རིང་རྒྱུ་ཐུང་རྒྱུ་མེད་པའི་མི་ལོ་བཅུ་གསུམ། འཇིགས་མེད་བརྩོན་འགྲུས།

文摘   2024-08-11 09:10   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台





རིང་རྒྱུ་ཐུང་རྒྱུ་མེད་པའི་མི་ལོ་བཅུ་གསུམ།
འཇིགས་མེད་བརྩོན་འགྲུས།















  ཆོས་གྲོགས་ཚོ། དད་པའི་ཞིང་ས་འདི་ནས་སློབ་གཉེར་གྱི་རྨུ་ཐག་དཀར་བོ་མཐོན་པོའི་དབྱིངས་སུ་འཐེན་པའི་ཉིན་དེ་ནས་ངས་ཁྱེད་ཚོར་རྟག་ཏུ་ཡིད་སྨོན་འཆོར་གྱིན་ཡོད། འཇིག་རྟེན་གསར་བ་ཞིག་གི་མཛེས་སྡུག་དྭངས་མོ་ཁྱེད་ཚོའི་གསེར་ཞལ་དང་འདྲེས་ན་འདོད་ཡོད། སྟོན་ཁའི་རླུང་བུས་དལ་གྱིས་བསྐྱོད་པའི་སྤྲིན་དཀར་གྱི་འཁྱུག་སྟབས་དེ་ཉིད་ཆོས་གྲོགས་ཁྱེད་ཚོའི་ལྷད་མེད་ཀྱི་བྱམས་བརྩེ་དང་བྱིན་རླབས་ཡིན་ན་འདོད་ཡོད། ང་རང་ཆོས་གྲོགས་ཁྱེད་ཚོ་དང་ཐག་ཉེ་ཐག་ཉེ་ན་ཡོད་ཀྱང་ཐག་རིང་ཐག་རིང་ཞིག་ཏུ་གཤེགས་སོང་བ་བདེན་ནའང་། ངས་ནམ་ཡང་རང་སེམས་འདི་ཁྱེད་ཚོ་དང་ལྷན་དུ་བསམ་གཞིག་གི་སྟོང་ཆ་སྐོང་ཐབས་ལ་འབད་ཀྱིན་ཡོད། ངའི་ཤེས་རབ་ཀྱི་གཤོག་ཡ་ཁྱུ་གཅིག སྐྱིད་སྡུག་གང་བྱུང་གི་སྐྱིད་ཡ་སྡུག་གྲོགས། ཤི་གསོན་ཅི་ལ་ཐུག་ཀྱང་རེ་འབོད་དང་སྐྱབས་བཅོལ་ཞུ་སའི་སྙིང་ཉེ་བའི་ཆོས་གྲོགས་ལྷན་རྒྱས། ཁྱེད་ཚོ་མེད་ན་ང་རང་གང་ནས་གང་དུ་སོང་ཡང་རྒྱབ་རི་དང་དཔུང་གཉེན་མེད་པས་ཁྱེད་ཚོ་ངའི་རུས་རྐང་ལ་ཐིམ་ཡོད། 

