མཛོད་ཚང་དགེ་བཤེས་རིན་པོ་ཆེ་རྗེས་སུ་དྲན་པ།རོང་བོ་བློ་གྲོས་བརྟན་པ།

文摘   2024-08-16 21:08   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台





 

༧ མདོ་སྔགས་རབ་འབྱམས་སྨྲ་བ་མཛོད་ཚང་དགེ་བཤེས་རིན་པོ་ཆེ་རྗེས་སུ་དྲན་པའི་གཏམ་གདུང་ཤུགས་རླབས་ཀྱི་ཕྲེང་བ་ཞེས་བྱ་བ།


 

རོང་བོ་བློ་གྲོས་བརྟན་པ། (རྨ་ལྷོ།)






ན་མོ་གུ་རུ་བྷྱ།

ཡབ་ཆེན་ཤེས་རབ་ཡུམ་ཆེན་ཁྱུང་ཁོའི་བུར།།

མིང་སྲིང་བཅུ་གཅིག་སྐྱེས་པའི་གཉིས་པ་རུ།།

རྨེའུ་རུ་ཚོ་བརྒྱད་ཅེས་པའི་ནག་ཚང་ནས།།

མེ་རྟ་ཟིལ་གནོན་ལོར་འཁྲུངས་ཁྱེད་ཉིད་དྲན།།


གནས་ཆུང་རྒྱལ་བོ་སུ་ཡི་བཀའ་ལུང་ལྟར།།

ཆེད་དུ་ཕེབས་ཏེ་བློ་བཟང་དཔལ་ལྡན་ཞེས།།

མཚན་གྱི་ཅོད་པན་ལེགས་པར་གསོལ་བའི་ངང་།།

བསྟན་པའི་ཆོས་སྒོར་བསྐུལ་ཁྱེད་རྗེས་སུ་དྲན།།


དགུང་ལོ་བཅོ་ལྔའི་ས་ཟླའི་དུས་ཆེན་ལ།།

བློ་བཟང་སངས་རྒྱས་ཞེས་བྱའི་དམ་པ་དེས།།

བཅུ་ཕྲག་གསུམ་དང་རྡོག་པོ་དྲུག་ཅན་གྱི།།

རྣམ་དག་བསླབ་ཁྲིམས་སྩལ་ཁྱེད་རྗེས་སུ་དྲན།།


འཇམ་མགོན་ཆོས་ཀྱི་རྒྱལ་བོའི་དུས་མཆོད་ཉིན།།

དགེ་ལྡན་ལེགས་བཤད་གླིང་གི་ཆོས་གྲྭ་ནས།།

དེད་དཔོན་མཚོ་མོའི་ཕ་མཐར་བསྐྱོད་པ་བཞིན།།

ཐོས་བརྩོན་སྟ་གོན་གནང་ཁྱེད་རྗེས་སུ་དྲན།།


སྐལ་བཟང་ལུང་རིགས་རྒྱ་མཚོའི་གཟིགས་སྐྱོང་ལས།།

འབྲི་དང་ཀློག་དང་འདོན་ཆོས་བསྡུས་སྦྱོར་ལ།།

རིང་བོར་མ་ཐོགས་འབྲས་བུ་མངོན་གྱུར་ཏེ།།

བསྔགས་བརྗོད་མེ་ཏོག་འཐོར་ཁྱེད་རྗེས་སུ་དྲན།།


རང་གི་སྤྱོད་པ་དྲང་བོར་ཞུགས་ཀྱང་རུང་།། 

བླ་མས་ཚེགས་འཛིན་སྐྱོན་འཛིན་མ་བྱས་ན།།

ཐུགས་ཀྱི་གཏིང་ནས་བདེ་བ་མ་མཆིས་པའི།།

བཤེས་གཉེན་བསྟེན་པ་བཟང་ཁྱེད་རྗེས་སུ་དྲན།།


རྒྱལ་བའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་པའི།།

སེམས་དང་སེམས་བྱུང་བློ་གསལ་མགུལ་རྒྱན་དང་།།

སྨྲ་དབང་དྲུང་ཆེན་ལེགས་པ་བཟང་བོ་ཡི།།

བློ་རྟགས་ཐུགས་འཛིན་གནང་ཁྱེད་རྗེས་སུ་དྲན།།


བསྡུས་གྲྭར་གསན་སྦྱོང་གནང་བའི་སྐབས་ཉིད་ནས།།

གཞན་ལ་དཔེ་ཁྲིད་བྱས་པའི་མཁྱེན་དཔྱོད་དང་།།

སྔོན་ཆད་མ་བྱུང་སྲོལ་བཟང་སྒོ་ཕྱེས་པས།།

བཤེས་གཉེན་མཚན་བཟང་ཐོགས་ཁྱེད་རྗེས་སུ་དྲན།།


རོང་ཆེན་བསྟན་པའི་ཉི་མ་བཅུ་གཅིག་པ།།

ཞབས་ཟུང་རེ་ཁཱ་གདན་སར་བསྒྱུར་པའི་དུས།།

ཐུགས་ཆེན་དང་ནི་འཆི་མེད་ཚེ་དབང་སོགས།།

ཆོས་ཀྱི་དགའ་སྟོན་རོལ་ཁྱེད་རྗེས་སུ་དྲན།།


ཉེར་གཅིག་བཞེས་པ་འཇིགས་རུང་སྟག་གི་ལོར།།

འདུལ་འཛིན་དམ་པ་བློ་བཟང་ཐབས་མཁས་ལས།།

བསྙེན་པར་རྫོགས་པའི་སྡོམ་པ་མནོས་པ་ནས།།

གོས་གསུམ་མ་བྲལ་བསྲུངས་ཁྱེད་རྗེས་སུ་དྲན།།


སྡོམ་གསུམ་བསླབ་བྱར་ཤིན་ཏུ་གཅེས་སྤྲས་ཀྱིས།།

ཉེས་བྱས་ཙམ་ཡང་འགོག་པའི་ཐབས་ལ་འབད།།

དབང་གི་དམ་ཚིག་མ་ཉམས་ཚུན་ཆད་སྒོས།།

ཚུལ་ཁྲིམས་བདེ་བར་བྱུང་ཁྱེད་རྗེས་སུ་དྲན།།


ཆོས་ཀྱི་གྲགས་པའི་བླ་མེད་རིགས་འཕྲུལ་གཞུང་།།

