མང་བོ་ཡོད་ཅིང་། དེའི་འགྲེལ་བ་ལྟ་བུ་ཡང་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་བུདྡྷ་པ་ལི་ཏ་དང་། ལེགས་ལྡན་གྱིས་མཛད་པའི་རྩ་ཤེས་ཚིག་འགྲེལ་ཤེས་རབ་སྒྲོན་མེ། དཔལ་ལྡན་ཟླ་བའི་འཇུག་པ་སོགས་མང་དུ་ཡོད་པ་ལས། འདིར་གླེང་བར་འདོད་པ་ནི་དབུ་མ་ལ་འཇུག་པ་དང་འབྲེལ་བའི་དོན་ཕྱོགས་ཙམ་པ་དེའོ། །


གཞུང་དངོས། ལུགས་སོ་སོར་བཤད་པ་དང་། རང་ལུགས་འཐད་ལྡན་དུ་སྒྲུབ་པའོ།།

    དང་བོ་ནི། ཀུན་མཁྱེན་ཆེན་པོས་འདིའི་འཇུག་བྱའི་དབུ་མ་དེ་དབུ་མ་དངོས་ལ་བྱེད་ན་མི་འདོད་པའི་ཐལ་བ་གཉིས་ཀྱིས་སུན་འབྱིན་ཡོད་ཅིང་། དབུ་མའི་བསྟན་བཅོས་ལ་བྱེད་དགོས་པར་དབུ་མའི་སྐད་དོད་ཐུན་མོང་མ་ཡིན་པ་དང་། ལེགས་ལྡན་གྱི་གཞུང་སོགས་ལ་བརྟེན་ནས་སྒྲུབ་ཡོད། རྗེ་བཙུན་གྱིས་ཀྱང་དེ་ལ་རྩ་ཤེས་ཀྱིས་ཁྱབ་པར་གསུངས་ཡོད། པན་ཆེན་བསོད་གྲགས་པས་ནི་དེ་ལ་རིགས་ཚོགས་གཞན་ཅིང་ཡོད་པར་གསུངས་པས་ཁོང་ནི་རྗེ་སྒོ་གཉིས་དང་བཞེད་པ་མི་མཐུན་པར་གནས་ཡོད། བྱམས་མེ་དཔོན་བླའི་དབུ་མར། དབུ་མའི་གཞུང་དང་། ལམ་འབྲས་ཇི་ལྟར་བཞེད་མིན་མི་གསལ་ཡང་། དབུ་མ་དངོས་ལ་ཁོ་རང་ཡུལ་དུ་བྱེད་པའི་བློ་ལ་མཐའ་གཉིས་རྣམ་བཅད་ལ་ཁེགས་པ་ཞིག་དགོས་ཞེས་གསུངས་ཡོད། གུང་ཐང་བློ་གྲོས་རྒྱ་མཚོས། སྤྱིར་དབུ་མ་དངོས་ལ་སྟོང་ཉིད་དགོས་ཀྱང་། གཞུང་ལམ་འབྲས་གསུམ་གྱི་དབུ་མ་ལ་སྒྲས་བརྗོད་རིགས་ཞེས་སྦྱར་ཡོད། རྗེ་ཞྭ་དམར་པཎྜི་ཏས། ཆོས་དེའི་སྒྲ་འཇུག་གཞི་ཡིན་པ་ལ་ཆོས་དེ་ཡིན་དགོས་པར་སྟོང་ཐུན་དང་། རྩ་ཤེས་ཊཱིཀྐ་ཆེན་གཉིས་ཀྱིས་སྒྲུབ་ཅིང་། ཡིག་ཆར་དབུ་མ་ཞེས་པའི་ཐ་སྙད་གཞུང་དང་། གྲུབ་མཐའ་སོགས་ལ་འཇུག་པར་བཤད་པས། དེ་ལྟ་ན་དབུ་མའི་བསྟན་བཅོས་དེ་དབུ་མ་ཞེས་པའི་སྒྲ་དང་། རྟོག་པ། ཚད་མ་གསུམ་གྱི་འཇུག་ཡུལ་དུ་ཐལ་བས་བསྟན་བཅོས་དེ་ཡང་དབུ་མར་ཐལ་ལོ་ཞེས་ཐལ་བ་བཞིིས་མི་འཐད་པར་སྒྲུབ་ཡོད། གཞན་ད་དུང་ཁོང་གིས། ཆོས་དེར་ཐ་སྙད་དེ་བཏགས་མིང་དུ་འཇུག་པ་ཙམ་ལ་ཐ་སྙད་དེའི་འཇུག་གཞིར་ཁས་བླངས་ན། ཤེས་བྱ་ཐམས་ཅད་བུམ་པ་ཞེས་པའི་སྒྲའི་འཇུག་གཞིར་ཐལ་བར་གསུངས་པ་སོགས་ཚིག་ཟིན་ལ་བཞེད་པ་མི་མཐུན་པ་ལྟ་བུར་ཆག་ཡོད། 


