རྗེ་ཞྭ་དམར་པཎྜི་ཏའི་རྣམ་ཐར་ལ་མཇལ་བའི་མྱོང་བ་མདོ་ཙམ་གླེང་བ། རླབས།

文摘   2024-08-07 09:23   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台





རྗེ་ཞྭ་དམར་པཎྜི་ཏའི་རྣམ་ཐར་ལ་མཇལ་བའི་མྱོང་ཚོར་མདོ་ཙམ་གླེང་བ།


རླབས།   དྷཱི་ཚ།  


      བཀའ་གདམས་པའི་སྐྱེས་བུ་ཆེན་པོ་རྗེ་བཙུན་ཞྭ་དམར་བ་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་ནི་ཞྭ་དམར་ངག་དབང་འཕྲིན་ལས་ཀྱི་སྐུ་ཕྲེང་བཞི་བ་ཡིན་ལ། དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་གླིང་འདི་ཉིད་ཕྱག་འདེབས་པ་པོ་ཡང་ཡིན། ཁོང་གི་རྣམ་ཐར་ལ་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་མཛད་པའི་རྣམ་ཐར་ནོར་བུའི་ཕྲེང་བ་དང་། ཐུགས་སྲས་གྲགས་པ་རྒྱ་མཚོས་མཛད་པའི་དད་ལྡན་མགྲིན་པའི་མཛེས་རྒྱན། ཁ་སྒང་སྤྲེལ་ནག་པ་འཕྲིན་ལས་རྒྱ་མཚོས་མཛད་པའི་ཉ་རྒྱས་ཟླ་ཕྲེང་གསུམ་ལ་རྣམ་ཐར་ཆེན་མོ་གསུམ་ཞེས་གྲགས་ལ། དགེ་བའི་བཤེས་གཉེན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་གདན་རབས་སུ་ཡང་ཁོང་གི་རྣམ་ཐར་ཞིག་འདུག་ལ་དེ་ནི་གོང་གི་རྣམ་ཐར་དེ་དག་བསྡུས་པའི་རྣམ་པར་ཡོད་པ་ཞིག་རེད། རྣམ་ཐར་དང་བོ་དེ་ནི་རྩོམ་འཕྲོར་ལུས་པས་ཆ་ཚང་བ་ཞིག་མ་ཡིན་མོད། གོང་ས་མཆོག་གིས་བསྙེལ་བྱང་ཤོག་དྲིལ་རྣམས་དང་། དངོས་སློབ་དྲུང་ཡིག་པ་ནས་བཀོད་པའི་རྣམ་ཐར་རགས་བསྡུས་རྣམས་གཞིར་བྱས་ཤིང་།  སྐུ་འབུམ་དུ་བཀའ་ཆོས་གསན་བཞེས་གནང་སྐབས་ཀྱི་བྱུང་བ་འགའི་ཟུར་བརྒྱན་ཏེ་རྩ་བའི་ས་བཅད་གསུམ་གྱི་སྟེང་ནས་བྲིས་གནང་ཡོད་པ་ཞིག་ཡིན་ལ། རྣམ་ཐར་གཞན་གཉིས་དང་ཚིག་ཟིན་མི་མཐུན་པ་ཡང་འགའ་རེ་འདུག་གོ །