བསྟན་པའི་ལྕགས་རི་ཚད་མ་རིག་པའི་གཙོས།།

ཡབ་སྲས་བརྒྱུད་བཅས་འབྲེལ་ཡོད་ཇི་སྙེད་དང་།།

པཎ་ཆེན་དགོངས་འགྲེལ་གཟིགས་ཁྱེད་རྗེས་སུ་དྲན།།


ཐུབ་པས་དངོས་སུ་ཡིད་དགའ་ཆོས་འཛིན་དུ།།

རང་གི་རྒྱལ་ཚབ་དམ་པར་དབང་བསྐུར་པའི།།

བྱམས་མགོན་ཐུགས་བཅུད་བསྟན་པའི་གཞུང་ཤིང་ཆེ།།

ཟློས་པ་ཙམ་མིན་བཟུང་ཁྱེད་རྗེས་སུ་དྲན།།


དེ་ཡི་གསལ་བྱེད་འགྲེལ་བ་ཉེར་གཅིག་དང་།།

ཁྱད་པར་ལེགས་བཤད་གསེར་གྱི་ཕྲེང་བ་དང་།།

རྣམ་བཤད་རྟོགས་སྣང་ཡུམ་དོན་གསལ་སྒྲོན་ལ།།

མཁས་པའི་འདུན་སར་དབང་ཁྱེད་རྗེས་སུ་དྲན།།


སོ་སྐྱེ་ཕལ་བས་མི་ནུས་དཀའ་སྤྱད་ཀྱིས།།

ལོ་དང་ཟླ་བ་སྦྲེལ་ཏེ་ལྷོད་མེད་ངང་།།

སྐུ་ཆིངས་བཤིག་པ་མ་མཛད་མིག་ལྟོས་ཀྱི།།

ཡ་མཚན་བརྩོན་འགྲུས་མཛད་ཁྱེད་རྗེས་སུ་དྲན།།


སྤངས་རྟོགས་མཉམ་མེད་འཇམ་མགོན་བླ་མ་ཡི།།

དྲང་ངེས་ལེགས་བཤད་སྙིང་བོ་གཙོར་གྱུར་པའི།།

འཕགས་བོད་མཁས་གྲུབ་བྱེ་བའི་གཞུང་མང་གི།

ཚིག་རིས་ཐོགས་མེད་འདྲེན་ཁྱེད་རྗེས་སུ་དྲན།།


རབ་རྒྱན་ཐོག་མ་མེ་མོ་ཡོས་ལོ་ནས།།

བྱི་བས་གླང་ཆེན་ཁུར་ནི་ཐེག་དཀའ་བཞིན།།

འཛིན་གྲྭའི་བླ་མ་དཀའ་བར་གྲགས་ན་ཡང་།།

ཐམས་ཅད་ཡིད་རབ་ཚིམ་ཁྱེད་རྗེས་སུ་དྲན།།


བློ་བཟང་ཆོས་འཕེལ་ཞལ་གྱི་སྤྲིན་ཕུང་ལས།།

སྒྲ་སྙན་སུམ་རྟགས་གྲུ་ཆར་དབྱར་མཚོ་བཞིན།།

སྣོད་ལྡན་འཛིན་མའི་ཞིང་སར་འཁྱིལ་བ་ན།།

ཕན་བདེ་ལོ་ཏོག་བཞད་ཁྱེད་རྗེས་སུ་དྲན།།


གཞུང་ཆེན་བརྩད་ནས་ཞུན་ཐར་གཅོད་པའི་ཚེ།།

ཕས་ཀྱི་རང་རློམ་དགུང་ལས་མཐོ་ན་ཡང་།།

རྒྱབ་རྟེན་ལུང་དང་རིགས་པའི་གཟེགས་མ་ཡིས།།

རེ་ཞིག་ངལ་གསོ་བཏང་ཁྱེད་རྗེས་སུ་དྲན།།


བགྲང་བྱ་དགུ་བ་ཤིང་མོ་ཕག་གི་ལོར།།

བསྟན་པའི་དཔལ་གྱུར་ཀིརྟི་དགོན་ཆེན་ནས།།

ཕར་ཕྱིན་དམ་བཅའ་དོན་དང་ལྡན་པ་ཞིག།

ཕྱོགས་ཀྱི་མཐའ་ལ་བསྒྲགས་ཁྱེད་རྗེས་སུ་དྲན།།


ཤེར་ཕྱིན་མན་ངག་ལུང་རིགས་ཐང་མ་རུ།།

ལེགས་པར་བརྡལ་ན་མཁས་པའི་ཕུལ་ཡིན་ཞེས།།

སྔ་ནས་གྲགས་པ་ཡལ་བར་མ་བཏང་སྟེ།།

གསེར་གྱི་ཕྲེང་བར་འདྲིས་ཁྱེད་རྗེས་སུ་དྲན།།


གཙོད་ཀྱི་དགེ་བཤེས་བློ་གསལ་རྒྱ་མཚོ་ལས།།

སྙན་ངག་སྤྱི་དོན་སྒྲ་རིག་བསྟན་བཅོས་སོགས།།

ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་ཡི།།

ཁྲིད་པའི་ཉེ་བརྒྱུད་ཐོབ་ཁྱེད་རྗེས་སུ་དྲན།།


སོ་གཅིག་བཞེས་པ་མེ་ཕོ་བྱི་བའི་ལོར།།

སྙན་འགྲེལ་ཆེན་མོ་ཚངས་སྲས་བཞད་སྒྲའི་ཁྲིད།།

ཀན་ལྷོའི་དགེ་རྒན་རྣམས་དང་ལྷན་ཅིག་ཏུ།།

དངོས་གསན་སྐལ་བ་ལྡན་ཁྱེད་རྗེས་སུ་དྲན།།


མུ་ལྟོའི་འཚོ་བ་བསྟེན་པའི་དཀའ་སྤྱད་ཀྱིས།།

རྡོ་སོལ་བུད་ཤིང་འཇོག་སའི་ཁང་མིག་ནས།།

ཟླ་གཉིས་ཙམ་དུ་བློ་བཟང་འཕྲིན་ལས་རྗེའི།།

རྣམ་ཐར་བཀླག་ལུང་གསན་ཁྱེད་རྗེས་སུ་དྲན།།


ལྷ་རྗེ་ཆེན་མོ་བསྟན་འཛིན་དོན་འགྲུབ་སོགས།།

འཚོ་བྱེད་མཁས་པ་དུ་མའི་སྤྱན་སྔ་ནས།།

གསོ་དཔྱད་མན་ངག་གདམས་པ་ལ་སོགས་པ།།