ཆོས་གྲོགས་ཚོ། རིང་རྒྱུ་ཐུང་རྒྱུ་མེད་པའི་མི་ལོ་བཅུ་གསུམ་བརྒྱུད་མཐར་དེ་རིང་གི་ཉིན་འདིར་ཐོན་དུས། ད་ནི་དབྱར་གཞུང་གི་དུས་ཚིགས་སྐྱིད་བྲོ་བ་དེ་ཚར་སོང་བ་ལྟ་བུའི་སྣང་བ་འབྱུང་ལ། དེ་བས་སྡོང་ལོ་སེར་བོ་དག་ལ་རླུང་བུ་ཕོག་ཙམ་གྱིས་ས་ལ་ལྷུང་ཞིང་གང་སར་འཕུར་བཞིན་པའང་རེ་གཉིས་མཐོང་རྒྱུ་འདུག གང་ལྟར་ཁྱེད་ཚོའི་ངང་གཤིས་འཇམ་པོ་དང་ཐུགས་དབྱིངས་ཟབ་མོ་དེས་རང་སེམས་ལ་མེ་ཏོག་གི་ས་བོན་གཏོར་བྱུང་བ་འདྲ་བས། ག་ལེར་ག་ལེར་ཁྱེད་ཚོ་དང་སེམས་རྒྱུད་གཅིག་ཏུ་འདྲེས་ཏེ་ཁྲག་རླུང་གསར་བ་ཞིག་བརྗེས་ན་འདོད་ཡོད། ལོ་ངོ་སྟོང་ཕྲག་གི་རིང་ནས་བསོད་ནམས་ཀྱི་དཔུང་ཚོགས་དང་དད་པའི་སྟོབས་ཤུགས་ཀྱིས་དུས་ད་ལྟར་གྲུབ་པའི་རླབས་ཆེ་བའི་གཙུག་ལག་གི་བང་མཛོད་འདི་ནས་སྐྱེས་ཆེན་གསེར་རི་འདྲ་བ་ཚོས་ཆོས་ཀྱི་བདུད་རྩི་ཕངས་མེད་དུ་སྦྱིན་དུས། ཁྱེད་ཚོའི་བརྟན་ཅིང་བརླང་བའི་རང་གཤིས་ལ་ནག་ནོག་གི་དྲི་མས་ཆ་ཙམ་ཡང་མ་གོས་པར་བསླབ་གསུམ་ངུར་སྨྲིག་གི་བཅས་མཚམས་མིག་འབྲས་བཞིན་བསྲུངས་ནས། རྒྱུ་འབྲས་བདེན་དོན་གྱི་སྒལ་ཚིགས་སྲོག་དབང་ལྟར་བརྩིས་ཏེ། ཆོས་སྡེ་ཆེན་པོ་འདིའི་ས་ཆེན་གྱི་གཞུང་ལ་ལོ་རྒྱུས་ཀྱི་མཛད་འཕྲིན་གསར་བ་ཞིག་བཀོད་ཅིང་། ད་དུང་ཁྱེད་ཚོའི་ལམ་གྱི་འགག་འཕྲང་རེ་རེ་ནས་ཐབས་ཤེས་ཀྱི་བརྩོན་སེམས་ཆུ་བོ་ལྟར་བསྐྱངས་ནས། ཆོས་སྡེ་འདིའི་བསྟན་པའི་རྒྱལ་མཚན་མཐོན་པོའི་ནམ་མཁའ་རུ་བསྒྲེངས་ཤིང་འགྲོ་བ་སེམས་ཅན་སྤྱི་དང་། སྒོས་སུ་ཡུལ་ཕྱོགས་འདིའི་འགྲོ་བ་རྣམས་མ་རིག་པའི་མུན་ཚོགས་ལས་བསྐྱབས་ཏེ་མཐའ་ཡངས་ཤིང་རྒྱ་ཆེ་བའི་ཤེས་རིག་གི་ཞིང་ཁམས་འདི་རུ་འཕོ་ཅི་ཐུབ་ལ་འབད་དགོས་པར་འདུག 