     གཉིས་པ་ནི།  རྗེ་ཞྭ་དམར་བ་དང་བླ་ཁོ་རྡོ་རྗེ་འཆང་སོགས་ཀྱི་བཀས་བསྐུལ་ཏེ། ཐུགས་སྲས་དེ་ཉིད་ཀྱིས་མཛད་ཅིང་། ཁོང་ནི་བགྲང་བྱ་ཉེར་གསུམ་གྱི་ཡུན་ལ་རྗེ་ཞྭ་དམར་བའི་ཕྱག་ཕྱིར་འབྲང་ཞིང་། ནང་ཐུགས་ཀྱི་སྲས་གཅིག་ཏུ་གྱུར་བ་ཞིག་ཡིན་སྟབས་རྣམ་ཐར་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་མང་བོ་འདུག་ལ།  དངོས་ཡོད་བྱུང་བ་རྣམས་གཞིར་བྱས་ནས་བརྩམས་པ་ཞིག་ཡིན་པས་ཁོང་ཡབ་སྲས་ཀྱི་མཛད་པ་ཐུན་མོང་མ་ཡིན་པ་དག་ལ་མཇལ་བྱེད་ཀྱི་བསྟན་བཅོས་ཕུལ་དུ་བྱུང་བ་ཞིག་ཡིན་པར་ཁོ་བོས་སེམས་སོ། ། བར་སྐབས་ཀྱི་ཚིག་བཅད་རྣམས་ཀྱང་སྙན་ཞིང་འཇེབས་པའི་ལེགས་བཤད་ཤ་སྟག་ཏུ་འདུག་སྟེ།  དཔེར་ན། སྐུ་ཕྲེང་དང་བོའི་ཆེ་བ་བརྗོད་སྐབས། དབུས་ལྗོངས་ཐུབ་བསྟན་ཀཻ་ལ་ཤ་རིའི་སྤོར། །མདོ་རྒྱུད་གཞུང་མང་གཡུ་རལ་ཁུར་གྱིས་བརྗིད། ། རྣོ་ངར་རིགས་པའི་མི་བཟད་མཆེ་སྡེར་ཅན། ། རྒོལ་ངན་རི་སྐྱེས་ཟིལ་གཞོན་ང༵ག་གི་དབ༵ང་། །འཕྲི༵༵ན་ལ༵ས་མཚན་ཅན་སྨྲ་བའི་སེང་ཆེན་འགྱིང་། །  གང་དེའི་ལུང་རིགས་འཕྲོག་བྱེད་ང་རོ་ཡིས། ། ལོག་སྨྲ་བྱེ་བའི་སྤོབས་པ་དུས་གཅིག་ཏུ། །བཅོམ་པའི་ངོ་མཚར་གྲགས་སྙན་གངས་ལྗོངས་འདིར། །ད་དུང་ཉམས་མེད་འབྲུག་གི་སྐད་དུ་ལྡིར། ། ཞེས་དང་། རྣམ་ཐར་གྱི་ས་བཅད་དྲུག་པའི་སྐབས་སུ། ཐུགས་བསྐྱེད་རྟ་བདུན་ཤིང་རྟས་ཉེར་དྲངས་པའི། ། གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་དབྱིག ། གདུལ་བྱ་གླིང་བཞིའི་མཁའ་ལ་འཕོས་པ་ལས། ། ཕན་བདེའི་དུས་སྟོན་དར་བ་དངོས་པོའི་གཤིས། ། ཞེས་དང་།  ས་བཅད་བརྒྱད་པའི་སྐབས། ཟོལ་བྲལ་སྙིང་རྗེ་བཅུ་དྲུག་ཆ་རྫོགས་པའི། ། སྨྲ་བའི་ཟླ་བ་བདག་ཉིད་ཆེ་རྣམས་ཀྱི། ། གཞན་ཕན་བདུད་རྩིའི་ཟེར་ཕྲེང་མཁའ་ཁྱབ་ཏུ། ། རྒྱུན་ཆད་མེད་པར་སྤྲོ་བ་སུ་ཡིས་འགོག ། ཅེས་པ་ལྟ་བུས་མཚོན་ཤིན་ཏུ་མང་ངོ་། ། 