གནས་ལྔ་མ་སྦྱངས་མེད་ཁྱེད་རྗེས་སུ་དྲན།།


ཉམ་ཐག་འགྲོ་རྣམས་དུཿ  ཁའི་དབུགས་དབྱུང་ཕྱིར།།

བྱིན་ལྡན་སྨན་གྱིས་ནད་གསོ་མཛད་པ་ན།།

དུས་མིན་འཆི་བའི་བར་ཆད་ཉེར་བཟློག་སྟེ།།

དངོས་སུ་ཕན་པ་མཛད་ཁྱེད་རྗེས་སུ་དྲན།།


འགར་དགོན་ཐུབ་བསྟན་ཆོས་འཁོར་གླིང་བ་ནས།།

སྐྱབས་རྗེ་བསེ་ཚང་བློ་བཟང་དཔལ་བ་ལས།།

ཁྲི་རྒན་གསུང་འབུམ་རྙེད་ཚད་ཅི་རིགས་ཀྱི།།

བདུད་རྩིའི་བཀའ་ལུང་ཐོབ་ཁྱེད་རྗེས་སུ་དྲན།།


གོ་བརྒྱད་ལོ་ནས་ཡུལ་ཤུལ་ཀླུང་ཤོད་དགོན།།

དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་མཆོག་གི།

མཁན་ཁྲིར་ཕེབས་ཏེ་གཞུང་ཆེན་དཔེ་ཁྲིད་ཀྱིས།།

བསྟན་པ་འཛིན་སྐྱོང་སྤེལ་ཁྱེད་རྗེས་སུ་དྲན།།


སྐྱེས་ཀྱི་མཆོག་གྱུར་གསུང་རྩོམ་ཐོག་མ་རུ།།

ཤོག་ངོས་སུམ་བརྒྱར་ཉེ་བའི་གླེགས་བམ་ཆེ།།

ཉེར་མཁོའི་མན་ངག་གསེར་གྱི་ལྡེ་མིག་གང་།།

ཕན་དུ་རེ་བས་བརྩམས་ཁྱེད་རྗེས་སུ་དྲན།།


དགག་བྱ་དགོས་པ་གང་ཡོད་མ་འཚལ་སྟབས།།

བཀའ་གདམས་གཞུང་ལ་བརྟག་ནན་ཞུས་པའི་ཚེ།།

བར་གཅོད་བསྲུང་བའི་མཚན་མ་བཟང་བོ་ཡི།།

བླ་མེད་ལུང་བསྟན་བབས་ཁྱེད་རྗེས་སུ་དྲན།།


ས་མོ་ཡོས་ལོར་རྫ་ཁམས་སྐྱེ་རྒུ་ནས།།

སྟོང་ཕྲག་གསུམ་ལྷག་དཔར་དུ་བཀོད་པ་དང་།།

ཧོར་ཟླ་དྲུག་པའི་ཚེས་པ་བརྒྱད་ཀྱི་ཉིན།།

ཁྲིད་ལུང་རྒྱུན་བཅས་སྩལ་ཁྱེད་རྗེས་སུ་དྲན།།


བསྟན་པའི་སྙིང་བོ་དབུ་མ་རྩ་ཤེས་དང་།།

འཇུག་པ་ཐུགས་བཟུང་དགོངས་པ་རབ་གསལ་དང་།།

ཟབ་དོན་གསལ་བའི་སྒྲོན་མེ་མཐའ་དཔྱོད་སོགས།།

འབྲེལ་ཡོད་ཀུན་ལ་གཟིགས་ཁྱེད་རྗེས་སུ་དྲན།།


རིག་གནས་ཆེ་ཕྲས་མགྲིན་པའི་ཕུག་གང་བའི།།

རོང་བོའི་དགེ་བཤེས་དགེ་འདུན་དར་རྒྱས་མཆོག།

ཆེད་ཕེབས་གནང་བར་མཁན་པོ་ཆོས་འཕེལ་ལས།།

བརྒྱུད་པའི་གསེར་ཕྲེང་ཁྲིད་ཁྱེད་རྗེས་སུ་དྲན།།


སྨྲ་བའི་དབང་ཕྱུག་གྲགས་པ་རྒྱལ་མཚན་ནས།།

བརྒྱུད་པའི་ལེགས་བཤད་སྙིང་བོའི་ཁྲིད་རྒྱུན་དང་།།

བཀྲིས་ལྷུན་སྔགས་ཆེན་ཕུན་ཚོགས་བསྟན་དར་ནས།།

བརྒྱུད་པའི་ཐེམ་སྐས་གནང་ཁྱེད་རྗེས་སུ་དྲན།།


ངེས་དོན་གྲུབ་བརྙེས་ལྷུན་འགྲུབ་པཎྜི་ཏའི།།

འཇིགས་བྱེད་བསྐྱེད་རྫོགས་བཅས་་བཅུ་གཅིག་པའི།།

ཉེར་དྲུག་བར་དུ་རྫོགས་པར་གནང་བ་ཡི།།

བླ་སློབ་དམ་ཚིག་གཙང་ཁྱེད་རྗེས་སུ་དྲན།།


རྣམ་འགྲེལ་བསྡུས་དོན་གསེར་ཤིང་ཆུན་པོ་དང་།།

ཐར་གསལ་ས་བཅད་མཛོད་ཀྱི་ལྡེ་མིག་ཟུང་།།

གཅིག་ཏུ་བསྡོམས་པའི་གླེགས་བམ་གཉིས་པ་ཡིས།།

རྩ་འགྲེལ་འཕལ་ག་སྦྱར་ཁྱེད་རྗེས་སུ་དྲན།།


བསྟན་འཛིན་སྐྱེས་བུ་བླ་མ་བསེ་ཚང་གིས།།

ཡི་དམ་བསྙེན་ཁྲིད་གནང་བའི་སྐབས་ཤིག་ཏུ།།

ཁྱེད་རང་ཕེབས་དང་དཔེ་གཟིགས་མ་ལྷོད་ན།།

ཆོག་ཅེས་མཐོང་ཆེན་གནང་ཁྱེད་རྗེས་སུ་དྲན།།


ཁྱུ་མཆོག་ལོ་ལ་རྔ་ལྗོངས་ཡུལ་ཕྱོགས་ནས།།

ཐེག་ཆེན་ཆོས་ཀྱིས་མི་རྣམས་ཐེག་ཆེན་དུ།།

བཀྲི་མཛད་སྙིང་བོ་གསོ་སྦྱོང་ཆོ་གའི་སྟེང་།།

ནང་ཆོས་ངོ་སྤྲོད་མཛད་ཁྱེད་རྗེས་སུ་དྲན།།