ཆོས་གྲོགས་ཚོ། ཁྱེད་ཚོ་ནི་ང་ཡི་སྤྱི་གཙུག་ན་མངོན་པར་འཕགས་པའི་མཚམས་སྤྲིན་གཞོན་ནུ་དེ་ཡིན་ལ། དེ་རིང་ངས་འདི་ནས་རང་སེམས་ཀྱི་མེ་ཏོག་གཙང་མ་ཞིག་གིས་ཆོས་གྲོགས་ཁྱེད་ཚོའི་མཁྱེན་བརྩེ་ནུས་གསུམ་ལ་མཆོད་འབུལ་ཐེངས་ཤིག་བྱེད་ན་འདོད་ཡོད། ཁྱེད་ཚོ་ནི་དངོས་གནས་ཐོས་བསམ་སྒོམ་གསུམ་གྱི་རྟོགས་པ་མཁའ་ལ་འཕག་ཅིང་འཆད་རྩོད་རྩོམ་གསུམ་གྱི་གཡུ་རལ་གཟེངས་སུ་མཐོ་བའི་ངེས་པ་དོན་གྱི་སློབ་གཉེར་བ་སྐོར་ཞིག་སྟེ། ཆོས་གྲོགས་ཚོ། དངོས་གནས་ཁྱེད་ཚོ་ནི་ཆོས་སྡེ་ཆེན་པོ་འདིའི་སྙན་གྲགས་ཕྱོགས་བཅུར་སྒྲོག་པའི་སློབ་བུ་རྣམ་དཔྱོད་ཅན་དེ་ཚོ་ཡིན་ལ། དེ་བས་ངས་ཁྱེད་ཚོར་ཡིད་ལ་ཤར་ཐེངས་རེར་དད་པའི་སྤུ་ལོང་གཡོ་ཞིང་རང་ལའང་ཆོས་ཀྱི་སྐུལ་མ་མང་དུ་ཐེབས་མྱོང་། ཆོས་གྲོགས་ཚོ། ཆོས་ཀྱི་ཞིང་ཁམས་སུ་ཆོས་ཀྱི་ཆར་བ་འབབ་དུས་ང་ཚོ་ནི་གང་ནས་གང་དུ་སོང་ཡང་འདི་ལས་ལྷག་པའི་བགོ་སྐལ་ཞིག་མེད་པ་འདྲ། དེས་ཕྱིར་ན་ཆོས་གྲོགས་ཚོ་དངོས་གནས་སློབ་གཉེར་རྣམ་དག་རེ་གནང་དང་གནང་བཞིན་པ་འདི་ནི་ཚེ་འདི་ཕྱི་གཉིས་ཀྱི་ལམ་སྣེར་བསྒྲོན་པའི་མར་མེ་ཚེ་འབར་དེ་དང་ཚེ་འདི་ཁོ་ནའི་དབང་དུ་བྱས་ནའང་ཚེ་འདིའི་ཚེ་ནོམ་དུ་འཁྱེར་ཆོག་ཆོག་ཡིན། 
 
ཆོས་གྲོགས་ཚོ། ཉི་མ་དེ་རིང་ངས་སོར་བཅུའི་ཐལ་མོ་སྙིང་གར་སྦྱར་ཏེ་གཙུག་ལག་ཆོས་ཀྱི་བསྟི་གནས་འདི་ནས། ལུས་ངག་ཡིད་གསུམ་དྲང་མོའི་ངང་ནས་གསེར་གྱི་ཡིག་ཆུང་རེ་རེ་སྡེབ་སྦྱོར་གྱི་གཞུ་ལ་འགུག་བཞིན་ཆོས་གྲོགས་ཁྱེད་ཚོར་བསྟོད་པའི་གླུ་ཆུང་ཞིག་ཀྱང་ལེན་གྲབས་བྱེད་ཀྱིན་ཡོད། ཉི་མ་དེ་རིང་ཆོས་གྲོགས་ཁྱེད་ཚོས་བཀའ་བསྟན་གཙུག་ལག་གི་ནང་སྙིང་མ་བོར་བའི་གནས་ཡུལ་འདི་ནས་མ་ཉམས་རྒྱུན་འཛིན་ལེགས་པར་ཟིན་དུས། ཆོས་གྲོགས་ཚོ། དངོས་གནས་ངས་ཁྱེད་ཅག་ལ་བཀའ་དྲིན་མི་ཞུ་སུ་ལ་ཞུ། ཆོས་གྲོགས་ཁྱེད་ཚོའི་མཛད་རྗེས་ཟབ་མོ་དེ་རིང་མི་དྲན་ནམ་ཞིག་དྲན། 