གསུམ་པ་ནི། རྗེ་ཞྭ་དམར་བ་ཁོང་སྐུ་འདས་ནས་བགྲང་བྱ་བདུན་སོང་བའི་མཚམས་སུ་བཤེས་གཉེན་ཆེན་པོ་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བས་རྗེ་ཞྭ་དམར་བའི་རྣམ་ཐར་གསོལ་འདེབས་ཤིག་བརྩམས་ནས་དེ་ལ་འགྲེལ་བའི་ཚུལ་དུ་སྤྲེལ་ནག་པར་རྩོམ་སྐུལ་གནང་བ་ལྟར་བྲིས་པ་ཞིག་ཡིན་འདུག་ལ། དགེ་བཤེས་འདི་བས་རྗེ་ཞྭ་དམར་བ་ཁོང་གི་ཐོ་ཙམ་ཞིག་བཀོད་པ་གཞིར་བྱས་ནས་བརྩམས་ཤིང་། མདོར་བསྟན་པ་དང་། རྒྱས་པར་བཤད་པ།  བསྔོ་སྨོན་གྱིས་མཚམས་སྦྱོར་མཛད་བྱང་དང་བཅས་ཏེ་ས་བཅད་གསུམ་གྱི་སྟེང་ནས་བཀྲལ་ཡོད་པ་ཞིག་རེད།   རྣམ་ཐར་འདི་གསུམ་གྱི་ནང་དུ་རྗེ་ཞྭ་དམར་བ་རབ་ཏུ་མ་བྱུང་སྔོན་གྱི་མཚན་མི་གསལ་ལ།  འདི་ནི་དད་པའི་འཇུག་ངོགས་སུ་རྗེ་བཙུན་ཙོང་ཁ་བ་དགེ་བསྙེན་མ་སྒྲུབ་སྔོན་གྱི་མཚན་མི་གསལ་བ་དང་ཆ་འདྲ་བས་དཔྱད་གཞིར་བཀོད་དོ། །


      དེ་ཡང་རྗེ་ཞྭ་དམར་པཎྜི་ཏ་ཁོང་ནི་གངས་ཅན་མཁས་གྲུབ་ཡོངས་ཀྱི་ཁྲོད་ན་གུར་དཀར་པོའི་ཏོག་ལྟར་མངོན་པར་མཐོ་བའི་སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་ཕ་རོལ་དུ་སོན་པའི་སྐྱེས་མཆོག་ཟླ་མེད་ཅིག་ཡིན་པའི་ཚུལ་ནི་རྣམ་ཐར་སོ་སོའི་སྐབས་ན་གསལ་བས་ཞུ་མི་དགོས་དོན་མེད་ལ།  འདིར་ཁོང་གི་རྣམ་ཐར་ཆེན་མོ་གསུམ་ལ་མཇལ་སྐབས་ཀྱི་རང་གི་མྱོང་ཚོར་མདོ་ཙམ་གླེང་བར་འདོད་པ་དེའོ། །དེ་ཡང་ལོ་སྔོན་མ་ཞིག་ལ་ཕ་ཡུལ་མགོ་ལོག་ནས་ཡིན་པའི་ཇོ་ནང་བའི་གྲྭ་བ་ཞིག་གིས་ང་ལ་འདི་ལྟར་དྲིས་བྱུང་། ཞྭ་དམར་པནྜི་ཏ་ནི་ང་ཚོས་ཇོ་ནང་ཏཱ་ར་ནཱ་ཐའི་སྤྲུལ་སྐུ་ཡིན་ཟེར། ཁྱེད་ལ་དེའི་ཕྱོགས་ཀྱི་ཡིག་ཆ་ཁུངས་ལྡན་འདྲ་མཁོ་སྤྲོད་བྱེད་རྒྱུ་ཨེ་ཡོད་ཅེས་གསུངས་བྱུང་། སྐབས་དེར་ང་ལ་ཞུ་རྒྱུ་ཅི་ཡང་མ་ཡོད་མོད། རྗེས་སུ་རྣམ་ཐར་ཁག་ལ་མཇལ་བས་དེ་ལྟར་གསུངས་འདུག་པ་མཐོང་ལ། གཞན་སྤྱན་རས་གཟིགས་དང་། སློབ་དཔོན་དབྱིག་གཉེན་དང་། སྟོན་པའི་འཁོར་དུ་དགེ་སློང་ཆོས་ཀྱི་བློ་གྲོས། གནས་བརྟན་བཅུ་དྲུག་གི་རྗེས་འབྲངས་པ་དགེ་བསྙེན་དྷརྨ་ཏཱ་ལ། སྤྱན་སྔ་བ་གྲགས་པ་བྱང་ཆུབ་སོགས་ཀྱི་སྤྲུལ་བར་བསྟན་པ་ཤིན་ཏུ་མང་མོད་འདིར་མ་བཀོད་དེ།  