འགྲོ་རྣམས་དགེ་བའི་ཆོས་སུ་མངོན་ཕྱོགས་ཏེ།།

ལས་འབྲས་བརྩི་བསྲུང་ཡ་རབས་ཚུན་ཆད་ལ།།

དཔྱོད་པའི་བློ་མིག་ཅུང་ཟད་སྐྱེས་དང་ལྷན།།

བློ་སྣ་ཆོས་ལ་བསྒྱུར་ཁྱེད་རྗེས་སུ་དྲན།།


གདན་ས་དམ་པ་རོང་བོ་དགོན་ཆེན་གྱི།།

དགེ་འདུན་བསམ་གཏན་ཞེས་བྱའི་བཀའ་འགྱུར་བས།།

འཕགས་བོད་མཁས་པའི་གསུང་རྩོམ་དྲི་མ་མེད།།

བསྟན་འགྱུར་ལུང་རྒྱུན་གནང་ཁྱེད་རྗེས་སུ་དྲན།།


བསྟན་པའི་མཛེས་རྒྱན་མངོན་པ་མཛོད་ཀྱི་གཞུང་།།

རྒྱལ་སྲས་གང་སྤེལ་ཤེས་བྱ་རབ་གསལ་དང་།།

ཐར་ལམ་གསལ་བྱེད་མཆིམས་འགྲེལ་ལ་སོགས་པར།།

རྒྱ་མཚོར་གྲུ་བཞིན་འཁྱུག་ཁྱེད་རྗེས་སུ་དྲན།།


ཁྲི་གདུགས་ཉི་མ་གཞོན་ནུ་འཛུམ་པའི་ལོར།།

བསྟན་པའི་ཚངས་ཐིག་བྱང་ཆུབ་ལམ་རིམ་གྱི།།

བརྒྱུད་པ་གསུམ་ལྡན་གསུང་གི་སྤྲིན་གྱི་བཅུད།།

ནོར་འཛིན་ཁྱོན་ལ་ཕབ་ཁྱེད་རྗེས་སུ་དྲན།།


རང་གི་བཤེས་གཉེན་ཁྲི་ཆེན་རྣམ་གཉིས་ཀྱི།།

བཀའ་གསུང་སྤྱི་བོར་ཕེབས་པའི་རྐྱེན་བྱས་ཏེ།།

ངེས་འབྱུང་བསམ་པས་རང་རྒྱུད་བསྐུལ་པ་རྣམས།།

ངུར་སྨྲིག་གོས་ཀྱིས་བརྒྱན་ཁྱེད་རྗེས་སུ་དྲན།།


གསེར་ཕྲེང་བསྡུས་དོན་འཇམ་མགོན་དགོངས་རྒྱན་དང་།།

དོན་གསལ་ལས་བྱུང་མཚམས་སྦྱོར་ཇི་སྙེད་རྣམས།།

གསལ་བར་བཀོད་པའི་པད་དཀར་ཆུན་པོ་གཉིས།།

སྐལ་ལྡན་སྐྱེས་སུ་གནང་ཁྱེད་རྗེས་སུ་དྲན།།


ཡིག་ཆའི་མཐའ་དཔྱོད་ཉེར་མཁོ་མདོར་བསྡུས་པའི།།

དངུལ་གྱི་ལྡེ་མིག་གོང་སྨོས་བསྡུས་དོན་གཉིས།།

མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་ཏེ།།

མཁས་པའི་ལག་རྗེས་བཞག་ཁྱེད་རྗེས་སུ་དྲན།།


བསྟན་པའི་གཞི་མ་འདུལ་བའི་སྡེ་སྣོད་ལས།།

མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་དང་།།

རིན་ཕྲེང་བདེ་འདུལ་ལུང་རིགས་ཉི་མ་སོགས།།

ཚུལ་བཞིན་ཉམས་སུ་བླངས་ཁྱེད་རྗེས་སུ་དྲན།།


ཞིང་ཟླ་བརྒྱད་པར་རོང་བོའི་རྒྱུད་གྲྭ་ནས།།

སྐྱབས་རྗེ་བསེ་ཚང་བློ་བཟང་དཔལ་ལྡན་ལས།།

རྡོ་རྗེ་འཕྲེང་བའི་དབང་ཆེན་ཞེ་ལྔ་སོགས།།

ལེགས་གསན་གདམས་པའི་མཛོད་ཁྱེད་རྗེས་སུ་དྲན།།


རིག་བྱེད་སྨྲ་བ་དགེ་སློང་འོད་ཟེར་གྱིས།།

ཁོང་གི་ཡོན་ཏན་བརྗོད་པའི་བདག་རྐྱེན་ཁྲོད།།

མན་ངག་གསེར་གྱི་ལྡེ་མིག་བཤད་ཁྲིད་ཀྱིས།།

ཕྲན་ཡང་ཐུགས་ལ་བཏགས་ཁྱེད་རྗེས་སུ་དྲན།།


དུས་ཚོད་ནམ་ཞིག་གསལ་བོར་མ་ངེས་ཀྱང་།།

བདུད་འདུལ་གོང་མས་བློ་བཟང་སྦྱིན་རྒྱམ་དང་།།

མཁན་རབས་སོ་བཞིས་བློ་བཟང་ཐབས་མཁས་བརྒྱུད།།

ཐར་འདོད་འཇུག་ངོགས་གསུངས་ཁྱེད་རྗེས་སུ་དྲན།།


སྐྱ་སེར་འགྲོ་ལ་སེམས་བསྐྱེད་མཆོད་པ་འམ།།

དུས་མིན་འཆི་བ་བསྲིངས་པའི་ཚེ་ཡི་དབང་།།

མདོ་སྔགས་བློ་སྦྱོང་ཡང་དག་འཆད་ཁྲིད་ཀྱིས།།

ཐར་པའི་ལམ་བཟང་བསྟན་ཁྱེད་རྗེས་སུ་དྲན།།


རྒྱུད་རྒྱལ་འདུས་པའི་འགྲེལ་བ་བཞི་སྦྲགས་དང་།།

རིམ་ལྔ་གསལ་སྒྲོན་སྔགས་རིམ་ཆེན་མོ་བཅས།།

མཁས་གྲུབ་ཆོས་རྗེའི་དྲི་མེད་འོད་འགྲེལ་སོགས།།