གཡུ་ཆུང་དྲུག་དཀར་ལྟ་བུའི་ཁྱེད་ཚོ། 


འཇིགས་བརྩོན།

ང་ཚོའི་གདོང་ལ་འཛུམ་མདངས་འཁྱིལ་ལེ་དང་།།

མངོན་ལྐོག་བར་ལ་གཡེར་བག་མ་སིམ་པར།།

ལས་དང་སྨོན་ལམ་སྡེ་འདིར་བཞད་པ་ཡི།།

ང་དང་ཁྱེད་ཚོ་ལས་ཀྱི་ལམ་ན་ཡོད།། 

ཁྱེད་ཚོ་མཁའ་ན་རྒྱུ་བའི་སྐར་ཚོགས་ཏེ།།

བྱང་ཕྱོགས་ས་འཛིན་གཡུ་ཡི་པང་ལ་ལྷུང་།།

དེའི་ཕྱིར་སྲིད་པའི་རྨུ་ཐག་དཀར་པོ་དེས།།

ཡར་ལ་འཐེན་པ་བསོད་ནམས་རི་བོ་ཡིན།།

ཁྱེད་ཚོ་ང་ཡི་སེམས་ཀྱི་དྲོད་ལ་ལྷུང་།།

ང་ཡང་ཁྱེད་ཚོའི་བརྩེ་བའི་མཚོ་ལ་བསྲིངས།།

ཐོད་པའི་ཁ་ཡིག་གསེར་གྱི་རི་མོ་ཅན།།

གསང་བ་སྔགས་ཀྱི་རྡོ་རྗེ་སྤུན་དུ་གྱུར།།

མ་བསྒྲིགས་རང་འགྲིག་ནགས་མའི་བྱ་ཚོགས་བཞིན།།

མཉམ་དུ་འདུས་པས་ཉིན་མཚན་འདའ་བར་བྱེད།།

གཡུ་ཆུང་དྲུག་དཀར་ལྟ་བུ་ཁྱེད་ཚོ་ནི།།

ང་དང་མངོན་སུམ་ཕྲད་པ་སྐྱིད་ཅིག་ཨང་།།

འདི་ནས་བརྩིས་ན་བགྲང་བྱ་བཅུ་གསུམ་ཕྱིན།།

ལམ་ནི་གྱ་གྱུ་སྨིག་རྒྱུའི་གསེང་ལ་ཟུག །

ཡིན་ཡང་ང་ཚོའི་ནམ་མཁའ་སྔོན་མོ་ལ།།

གསེར་གྱི་མདངས་འཛིན་ཉི་ཟླའི་གུར་ཁྱིམ་ཕུབ།།

སེམས་ཐག་ལོ་ཟླའི་ལམ་གྱིས་མ་ཆོད་ལ།།

མི་ཁའི་བྱང་རླུང་ཅི་ཙམ་རྒོད་ན་ཡང་།།

ལས་ཀྱི་རི་མོ་སྤུ་གྲིས་མ་བཅད་པར།།

འདི་ལ་ཐུག་རག་མཉམ་དུ་སྡོད་དགོས་བྱུང་།།

མཛོད་གཡང་ཕྱུག་མོ་ལྷ་ཡི་ཐང་ཆེན་ན།།

མགོ་སྦྲ་རོག་རོག་ཅན་གྱི་ཁྲི་སྡེ་ཞིག།

ང་ཚོ་དེ་གའི་བར་ཐག་ཆོད་ས་ནས།།

ངུར་སྨུག་མཚོ་ལ་གཡས་བསྐོར་བྱས་ནས་ཡོད།།

གངས་རི་ཞུ་བའི་ཆུ་མོ་མཚོ་ལ་འདྲེས།།

མཚོ་མོའི་ཁ་ཞེང་ཡིད་ཀྱིས་ག་ལ་དཔོག །

ཁྱེད་ཅག་རིག་པའི་རླབས་ཕྲེང་གཡོ་བ་དེ།།

མཚོ་མོ་དྲན་པའི་རྒྱུ་མཚན་ཡིན་ནམ་སྙམ།།