གཉིས་པ། རང་ལུགས་འཐད་ལྡན་དུ་སྒྲུབ་པ། 

    དབུ་མ་ལ་འཇུག་པ་ཞེས་པའི་འཇུག་བྱའི་གཞུང་དབུ་མ་དང་། བཀྲལ་བྱའི་གཞུང་དབུ་མ་གཉིས་ལ་ཁྱད་ཆེ་བས་སྔ་མ་ལ་རྩ་ཤེས་དང་། ཕྱི་མ་ལ་རིགས་ཚོགས་དྲུག་ལ་སོགས་པ་ཡོད་པར་ཁས་བླངས་ན་འཐད་པར་སེམས་ཏེ། དེ་ཡང་འཇུག་བྱའི་དབུ་མ་ཞེས་བརྗོད་པའི་སྐབས་སུ་བྱ་བྱེད་ཀྱི་ཆ་ནས་གཙོ་བོར་འཇོག་སྟེ་འཇུག་པ་རྩ་ཤེས་ལ་འཇུག་བྱེད་ཡིན་པས་བྱེད་པ་པོ་དང་། རྩ་ཤེས་ནི་དེ་ལ་ལྟོས་ཏེ་ལས་ལྟ་བུར་གནས་པས་འཇུག་བྱའི་གཞུང་ཞེས་བརྗོད་པ་ཡིན་ལ།  བཀྲལ་བྱའི་གཞུང་ཞེས་པའི་སྐབས་སུ་རྩ་འགྲེལ་ལྟ་བུར་སྟོན་པ་ཙམ་ལས་བྱ་བྱེད་སོགས་ལ་མི་སྦྱོར་བས་སྐྱོན་མེད་ཅེས་ཁས་བླངས་ན་གནོད་བྱེད་མེད་དམ་སྙམ་སྟེ། དཔེར་ན་སྒྲ་མི་རྟག་ཅེས་བརྗོད་པའི་སྒྲའི་འཇུག་བྱ་ཡིན་ན། དེའི་འཇུག་ཡུལ་ཡིན་པས་མ་ཁྱབ་སྟེ། སྒྲའི་དོན་སྤྱི་ལྟ་བུ་འཇུག་བྱ་ཡིན་ཀྱང་འཇུག་ཡུལ་མ་ཡིན་ཏེ། འཛིན་སྟངས་ཀྱི་ཡུལ་མ་ཡིན་པའི་ཕྱིར་དང་། དེ་དང་འཇུག་ཚུལ་མཚུངས་པའི་རྟོག་པ་ལ་བསམ་ན་ཡང་ཁྱབ་པ་མེད་པ་ངེས་སླའོ། ། གཞན་ཡང་། འགྲེལ་བཤད་ལས། བསྟན་བཅོས་འདིའི་འཇུག་བྱའི་དབུ་མ་ཡོད་དེ། རྩ་བ་ཤེས་རབ་ལ་སོགས་པའི་དབུ་མའི་བསྟན་བཅོས་རྣམས་འདིའི་འཇུག་བྱའི་དབུ་མ་ཡིན་པའི་ཕྱིར། ཞེས་པ་དང་། འཇུག་པ་ལས། དབུ་མའི་བསྟན་བཅོས་ལས་བཏུས་ཏེ། ། ཞེས་པའི་དགོངས་པ་འགྲེལ་བར་རྣམ་བཤད་ལས། དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་སོགས་ལས། ཞེས་སོགས་སྒྲ་སྦྱར་བའི་རྒྱུ་མཚན་གྱིས་དེ་ལ་རྩ་ཤེས་ཀྱིས་མ་ངེས་སོ་ཞེས་སྨྲ་བར་བྱེད་པ་ཡང་གོང་གི་བཤད་པའི་ཁྱད་དེ་མ་ཕྱེ་བས་ནོངས་སོ་སྙམ་དུ་ཁོ་བོས་སེམས་སོ། ། གཞན་དབུ་མ་དངོས་ལ་སྟོང་ཉིད་དགོས་པར་བཤད་པ་དང་། གཞུང་ལམ་འབྲས་བུའི་དབུ་མ་གསུམ་སྒྲས་བརྗོད་ཀྱིས་ཕྱེས་པ་ཡང་། ཡུལ་ཁོ་ནས་དབང་དུ་བྱས་པ་དང་། ཡུལ་ཅན་ཁོ་ནས་དབང་དུ་བྱས་པ་སོགས་དུ་མ་ཡོད་པས་དེ་ལྟར་གསུངས་པ་ཡིན་གྱི། ལམ་འབྲས་ཀྱི་དབུ་མ་ལ་དབུ་མ་མ་ཡིན་པས་ཁྱབ་པར་གསུངས་པ་མ་ཡིན་ཏེ། བར་ཆད་མེད་ལམ་དང་། རྣམ་མཁྱེན་ལྟ་བུ་ལམ་འབྲས་ཀྱི་དབུ་མར་མི་འཇོག་ན། དེའི་མཚན་གཞི་མི་རྙེད་པར་འགྱུར་ལ། དེ་ལྟ་ན་ལམ་འབྲས་ཀྱི་ཤེར་ཕྱིན་ཅིང་མེད་པར་འགྱུར་ཏེ། རྒྱུ་མཚན་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་རོ། ། 