ཁྲི་ཆེན་བསྐྱེད་རྫོགས་སྦྱངས་ཁྱེད་རྗེས་སུ་དྲན།།


ཞེ་གཅིག་ལོ་ནས་ཁྲི་རབས་སོ་བདུན་པས།།

ཕྱོགས་ཀྱི་སྐལ་ལྡན་མཁན་བུ་གང་མཆིས་ལ།།

མཚམས་སྤྲིན་གོས་ཀྱི་ངུར་སྨྲིག་རྣམ་རོལ་པའི།།

བསྙེན་རྫོགས་མཁན་ཐོབ་སྤྲད་ཁྱེད་རྗེས་སུ་དྲན།།


ཐམས་ཅད་འདུལ་བ་མེ་མོ་ཕག་ལོ་ནས།།

རོང་ཆེན་བསྟན་པའི་སྒྲོན་མེའི་བཀའ་དགོངས་ལྟར།།

ཚོ་བདུན་ཀིརྟིའི་དགོན་གྱི་མཁན་ཁྲི་དང་།།

དཔེ་ཁྲིད་རྒན་དུ་བསྐོས་ཁྱེད་རྗེས་སུ་དྲན།།


ལོ་ལྔའི་རིང་ལ་གདན་ས་དེ་ཉིད་དུ།།

ཕ་མ་བཟང་བོས་རང་གི་བུ་ཕྲུག་བཞིན།།

ཡ་མཚན་འཚར་ལོངས་བསྐྱེད་དུ་བཅུག་པ་ཡི།།

བསྟན་ལ་སྲི་ཞུ་མཛད་ཁྱེད་རྗེས་སུ་དྲན།།


བཀའ་པོད་ལྔ་དང་སྔགས་བསྡུས་ཀྱིས་མཚོན་པའི།།

མདོ་སྔགས་འཆད་ཁྲིད་མང་ཇ་འགྱེད་དང་བཅས།།

ལུགས་གཉིས་སྒོ་ནས་གཞན་དང་མི་མཚུངས་པར།།

བདག་སྐྱོང་ཚད་མེད་བྱས་ཁྱེད་རྗེས་སུ་དྲན།།


སྐྱབས་གཅིག་བླ་མའི་ལོ་གསུམ་བསྙེན་ཆེན་མཚམས།།

གྲོལ་བའི་ཕུན་ཚོགས་དགའ་སྟོན་རྟེན་འབྱུང་དུ།།

དམིགས་བརྟག་དགོངས་འགྲེལ་རྣམ་རིག་ལྟ་བ་ཡི།།

འཇུག་ངོགས་དཔར་དུ་བསྐྲུན་ཁྱེད་རྗེས་སུ་དྲན།།


གདན་ས་རྣམ་བཞིའི་འཆད་ཉན་གང་ལེགས་དང་།།

ལྷག་པར་ཚད་མའི་དགུན་ཆོས་ཆེན་མོ་ཡི།།

སློབ་དཔོན་དམ་པའི་ཁུར་བཞེས་དགེ་བའི་བཤེས།།

སྨྲ་བའི་དབང་བོ་གང་ཁྱེད་རྗེས་སུ་དྲན།།


ས་གླང་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ནས།།

མ་དགོན་ལྷ་མོའི་སྟོང་ཕྲག་འདུས་པའི་དབུས།།

ལྷ་རམས་དམ་བཅའི་བསྔགས་བརྗོད་རོལ་མོ་ཡིས།།

ཀུན་ཁྱབ་མཛོད་ཚང་མཆོག་ཁྱེད་རྗེས་སུ་དྲན།།


རབ་བྱུང་རྣམས་ཀྱིས་རང་གི་འགན་འཁྲི་དེ།།

མི་བརྗེད་དྲན་པའི་ཤ་ཚའི་སྙིང་གི་གཏམ།།

དྲུག་ཅུ་རྒན་པོའི་རེ་འདུན་བསླབ་བྱ་ལ།།

ཟུར་བརྒྱན་ཞལ་ལུང་སྤེལ་ཁྱེད་རྗེས་སུ་དྲན།།


བོད་ཟླ་བདུན་པའི་ཡར་ཚེས་བཟང་བོ་ནས།།

བུ་དགོན་དགེ་ལྡན་ལེགས་བཤད་གླིང་བ་ཡི།།

འཛིན་གྲྭ་སོ་སོར་གཞུང་ཆེན་བཀའ་པོད་ལྔའི།།

བསྔགས་འོས་གྲྭ་སྐོར་གནང་ཁྱེད་རྗེས་སུ་དྲན།།


ཕྱི་ལོའི་མཆུ་ཟླའི་ཚེས་པ་བཞི་ནས་བཟུང་།།

ཀིརྟིའི་སུམ་སྟོང་འདུས་པ་རྒྱ་མཚོའི་དབུས།།

ཉིན་མོ་གསུམ་རིང་ཆེས་མཐོའི་དགེ་བཤེས་ཐོབ།།

ལྷ་རམས་དམ་བཅའ་བཞག་ཁྱེད་རྗེས་སུ་དྲན།།


ལྟོས་བཅས་སྐྱ་སེར་བགྲང་ལས་འདས་པ་ཡིས།།

རྟེན་གསུམ་དར་གོས་སྔོན་ཆད་མ་བྱུང་དང་།།

གསེར་སྐུ་མཐོང་གྲོལ་བརྒྱ་ཕྲག་གསུམ་ལྷག་སོགས།།

དཔག་ཡས་དགའ་སྟོན་ཕུལ་ཁྱེད་རྗེས་སུ་དྲན།།


ལྕགས་མོ་ཡོས་ལོར་རང་གི་གདན་ས་རུ།།

མཁས་བཙུན་བཟང་བོའི་ཡོན་ཏན་རབ་མཐོ་བའི།།

འདུས་མང་དབུས་སུ་དམ་བཅའ་མཛད་པ་ཡི།།

མདོ་སྔགས་རབ་འབྱམས་པ་ཁྱེད་རྗེས་སུ་དྲན།།


དགེ་ལྡན་བཀྲ་ཤིས་ཆོས་ཀྱི་གླིང་མཆོག་ནས།།

བཤེས་གཉེན་དམ་པ་དགེ་འདུན་རྒྱ་མཚོ་ཡིས།།

སྔགས་རམས་དམ་བཅའ་གསར་དུ་འཛུགས་པ་ལ།།

དཔག་མེད་ཐུགས་འགན་བཞེས་ཁྱེད་རྗེས་སུ་དྲན།།