ཕྱི་ཡི་བཀོད་པ་ལེགས་བྲིས་ལྷ་ཡི་ཞིང་།།

ཁྱེད་ཚོའི་མཛེས་པ་མཁར་ཉལ་ཀུན་ལས་རྒྱལ།།

ཡིད་སེམས་མུན་པའི་གཅོང་རོང་རལ་བ་ན།།

ང་དང་ཁྱེད་ཚོའི་གོམ་སྟབས་རིམ་གྱིས་འགྲིག། 

ཁྱེད་ཚོ་དབྱར་ནས་ཞུགས་ཀྱང་དབྱར་ལ་རྫོགས།།

དགུན་དང་གདོང་ཐུག་བརྒྱབ་སྟེ་བཙག་དང་འགྲན།།

ཞེ་རྩའི་དར་ཁ་ཞུ་བའི་གཞི་མ་ཡང་།།

དགུན་དང་གདོང་ཐུག་བརྒྱབ་པས་ཡིན་པ་འདྲ།།

ཆོལ་གསུམ་ལུང་རིགས་གངས་ལྗོངས་ལུང་བ་རུ།།

མི་ལུས་ལོན་པ་བསོད་ནམས་ཚོགས་ཀྱི་རྩེ།།

མ་ཟད་མདོ་སྔགས་བསྟན་དང་མཇལ་བ་འདི།།

ང་དང་ཁྱོད་ཀྱི་ཐོད་པའི་ཨ་ཡིག་ཡིན།།

འདི་ནས་མི་ལོ་དུ་མའི་ཡར་སྔོན་ནས།།

འགྲོ་བའི་ལམ་དང་གོམ་པའི་སྟངས་སྟབས་སོགས།།

བྱིས་པ་སྣང་ཆུང་ཞིག་དང་ལྟར་མཚུངས་ཀྱང་།།

ད་ནི་ནང་སེམས་དྲོད་ཁོལ་ཅན་ཁྱོད་སྐྱིད།།

མཛོད་གཡང་ཕྱུག་མོའི་རི་ལམ་འཕྲད་ཀྱིས་བཅད།།

སྐུ་བླ་གུར་དཀར་ཡུལ་མཐའ་བསྲུངས་ཏེ་འགྱིངས།།

ས་ཡི་རྩི་བཅུད་གཞན་དང་འགྲན་མིན་ན།།

ང་དང་ཁྱོད་ཀྱང་ལང་ཚོ་ཇེ་དར་ཡིན།།

མཛོད་དགེའི་རྩྭ་ཐང་གནམ་གྱི་མཐའ་ལ་འདྲེས།།

བགྲོད་པས་ཕ་མཐའ་གཞལ་བར་ག་ལ་ནུས།།

སེམས་ཀྱི་རོལ་རྩེད་གར་ལ་རྩེན་པ་གང་།།

དེ་རུ་བཞུགས་སྙམ་ཁྱེད་ཀྱི་ལང་ཚོར་བལྟ།།

ཡུལ་འདིའི་བཙུན་ཆུང་ཁྱེད་ཚོའི་མཛེས་སྡུག་ནི།།

ང་དང་མགྲིན་པའི་མགུལ་དུ་དཔྱངས་པ་ན།།

སེམས་ཀྱི་མུ་ཁྱུད་ཟླུམ་པོར་འཁྱིལ་བ་ཡིས།།

དམར་པོའི་བརྩེ་མགུར་ཁྱེད་མིན་སུན་ལ་ལེན།།

ལོ་དང་ཟླ་བས་ང་ཚོ་བཙན་གྱིས་དེད།།

བྱིས་པའི་རྨི་ལམ་རིང་ནས་རིང་དུ་བོར།།

གནམ་སའི་ཁ་ལོ་རང་ས་རང་ལ་གཤེགས།།

བཙུན་པ་ང་ཚོ་ད་ཆ་གང་དུ་འགྲོ།།

ཀྭ་ཡེ་ལྷོ་རྒྱུད་འཛམ་གླིང་བྱང་ཕྱོགས་ཆ།།