སྤྱིར་སོ་སོའི་བླ་མ་དེ་ལ་རྒྱུ་མཚན་ཡོད་མེད་ཅི་རིགས་ཀྱིས་ག་གེ་མོ་ཞིག་གི་སྤྲུལ་བ་ཡིན་ཞེས་གླེང་རྒྱུར་དགའ་བ་ནི་བོད་མི་བྱིང་ལ་མངའ་བའི་དད་པའམ་གཤིས་སྤྱོད་ཅིག་ཏུ་སེམས་ལ། དེ་ཡང་གལ་ཆེ་མོད། སྤྲུལ་བ་ཡིན་མིན་ཙམ་གྱིས་འབྱེད་ན་ཤིན་ཏུ་དཀའ་སྟེ། བདུད་ཀྱི་སྤྲུལ་བ་ལ་དགེ་སློང་གི་རྣམ་པ་ཅན་ཡོད་པར་གསུངས་ལ།  སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་བོ་ལྟ་བུ་ཞིག་ཏུ་སྐྱེས་ཀྱང་སླར་འཁོར་བར་འཁོར་ཚུལ་མང་དུ་གསུངས་པ་སོགས་ལ་དཔག་ན་སྐྱེ་བ་སྔོན་མའི་མིང་ཙམ་གྱིས་ཕྱི་མ་དེ་ཉིད་མཆོག་ཏུ་སྒྲུབ་མི་ནུས་སོ། ། དེས་ན་དམ་པ་ཡིན་མིན་ནི་ཕལ་ཆེ་བ་མཛད་སྤྱོད་དང་། དེ་ལས་ཀྱང་གསུང་གི་མཛད་པ་ནི་མཛད་པའི་མཆོག་ཏུ་གསུངས་པ་ལྟར་འདིའི་སྒོ་ནས་མཆོག་ཏུ་ལྟ་བ་ནི་གཏན་ཚིགས་དང་བཅས་པའི་རྣམ་ཐར་ལ་མཇལ་ཚུལ་ཞིག་ཀྱང་ཡིན་ནོ། ། 

    དེ་ཡང་རྗེ་ཞྭ་དམར་བའི་རྣམ་ཐར་ནི་བྱ་ཉུང་དོན་ཉུང་དང་། འདོད་ཆུང་ཆོག་ཤེས་ཀྱི་རྨང་གཞིའི་སྟེང་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་བྱེད་པ་དང་།  བསགས་སྦྱོང་གི་ལས་ལ་ཆེས་ཆེར་འབད་པ་འདི་ཁོ་ནའི་ནང་དུ་འདུས་པ་ལྟ་བུ་ཞིག་རེད་ལ། འདི་ནི་འཇམ་མགོན་བླ་མ་ཡབ་སྲས་ཀྱི་རང་ལུགས་ཕྱིན་ཅི་མ་ལོག་པ་དེ་དང་ཡང་ཡོངས་སུ་མཐུན་པ་ཞིག་ཡིན་ནོ། ། ཁོང་དགུང་གྲངས་བཅུ་བཞི་ཙམ་ནས་ཉིན་རྒྱུན་ལམ་རིམ་ཆེན་མོའི་ཤོག་བུ་ལྔ་དྲུག་རེ་ཆག་མེད་དང་། དགུང་ལོ་བཅོ་བརྒྱད་སྟེང་རི་ཁྲོད་སྐྱབས་འཇུག་ཞུས་པ་ནས་མཎྜལ་དང་། མཆོད་ཕྱག་སོགས་ཀྱི་ལས་ལ་ཆེས་ཆེར་འབད་ཅིང་།  