མི་རིང་མི་ཐུང་ལོ་རྒན་ལྔ་ཡི་རིང་།།

ཚོ་བདུན་མཁན་ཁྲི་ལེགས་པར་བསྐྱངས་པ་ལ།།

ལེགས་སོའི་ཆེད་བརྗོད་གཞུང་འགྲེལ་དཔྱད་རྩོམ་སོགས།།

བརྩམས་ཏེ་སྙིང་ནས་སྨོན་ཁྱེད་རྗེས་སུ་དྲན།།


གནས་བརྟན་བགྲེས་པོ་འཇམ་དབྱངས་དམ་ཆོས་ལས།།

གསོལ་འདེབས་དམིགས་བརྩེ་མ་ཡི་བེའུ་བམ་དང་།།

འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་སོགས།།

བརྩོན་པའི་ཧུབ་ཀྱིས་དྲངས་ཁྱེད་རྗེས་སུ་དྲན།།


དགའ་བ་ཆུ་འབྲུག་ཆུ་མོ་སྦྲུལ་གཉིས་ལ།།

མཁས་པའི་འབྱུང་གནས་ཀིརྟི་དགོན་ཆེན་གྱི།།

འཆད་ཉན་ཉམས་ཞིབ་ཚོགས་པའི་ཚོགས་གཙོ་དང་།།

ཤེས་ཡོན་འགན་འཛིན་གཉེར་ཁྱེད་རྗེས་སུ་དྲན།།


ཞེ་བདུན་བཞེས་པའི་ཁྲུམས་སྟོད་ཟླ་བའི་ནང་།།

བདག་སོགས་དུ་མར་ཉིན་མོ་བཞིའི་རིང་ལ།།

དམིགས་བརྟག་ལུང་དང་རབ་བྱུང་འགན་འཁྲི་ཡི།།

ལུང་ཁྲིད་བཤད་གསུམ་བྱོ་ཁྱེད་རྗེས་སུ་དྲན།།


བསྟན་པའི་དཔལ་གྱུར་རོང་བོའི་ཆོས་སྡེ་ནས།།

སྐྱབས་རྗེ་བླ་མ་སྐུ་ཕྱོགས་བསེ་ཚང་གིས།།

ཞྭ་དམར་ལམ་རིམ་ངུར་སྨྲིག་འདུས་པའི་སྡེར།།

གནང་བའི་ཐུགས་ཀྱི་སྲས་ཁྱེད་རྗེས་སུ་དྲན།།


དེ་ཡི་བར་ནས་སེང་གཤོང་མ་མགོ་རུ།།

ཤེས་རབ་ལྷ་མཆོག་རྗེ་བཙུན་འཇམ་དབྱངས་ཀྱི།།

རྗེས་གནང་ཉིན་གཅིག་སྩལ་བ་གསན་སླད་དུ།།

ཉེ་གནས་འཁོར་བཅས་བྱོན་ཁྱེད་རྗེས་སུ་དྲན།།


བྱིན་རླབས་རབ་འབར་རྗེ་བཙུན་དོ་ཁ་མའི།།

སྐུ་བརྙན་བཞུགས་པའི་སྨད་ཕྱོགས་སྤེན་ཐང་དུ།།

གཙང་བརྒྱུད་རིགས་གསུམ་རྗེས་གནང་ལུང་ཚན་འགའ།།

བཅུ་གཅིག་ཞལ་དབང་མནོས་ཁྱེད་རྗེས་སུ་དྲན།།


བློ་བཟང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་བས།།

སེམས་བསྐྱེད་མཆོད་པའི་ཆོས་འཁོར་གསུམ་པ་དེ།།

དགེ་ལྡན་རྗེས་འཇུག་བསྟན་འཕེལ་གླིང་བ་ནས།།

བསྐོར་པར་གསན་དུ་ཕེབས་ཁྱེད་རྗེས་སུ་དྲན།།


བྱང་ཆེན་ཁང་བཟང་བགྲོད་པའི་ལམ་ཡིག་ཅེས།།

བླ་མ་བསྟེན་ཚུལ་ལྕགས་དཔར་སྣ་རིང་གི།

ཤོག་གྲངས་བཞི་བརྒྱ་བཅུ་གཉིས་བཞུགས་པ་ཡི།།

བླ་མེད་བསྟན་བཅོས་མཛད་ཁྱེད་རྗེས་སུ་དྲན།།


སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ལ།།

འདི་ལ་ཞུ་དག་སྤྱན་འབེབས་ཞུས་པ་ན།།

ཐུགས་ཡིད་འཕྲོག་སྟེ་འདི་ཡི་ཁྲིད་རྒྱུན་ཡང་།།

སྤེལ་བའི་རེ་བ་ཞུས་ཁྱེད་རྗེས་སུ་དྲན།།


ཞེ་བརྒྱད་སྦྲུལ་ལོར་བསྟེན་ཚུལ་མདོར་བསྡུས་པ།།

སྣ་རིང་ཤོག་གྲངས་བརྒྱ་དང་བཅུ་དགུ་ཅན།།

མཛད་ཅིང་དགེ་བཤེས་མཆོག་གི་ཐུགས་འདུན་བཞིན།།

འདི་གཉིས་ཁྲིད་བཤད་སྤེལ་ཁྱེད་རྗེས་སུ་དྲན།།


འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ་གྱི།།

ལྗགས་ལུང་གནང་བའི་སྐབས་སུ་མ་རྙེད་པའི།།

ཆོས་ཚན་འགའ་ཤས་ཡོད་པ་ཕྱིས་ཀྱི་ཆར།།

བཀའ་འགྱུར་བ་ཡིས་བསྐངས་ཁྱེད་རྗེས་སུ་དྲན།།


རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་ལྟེ་གནས་དང་།།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གྲྭའི་གླིང་།།