སྡོམ་ཚིག 

     དེ་ཡང་དཔལ་ལྡན་ཟླ་བ་ནི་གཞུང་ལུགས་སྤྱི་དང་ཁྱད་པར་ཟབ་མོ་དབུ་མའི་གཞུང་ལ་མཁྱེན་རབ་མཐར་སོན་པ་ཞིག་ཡིན་སྟབས་བསྟན་བཅོས་ཀྱི་ཚིག་གཅིག་ཀྱང་རིགས་པ་བརྒྱ་ཕྲག་གིས་གཏན་འབེབ་གནང་ཡོད་ལ། ཁྱད་པར་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་ལ་ཐུགས་གཙུགས་ཆེ་བར་མཛད་ནས་ཐུགས་གཉེར་གནང་ཞིང་། རིགས་ཚོགས་དྲུག་ལས་ཀྱང་རྩ་ཤེས་ཀྱིས་ཟབ་པའི་ཕྱོགས་དངོས་བསྟན་བསྟན་བྱའི་གཙོར་བོར་བྱས་ནས་བསྟན་པའི་རྒྱུ་མཚན་གྱིས་དཔལ་ལྡན་ཟླ་བས་རིགས་ཚོགས་དྲུག་ལུང་འདྲེན་མཛད་སྐབས་རྩ་ཤེས་ལ་དབུ་མ་ཞེས་དང་། གཞན་ལ་དེ་ལྟར་མ་མཛད་པ་ནི་གཙོ་ཕལ་གྱིས་བཞག་པ་ཡིན་ཞེས་བཤད་ན་ལུང་རིགས་ཀྱི་གནོད་བྱེད་ཅི་ཡང་མེད་པར་སེམས་སོ། །


ཟུར་ལྟའི་ཡིག་ཆ། 

ཀུན་མཁྱེན་གྲུབ་མཐའ་ཆེན་མོ།  པོད་བཅོ་ལྔ་བ།   སྒོ་མང་དཔེ་མཛོད་ཁང་། 

རྩ་ཤེའི་ཊཱིཀ་ཆེན། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། 

ཆོས་སྣ་ཚོགས་ཀྱི་ཁུངས་བརྗོད་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 

ཀུན་མཁྱེན་དབུ་མ་ཆེན་མོ།  པོད་དགུ་པ། སྒོ་མང་དཔེ་མཛོད་ཁང་། 

དབུ་མ་འཇུག་པའི་མཐའ་དཔྱོད་མཁས་པའི་ཡིད་འཕྲོག   པོད་བཅུ་གཅིག་པ།   རོང་བོ་དགོན་ཆེན་སློབ་གཉེར་འཛིན་སྐྱོང་ཚོགས་པས་འགྲེམ་སྤེལ་བྱས། 

གུང་ཐང་བློ་གྲོས་ཀྱི་དབུ་མ།  པོད་ལྔ་པ།   གངས་ཅན་དཔེ་རྙིང་རྩོམ་སྒྲིག་ལྷན་ཚོགས་ཀྱིས་འགྲེམ་སྤེལ་བྱས། 

བྱམས་མེ་དཔོན་བླའི་དབུ་མ། མཚོ་སྔོན་ནང་རིག་སྒྱུ་རྩལ་ཞབས་ཞུ་ཁང་ནས་པར་དུ་བསྐྲུན། ཞྭ་དམར་པཎྜི་ཏའི་དབུ་མ།  པོད་བདུན་པ།  མི་རིགས་དཔེ་སྐྲུན་ཁང་།


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

 

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章