གཞུང་ཆེན་ཐུགས་འཛིན་དང་སྐྱོར་སྦྱངས། ལམ་རིམ་སོགས་བཀའ་ཁྲིད་སྤེལ་བ་བཅས་ཞར་ལ་མ་ཎི་དུང་ཕྱིར་གཉིས་དང་བྱེ་ཆེན་དྲུག་གྲུབ་ཟིན་པ་བཅས་པའི་མཛད་སྤྱོད་ཐུན་ཐོང་མ་ཡིན་པ་འདི་དག་དགུང་ལོ་རེ་གཅིག་བར་དུ་ཆག་མེད་མཛད་པར་དཔག་ན། ཁོང་གི་ཐུགས་ལ་འཇམ་མགོན་བླ་མ་ཡབ་སྲས་ཀྱི་ལྟ་བ་འཁྲུལ་མེད་དུ་མངའ་བར་སོམ་ཉི་མི་དགོས་ཏེ། ལྟ་བ་དེ་ཉིད་འགྲུབ་བྱེད་ཀྱི་ཐོས་བསམ་སྒོམ་པ་སོགས་རྒྱུ་ཚོགས་གྲངས་ཚང་སྔོན་དུ་སོང་བའི་ཕྱིར་རོ། །

      ཁོང་ནི་ཤེས་བྱ་ཉི་ཚེ་བ་ཙམ་གྱིས་ཐུགས་ཡིད་ཚིམ་ནས་བཞུགས་པ་དང་། རང་གིས་མི་ཤེས་པ་ཙམ་རྒྱུ་མཚན་དུ་བྱས་ནས་བསླབ་བྱའི་གནས་གཞན་ལ་སྨོད་པར་བྱེད་ཅིང་། ཁྱད་པར་སྙན་ངག་ལ་དུག་ཏུ་ལྟ་ཞིང་དེར་སྦྱངས་པ་སོགས་ལ་དགོས་པ་མེད་དོ་ཞེས་ཤེས་ལྡན་པ་མང་བོ་རྨོངས་པར་བྱེད་མཁན་གྱི་སྙིང་ཁམས་ཅན་དེ་མ་ཡིན་པར།  དེ་དག་ལ་ཡང་སྦྱངས་པ་མཐར་ཕྱིན་མཛད་པའི་ཚུལ་ནི་འདི་ལྟར་ཏེ།  བཤེས་གཉེན་ཐུབ་བསྟན་ཞུ་བའི་དྲུང་ནས་མེ་ལོང་མ་དང་། རྒྱལ་དབང་ལྔ་བའི་དབྱངས་ཅན་དགྱེས་གླུ་སོགས་སྦྲགས་ནས་ལུང་ཁྲིད་ཞིབ་རྒྱས་གསན་ཅིང་། ཁོང་གིས་རྩོམ་རྒྱུག་ཕུལ་བ་ན་བསྔགས་བརྗོད་མང་བོ་གནང་ཞིང་། ཁྱད་པར་མཉམ་ཉིད་ཀྱི་དཔེར་བརྗོད་དུ། སྨྲ་བའི་ལྷ་གཅིག་མཚོ་བྱུང་སྒེག་པ་མོ། །མཛེས་ལྡན་སྨིན་ལེགས་གཞོན་ནུའི་ངོ་མཚར་བཞིན། ། འདོད་པའི་དཔལ་སྟེར་ན་ཚོད་གཞོན་ལུས་ཅན། ། གཞན་ལ་ཟུར་མིག་རོལ་བས་འཁྱུད་པས་སོ། ། ཞེས་པ་འདི་གཟིགས་ནས་ཆེས་ཆེར་ཡ་མཚན་དུ་འཛིན་ཅིང་ཁོང་སྙན་ངག་པའི་ཕ་རོལ་དུ་ཕྱིན་འདུག་འདི་ལྟ་བུ་ངས་ཀྱང་རྩོམ་མི་ཐུབ་ཅེས་བསྔགས་བརྗོད་གནང་མྱོང་ལ།  ཚུལ་དེ་ཡང་གཅམ་བུའི་ཚིག་གིས་གཞན་མགུ་བ་ཙམ་ལྷུར་ལེན་པའི་ཆེད་མ་ཡིན་པར་སྐུ་ཡོན་ཇི་བཞིན་བརྗོད་པའི་རང་བཞིན་གྱི་རྒྱན་ལྟ་བུ་ཞིག་ཡིན་ཏེ། ཞིབ་པར་ནི་ཁོང་གིས་མཛད་པའི་བསྟན་བཅོས་བདུད་རྩིའི་མཆོད་ཡོན་སོགས་ལ་མཇལ་ན་ཤེས་ཐུབ།  