རིས་མེད་ཆོས་བརྒྱུད་མང་དག་འཛོམས་པའི་དབུས།།

གསུང་བཤད་ལྷུས་ཐིངས་བྱོ་ཁྱེད་རྗེས་སུ་དྲན།།


ཉིས་སྟོང་བཅོ་ལྔའི་གནམ་ལོ་བཞད་པའི་ལོར།།

ཞལ་སློབ་བརྒྱ་ཕྲག་དུ་མའི་བཞུགས་ཤག་ཁང་།།

སློབ་གཉེར་ཚོམས་ཆེན་ཡིད་དགའ་ཆོས་འཛིན་གླིང་།།

བཞེངས་མཛད་བྱེད་པོ་མཆོག་ཁྱེད་རྗེས་སུ་དྲན།།


ཕྱི་ཡི་མཐུན་རྐྱེན་ཙམ་ཞིག་མ་ཡིན་པར།།

སློབ་སྦྱོང་སྒྲིག་ལམ་གང་གི་ཐད་དུ་ཡང་།།

ཀིརྟི་དགོན་པའི་རྒྱན་དུ་གྱུར་པ་ཡི།།

ལྷ་རམས་མང་བོ་བསྐྱངས་ཁྱེད་རྗེས་སུ་དྲན།།


གསེར་འཕྱང་མེ་བྱའི་བདུན་པའི་གནམ་གང་ཉིན།།

སྒྲིབ་བྲལ་སྤྱན་གྱིས་ཐུགས་བརྟག་མཛད་པའི་ངོར།།

དམིགས་བསལ་ཞལ་ངོའི་ལས་བྱེད་བབས་པར་བརྟེན།།

བཀའ་བཞིན་བསྒྲུབས་པས་མཉེས་ཁྱེད་རྗེས་སུ་དྲན།།


དགུང་གྲངས་ང་བཞིའི་ས་གའི་ཉེར་གཅིག་ནས།།

དུས་འཁོར་གྲྭ་སའི་མཁན་པོའི་ཁྲིར་བཞུགས་ཤིང་།།

སྔ་ཕྱིར་དུས་འགྲེལ་ལྔ་སྦྲགས་བདུན་སྦྲགས་ཀྱིས།།

བསྟན་པའི་སྒྲོན་མེ་སྦར་ཁྱེད་རྗེས་སུ་དྲན།།


བཀའ་གདམས་དམ་པའི་ལམ་རིམ་བློ་སྦྱོང་ངམ།།

མདོ་སྔགས་གཉིས་ཀྱི་མཇལ་དཀའི་ཕྱག་དཔེ་དང་།།

ཉེར་མཁོའི་གསུང་འབུམ་དར་སྤེལ་འཚོལ་བསྡུ་ཡིས།།

བསྟན་པ་རྨང་ནས་གསོས་ཁྱེད་རྗེས་སུ་དྲན།།


གསེར་ལྗོངས་མཁས་དབང་དཔྱི་ས་དྲུང་ཆེན་དང་།།

ཐུགས་ཟིན་མཁན་ཟུར་བསམ་གཏན་རྣམས་ཀྱི་བརྒྱུད།།

བསྟན་བཅོས་འགྱུར་རོ་ཅོག་གི་ལྗགས་ལུང་རྒྱུན།།

ནོར་འཛིན་མཐའ་ལ་སྤེལ་ཁྱེད་རྗེས་སུ་དྲན།།


ཡུལ་འདིའི་པཎ་ཆེན་འཇིགས་མེད་དམ་ཆོས་དང་།།

བསྙན་བརྒྱུད་མངའ་བདག་མཉྫུའི་མཚན་ཅན་གྱི།།

བཀའ་འབུམ་རིན་ཆེན་ལྷུན་པོའི་གཏོས་མཉམ་པ།།

ཐོགས་མེད་ལྗགས་རྩེར་སྨིན་ཁྱེད་རྗེས་སུ་དྲན།།


ཁང་སར་སྨིན་ཐང་དགོན་པའི་རྒྱུགས་ཞིབ་དང་།།

མདོ་སྨད་དགུན་ཆོས་ཉི་ཤུ་རྩ་དགུའི་སྐབས།།

དགེ་ལྡན་རབ་འབྱམས་པ་ཡི་རྒྱུགས་ཞིབ་སོགས།།

སྙན་པ་རྒྱང་ནས་བསྒྲགས་ཁྱེད་རྗེས་སུ་དྲན།།


བགྲང་བྱ་སོ་བདུན་ཆུ་མོ་ཡོས་ཀྱི་ལོའི།།

ཆོ་འཕྲུལ་ཟླ་བར་སྨན་པ་གྲྭ་ཚང་གི།

མཁན་པོའི་ཁུར་བསྣམས་བསྟན་འགྲོའི་དོན་ཆེན་རྣམས།།

ཡང་ཡང་བསྟུད་མར་བཞེས་ཁྱེད་རྗེས་སུ་དྲན།།


སྐལ་ལྡན་རྗེས་བཟུང་གསུང་གི་བྲག་རི་ལས།།

ལྡེ་མིག་རྣམ་དྲུག་མཛད་པར་གྲགས་མོད་ཀྱང་།།

ཕ་དབུས་འཕྲུལ་གསུམ་ཡལ་བར་གྱུར་པ་དང་།།

དཔག་བསམ་མ་བསྐྲུན་བཞུགས་ཁྱེད་རྗེས་སུ་དྲན།།


དྲང་ངེས་དགོངས་འགྲེལ་འཇམ་དཔལ་བཞད་སྒྲ་དང་།།

གསེར་ཕྲེང་མཆན་འགྲེལ་འཇམ་དབྱངས་བཞད་སྒྲ་ལས།།

བཞད་སྒྲ་རྣམ་བདུན་མཇལ་བར་མི་སྣང་ཞིང་།།

གོང་གཉིས་མཇལ་སྨོན་བཤེས་ཁྱེད་རྗེས་སུ་དྲན།།


སྨིན་དྲུག་ཟླ་བའི་མར་ངོའི་གསོ་སྦྱོང་ལ།།

ཕེབས་པའི་རྗེས་ནས་སྐུ་སྙུང་གསོ་བཅོས་སླད།།

སྤོས་ལྡན་ཧྭ་ཞིས་སྨན་ཁང་ཆེན་མོ་རུ།།

ཕེབས་ཀྱང་བཟང་ངོ་དཀའ་ཁྱེད་རྗེས་སུ་དྲན།།


དེ་ལྟར་དགུང་ལོ་ང་བརྒྱད་འཚོ་གཞེས་པའི།།

ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པ་ཅན།།

མགོ་ཟླའི་བདུན་ལ་མི་རྟག་མྱང་འདས་པའི།།

མཛད་པ་ཐ་མར་ཞུགས་ཁྱེད་རྗེས་སུ་དྲན།།


ཞལ་སློབ་མང་བོས་མངོན་པར་རྟོགས་པའི་རྒྱན།།

འགྲེལ་བ་དོན་གསལ་རྣམ་འགྲེལ་རྩ་བ་དང་།།

སྐྱབས་མགོན་ལམ་རིམ་ལ་སོགས་མཚན་འཕུད་རྣམས།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


དབུ་མཛད་ཟུར་བ་བློ་བཟང་ལྷུན་འགྲུབ་ཀྱིས།།

ལེགས་བཤད་སྙིང་བོ་བརྒྱ་ཕྲག་དུ་མའི་དབུས།།

དད་ལྡན་དང་བའི་རྒྱན་ཞིག་དབུ་བསྐུལ་བ།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


ཡུན་རིང་བསྐྱངས་པའི་དུས་འཁོར་གྲྭ་ཚང་གིས།།

བླ་མའི་ཐུགས་དགོངས་ཟབ་མོ་རྫོགས་པའི་ཕྱིར།།

མི་འཁྲུགས་བདག་འཇུག་བླངས་ཏེ་གསོལ་བཏབ་ལ།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


མ་དགོན་སྟག་ཚང་ལྷ་མོ་ཀིརྟི་ཡི།།

དགེ་བའི་བཤེས་ཀྱི་རྒྱུགས་སྤྲོད་རྣམ་པ་ཚོས།།

སྐྱབས་མགོན་ལམ་རིམ་བསྔོ་བས་རྒྱས་བཏབ་པར།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


གསོ་རིག་འགྲོ་ཕན་གླིང་གི་འདུས་སྡེ་ཡིས།།

སྐྱབས་འགྲོ་སེམས་བསྐྱེད་བླ་མ་མཆོད་པ་སོགས།།

གདུང་ཤུགས་དྲག་པོས་སྙིང་ནས་སྨོན་པའི་ཚུལ།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


གསེར་ལྗོངས་ཡུལ་ནས་ཕེབས་པའི་སློབ་འཁོར་གྱིས།།

རྒྱལ་སྲས་སྤྱོད་འཇུག་རྟེན་འབྲེལ་བསྟོད་པ་རྣམས།།

སྐུ་གདུང་རིན་ཆེན་འཁྲིས་ནས་གསུངས་པ་རྣམས།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


གུས་སློབ་འབངས་གཏོགས་སྙོམ་ལས་བདག་གིས་ཀྱང་།།

དྲང་ངེས་ལེགས་བཤད་སྙིང་བོ་དག་ཚར་གསུམ།།

ཡི་གེ་འབྲུ་གཅིག་མ་ཆད་བཏོན་པ་ལ།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


རེབ་གོང་རབ་དགའི་ཞལ་སློབ་རི་ཁྲོད་ཚོས།།

ཆོས་སྤྱོད་སྣ་མང་ལམ་སྔགས་སྨོན་ལམ་བཅས།།

གདུང་བའི་དབྱངས་ཀྱིས་ལྷང་ལྷང་སྐྱོར་བའི་ཉམས།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