ང་དང་ཁྱེད་ཀྱི་མིག་གཉིས་བསྲིངས་ས་ཡིན།།

ཁྱེད་ཚོའི་གསེར་གྱི་གླེག་བམ་སེར་པོ་དེ།།

ང་ཡི་སེམས་ཀྱི་འོ་ཇ་མངར་མོ་ཡིན།།

ཁྱོད་ཚོའི་བྱས་རྗེས་སྨན་གྱི་ལྗོན་པ་དེ།།

ཡུལ་གྱི་གོས་ལྗང་གཡུ་ལོའི་གདན་ལ་བཞུགས།།

ངས་ནི་འདི་ལྟར་དད་ཕྱག་བགྱི་བ་འདིས།།

ཁྱེད་ཚོས་མཁས་པའི་ཚུལ་ཙམ་བཟུང་བས་ཡིན།།

གསོན་ན་ལ་རྒྱ་མ་ཟིན་སྡོད་པ་དང་།།

ཤི་ནས་བར་དོ་འགྲིམ་ནའང་དེ་ལས་དགའ།།

གོས་བཟང་ན་བཟའ་བཏུབ་པས་ཅི་ལ་ཕན།།

སྣང་བ་དགུང་དུ་འཕྱོ་ཡང་སྟོང་སང་ངེ་།།

ང་ཡི་གང་འདོད་གཏམ་གྱིས་བརྗོད་པ་འདི།།

ས་ལ་བཞད་པའི་མེ་ཏོག་དཀར་དམར་དང་།།

གནམ་ལ་ཤར་བའི་ཉི་ཟླའི་འོད་མིན་ཀྱང་།།

ཁྱེད་ཚོར་ཞུས་པའི་སྣང་བ་ཆུང་ཆུང་ཡིན།།

གསོན་དུས་མི་ཁ་བཤད་ཡམས་འཁུར་རོགས་དང་།།

ཤི་དུས་རེ་བའི་འཁྲེང་ཞེན་ཁེན་ས་སྟེ།།

བརྩེ་བ་མི་ཤུགས་དགུ་མདུད་བརྒྱབ་པ་བཞིན།།

མི་ལྷོད་དམ་ཚིག་དམ་བཅའ་བརྟན་ན་ཨང་།།

ཚུལ་ཁྲིམས་རྣམ་པར་དག་པའི་ཞིང་ས་ལ།།

ཐོས་བསམ་སྒོམ་པའི་བཅུད་ལྡན་སྙེ་མའི་ཚོགས།།

ཡོངས་སུ་སྨིན་པའི་སློབ་བུ་བཅུ་དགུ་ལ།།

དགའ་སྟོན་རྟེན་འབྲེལ་མི་ཞུ་རང་དབང་ཅི།།

ཞེས་མཛོད་དགེ་སྒར་སར་ནང་བསྟན་རིག་གནས་འཛིན་གྲྭའི་སྐབས་ལྔ་བའི་མཐར་ཕྱིན་འཛིན་གྲྭའི་སློབ་མ་བཅུ་དགུས་སློབ་གླིང་འདིའི་བསླབ་གཞི་མཐའ་དག་ཡོངས་སུ་རྫོགས་ནས་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ནས་སློབ་མཐར་ཕྱིན་པ་ལ་དགའ་མགུ་ཡི་རང་དང་བཅས་སྙིང་ནས་རྟེན་འབྲེལ་ཞུས་པ་ལགས། 

༢༠༢༤/༧/༦/ཉིན།



版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

 

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章