ལམ་རིམ་རྣམ་གྲོལ་ལག་བཅངས་སུ། གླིང་ཡོངས་འཛིན་རིན་པོ་ཆེ་བྱ་བྲལ་འཁོས་མེད་ཀྱི་རྣམ་པས་ཕེབས་སྐབས་ལམ་ཞིག་ཏུ། ཞང་པོ་ཞིག་ཚོང་ལ་འགྲོ་བ་དང་ཕྲད་པར་ཕར་གསུང་མོལ་མཛད་ཀྱང་ངོ་མི་ཤེས་པའི་ཚུལ་བཤད། རྗེས་སུ་རྒྱལ་བའི་ཡོངས་འཛིན་མཛད་སྐུ་བསོད་རྒྱས་དུས་སྐུ་མདུན་དུ་འོངས་ནས་ཡིན་སྐད་ཞེས་པ་རེད། ཅེས་གསུངས་པ་ལྟར་སོ་སྐྱེ་ཕལ་ཆེར་ནི་ཐོབ་དང་གོ་སའི་འདུ་བྱེད་ལ་ཞེན་པ་ལས་ཆོས་པ་རྣམ་དག་ཞིག་གི་བརྟུལ་ཞུགས་ནི་ཕལ་ཆེར་གྱིས་དང་ལེན་བྱེད་མི་སྲིད་ལ། དེར་མ་ཟད་ད་དུང་འཕྱ་སྨོད་དང་། སྐུར་འདེབས་སོགས་ཀྱང་ཚད་མེད་བྱེད་དེ། རྒྱལ་བ་ཚངས་དབྱངས་པར་གཞན་གྱིས་རྐུས་བཙུགས་པ་ལྟ་བུ་ཡིན་ནོ། ། དེའི་ཕྱིར་ཡབ་རྗེ་བླ་མ་ཞྭ་དམར་བ་ཁོང་ཡང་སྐུ་ན་གཞོན་སྐབས་བླ་ཆེན་གཞན་པ་ལྟར་ལོངས་སྤྱོད་ཆེན་པོ་ཅན་ཞིག་མ་ཡིན་ཏེ། ཁོང་སྐུ་གོང་མས་ཡོ་བྱད་ཕལ་ཆེར་སྤོང་དག་མཛད་པ་ཞིག་ཡིན་ནོ། ། དེ་བས་ཟས་གོས་ཡང་སྲོག་འཚོ་ཙམ་ལ་བརྟེན་ནས་བཞུགས་པའི་ཚུལ་ནི། ཁོང་གིས་མཛད་པའི་བསྐལ་བཟང་ལྷ་ཁང་གི་དཀར་ཆག་ལས། “ཕྲན་གཞོན་དུས་སྤྲུལ་སྐུ་གཞན་མ་ལྟར་སྐུ་གོང་མའི་ཕྱག་རྫས་ཀྱི་ལྷག་ལུས་ཡོད་པ་ཞིག་མིན་པ་དང་། འཁྲིས་སུ་སྡོད་པའི་མི་གོ་ཆོད་མེད་སྟབས་ལོངས་སྤྱོད་ཀྱིས་ཤིན་ཏུ་དབུལ་བས་ཇི་སྐད་དུ། འདི་ན་འཇིག་རྟེན་པ་རྣམས་ཀྱིས། ། བརྙས་བྱའི་གནས་དེ་སུ་ཞིག་ཡིན། ། གང་ཞིག་ནོར་དང་བྲལ་བ་ཡི། །དབང་ཐང་ཆུང་ངུར་གནས་པའོ། ། ཞེས་པ་ལྟར་གང་དུ་ཕྱིན་ཅིང་བླ་གྲྭ་འཕྱོར་ཆས་ཅན་རྣམས་ཀྱིས་འཕྱ་སྨོད་ཀྱི་གནས་སུ་བྱེད་པ་ཞིག་ཡིན་ཡང་། ཞེས་གསུངས་པ་འདི་ལ་དཔག་ན་སྐབས་དེ་ཙམ་ན་ཡང་། ཆོས་པ་ལོངས་སྤྱོད་ཀྱིས་དབུལ་བ་རྣམས་ལ་བརྩི་མཐོང་མེད་པ་ཤེས་ཐུབ་ལ། དེ་ཡང་སོ་སྐྱེ་ཕལ་ཆེ་བས་ནི་དམ་པ་མ་ཡིན་པའི་ཕྱོགས་འཛིན་པར་བྱེད་ཅིང་། དེ་ལ་བརྟེན་ནས་ངན་སོང་དུ་འགྲོ་བར་རིན་ཆེན་ཕྲེང་བར་གསུངས་པ་ལྟར་རོ། །    

      འོན་ཀྱང་ཁོང་གིས་ཆོས་པ་དང་སྤྲུལ་སྐུ་དབང་འབྱོར་ཞན་པ་རྣམས་ལ་སེམས་ཤུགས་དང་། ལམ་སྟོན་འདི་ལྟར་གནང་ཡོད་དེ། དད་ལྡན་མགྲིན་པའི་མཛེས་རྒྱན་ཞེས་བྱ་བ་ལས། “བླ་སྤྲུལ་ཆུང་ངུ་ཚོར་བདག་པོ་བཟང་པོ་ཞིག་མེད་ན་ལད་འགྲོ་ཟེར་ཡང་སྔོན་གྱི་ལས་སྨོན་ཞིག་ཡོད་ན་དྲག ང་རང་ཆུང་དུས་བདེ་ཆེན་དུ་སོང་སྟེ་ལོ་གཅིག་ཙམ་གྱི་འཕྲོར་དགེ་རྒན་ཨ་ཁུ་གཉིས་མ་འཆམས་པར་གཉིས་ཀ་བུད་སོང་། ཕུ་བོ་མཆོག་གྲུབ་དང་ངེད་གཉིས་བསྡད་པ་ཡིན། ཁོ་གཞན་དུ་སོང་སྟེ་མ་ཡོང་དུས་གུང་ཚིགས་སྐབས་ཇ་འཁྱག་རེའི་ནང་དུ་རྩམ་པ་ཟོས་ནས་བསྡད་དུས་མང་།  ཚོགས་གླེང་ལྟ་བུའི་སྐབས་སུ་ཡང་སྐུ་ཕྱོགས་སྒོ་མང་ཚང་གི་ན་བཟའ་རེ་གཡར་བོ་བྱས་པ་ལས་རང་ལ་གོན་པ་བཟང་བོའང་མེད། གཅིག་པུར་བསྡད་ན་སུན་སྣང་སྐྱེ་སྐབས་རྗེ་གོང་མའི་ཕྱག་དཔེ་མང་བས་དཔེ་ཀློག་རེ་བྱས་ན་སུན་རྒྱུ་མེད། སྐབས་སྐབས་སུ་དཔེ་ཁྲིད་ལ་འགྲོ་བའི་ཞར་ལ་ཁྲི་སྤྲུལ་རིན་པོ་ཆེའི་སྐུ་མདུན་དུ་སོང་ཚེ། ཁོང་ཉེ་འཁོར་དུ་ཕྱག་དཔེ་ཆ་རེ་མ་གཏོགས་གཞན་ཁྲ་ཁྲ་རིག་རིག་ཅི་ཡང་མེད་པར་གཙང་སང་ངེ་བཞུགས་ཡོད་པ་ཞིག་ཡིན་སྟབས། དེས་ཡིད་དྲངས་ཏེ་འདི་ལྟ་བུ་ཞིག་བྱས་ནས་འདུག་ཐུབ་ན་སྙམ་པ་རྒྱུན་དུ་འཆར།  གཞན་དོ་དམ་བྱེད་མཁན་མེད་ཀྱང་རང་གིས་རང་ངན་ལང་དུ་མ་བཏང་བར་སློབ་གཉེར་ལ་སྡུག་རུས་བྱས་པ་ཡིན་ཞེས་དངོས་སུ་གསུངས་ཤིང་།   ཚུལ་འདི་ནི་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་མཆོག་གྲྭ་སར་བཞུགས་སྐབས་གསོལ་ཟས་ཙམ་ཡང་མེད་པར་གཞན་གྱིས་བྱེ་བརྡལ་བྱེད་ཅིག་གཡར་ནས་དེའི་སྟེང་གི་བྱེ་རྡུལ་ཙམ་གསོལ་ནས་ཐོས་བསམ་ལ་འབད་པ་ཤུགས་དྲག་བྱས་པས་རྗེས་སུ་སྒོ་མང་མཁན་པོར་བཞུགས་པ་སོགས་མཛད་པ་མཐའ་ཡས་པ་བསྐྱང་ཚུལ་དང་འདྲ་བར། ཁོང་ཡང་དང་བོར་ན་བཟའ་བཟང་བོ་ཞིག་ཀྱང་བསྣམས་རྒྱུ་མེད་པར་ཐོས་བསམ་སློབ་གཉེར་མཛད་ཅིང་། རྗེས་སུ་ས་སྐྱོང་མིའི་དབང་བོ་བཅུ་གསུམ་པ་ཆེན་པོའི་རིགས་ཀྱི་ཅོད་པན་དུ་གྱུར་ཅིང་། བགྲང་ཡས་གདུལ་བྱའི་དོན་མཛད་པའི་ཚུལ་འདི་དག་ནི། ཐུབ་པ་སངས་རྒྱས་མཆོག་གིས་ལོ་དྲུག་དཀའ་བ་སྤྱད་པ་དང་། མཐར་འབྲས་བུ་ཆོས་སྐུ་མངོན་དུ་བྱས་པའི་ཚུལ་དང་ཤིན་ཏུ་མཐུན་ལ། དེ་ཡང་ཡིན་ཏེ། དཀའ་སྡུག་རྣམས་འཕྲལ་དཀའ། ། ཕུགས་སུ་ཕན། ། དད་རྫས་རྣམས་འཕྲལ་ཞིམ། ། ཕུགས་སུ་གནོད། ། ཅེས་གསུངས་པ་ལྟར་ལེགས་གྲུབ་ཕུན་སུམ་ཚོགས་པ་ཞིག་འབྱུང་བ་ལ་དཀའ་སྤྱོད་དཔག་མེད་ཅིག་བཟོད་དགོས་པའི་གནས་ལུགས་དེ་གསལ་བོར་བསྟན་ཡོད་ལ། དེ་ལྟར་བྱས་པས་འབྲས་བུ་ཁྱད་པར་བ་ཞིག་འབྱུང་བའི་ཚུལ་ནི་དཔལ་ལྡན་ཆོས་གྲགས་ཀྱི་ཞལ་ནས།  མ་ཚང་མེད་རྒྱུ་དེ་ལ་ནི། ། འབྲས་བུ་གང་གིས་ལྡོག་པར་བྱེད། ། ཅེས་གསུངས་པ་ལྟར་ལགས་སོ། །


      ཞེས་པའང་བླ་མ་རྡོ་རྗེ་འཆང་རྗེ་ཞྭ་དམར་པཎྜི་ཏའི་གཟུགས་སྐུ་ཨུ་དུམ་ཝ་རའི་མེ་ཏོག་གསར་དུ་བཞད་ནས་བགྲང་བྱའི་ཁུག་པ་བརྒྱ་དང་དོན་གསུམ་འདས་ཤིང་། སྐུ་ཞི་བར་གཤེགས་ནས་བགྲང་བྱ་བརྒྱ་དང་བཅུ་གསུམ་འདས་པ་རབ་གནས་ཤིང་ཕོ་འབྲུག་ལོའི་གྲོ་བཞིན་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་བོར་ཁོང་ཡབ་སྲས་ཀྱི་བཀའ་དྲིན་ཁོ་ནས་འཚོ་བ་དབུས་རི་བསྟན་འཛིན་རྒྱ་མཚོར་འབོད་པས་ཁོང་གི་རྣམ་ཐར་ཆེན་མོ་གསུམ་ལ་མཇལ་སྐབས་ཀྱི་མྱོང་ཚོར་མདོ་ཙམ་ཞིག་དཔལ་ལྡན་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཡི་གེར་ཕབ་པ་དགེའོ། །

 

版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章