རག་ཤུལ་བླ་མ་འཁོར་དང་བཅས་པ་ཡིས།།

ལྟུང་བཤགས་སྟོང་མཆོད་སྦྱོར་དངོས་རྗེས་གསུམ་བར།།

ཐུགས་དམིགས་གཏད་དེ་དད་པས་མཚམས་སྦྱར་བ།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


ཨ་འདུས་དགོན་ནས་ཕེབས་པའི་སློབ་ཚོགས་ཀྱིས།།

ཤེས་རབ་ཕར་ཕྱིན་བསྟན་བཅོས་མངོན་རྟོགས་རྒྱན།།

བཞེད་དགོངས་ཅི་མཆིས་རྫོགས་པའི་ཐབས་བསྔོས་པར།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


དཔལ་ལྡན་གསང་ཆེན་རྒྱུད་སྟོད་གྲྭ་ཚང་གི།

འཕགས་པའི་ཚོགས་ཀྱིས་གསང་བ་འདུས་པའི་རྒྱུད།།

དད་བྲེལ་སྙོམས་ལ་རང་གཞན་ཡིད་འདྲེན་པར།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


དུས་འཁོར་ཨེ་ཝཾ་ཟུང་འཇུག་གླིང་བ་ཡིས།།

སྤྱོད་པའི་རྒྱུད་ཀྱི་གཙོ་བོར་གྱུར་པ་ཡི།།

རྣམ་སྣང་མངོན་བྱང་བདག་འཇུག་བླངས་པ་ལ།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


ནག་ཚང་ཀིརྟིའི་དགེ་འདུན་འགའ་ཤས་ཀྱིས།།

རྫོགས་སངས་རྒྱས་སུ་མྱུར་བར་འཁྲིད་པའི་ཐབས།།

བླ་མ་ལྷ་ཡི་རྣལ་འབྱོར་སྒྲ་བཅས་སུ།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


ལུགས་གཉིས་སྒོ་ནས་ཚད་མེད་བསྐྱངས་པ་ཡི།།

ཚོ་བདུན་ཀིརྟིའི་ངུར་སྨྲིག་འདུས་པ་ཡིས།།

རྒྱུད་སྡེ་བཞི་ཡི་སྨོན་ལམ་གསུང་བསྒྲགས་པར།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


བཀའ་རམས་བཅུ་བཞི་བ་དང་བཞི་བ་ཡིས།།

སྐྱབས་མགོན་བརྒྱད་པ་བློ་བཟང་འཕྲིན་ལས་ཀྱི།།

ཐར་འདོད་འཇུག་ངོགས་ཁྱེད་ཐུགས་འགྲུབ་སླད་བསྔོས།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


ཆོས་སྡེ་གང་གི་ཚོགས་ཆེན་ཁྲི་ཟུར་བ།།

བློ་ཆོས་ཞབས་ཀྱི་ཞལ་སློབ་མང་ཕེབས་ཏེ།།

བླ་མ་མཆོད་པའི་ཆོ་ག་སྐྱོར་བའི་ཚེ།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


དཀར་ཕྱོགས་རྒྱལ་བ་གསུམ་པའི་ཉིན་མོ་ལ།།

དད་གསུམ་རྩེ་གཅིག་སྐྱ་སེར་ཐམས་ཅད་ཀྱི།།

གདུང་མཇལ་སྐབས་ཀྱི་སྐྱོ་བའི་སྨྲེ་སྔགས་སྒྲར།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


ཧོར་ཚེས་བཅུ་བཞི་བོད་ཚེས་བཅོ་ལྔའི་ཉིན།།

སུམ་སྟོང་འདུས་པས་བསྔོ་སྨོན་སྐྱབས་ཞུར་འབྲེལ།།

མཆོག་སྤྲུལ་གཞོན་ནུ་མྱུར་འབྱོན་གསོལ་བཏབ་པར།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


དགེ་ལྡན་ལེགས་བཤད་གླིང་གི་སློབ་འཁོར་གྱིས།།

ཟླ་གཉིས་ལྷག་ལ་ཡང་སྤྲུལ་མྱུར་འབྱོན་སླད།།

བཀའ་འགྱུར་ལ་སོགས་གསུང་རབ་ཆག་མེད་བཀླགས།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


རོང་བོ་དགོན་པའི་ཁོང་གི་སློབ་མ་ཚོས།།

དགེ་འདུན་པ་རེར་དམངས་སྒོར་ལྔ་བཅུ་རེས།།

བླ་མཆོད་དང་ནི་མྱུར་འབྱོན་གསོལ་འདེབས་ཞུས།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


བདག་གིས་བསྐུལ་ཏེ་བྱང་རྩེ་ལྷ་རམས་པ།།

དཔྱི་ས་དྲུང་སྤྲུལ་མཁས་དབང་བཀྲ་བསོད་སོགས།།

ཆེ་རྒུ་དུ་མས་མྱུར་འབྱོན་ལྔ་སྟོང་གསུངས།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


དགེ་སློང་ཚངས་སྲས་ངག་གི་སྒྲ་དབྱངས་ཀྱིས།།

འཇིགས་བྱེད་དཔའ་བོ་གཅིག་པའི་ལས་རུང་དང་།།

རྒྱལ་བའི་ཐར་མདོ་དག་ཚར་གསུང་བསྒྲགས་པ།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


ཤེར་ཕྱིན་ཡུམ་མཆོག་རྒྱས་འབྲིང་བསྡུས་པ་གསུམ།།

གདུགས་དཀར་མཆོག་ཏུ་གྲུབ་མ་ཁྲི་ཚར་བཅས།།

བསྟན་འགྲོའི་དཔལ་དུ་འབྱོན་སླད་ཉེར་བསྒྲུབས་པ།།

གསན་དགོངས་ཨེ་གནང་བདག་མགོན་དུ་ཕེབས།།


སྐལ་བཟང་ཆོས་སྒྲོན་ཤེས་རབ་རྒྱ་མཚོ་སོགས།།

སྐྱ་སེར་མང་བོས་སྒྲོལ་མ་བཞི་སྟོང་དང་།།

མ་ཎི་བརྒྱད་ཁྲི་གསང་འདུས་བཟང་སྤྱོད་བཏོན།།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།


འབྲེལ་ཡོད་དགོན་སྡེ་སྤྱི་སྒེར་ཐམས་ཅད་ཀྱིས།།

རང་རང་ཕྱོགས་ནས་དགུང་ཞག་ཞེ་དགུའི་ནང་།།

རྣམ་དཀར་དགེ་བསྒྲུབས་གངྒཱའི་རྡུལ་སྙེད་དག།

གསན་དགོངས་ཨེ་གནང་བདག་ཅག་མགོན་དུ་ཕེབས།།

 

ཞེས་དགེ་བའི་བཤེས་གཉེན་ཆེན་མོ་མཛོད་ཚང་༧བློ་བཟང་བརྩོན་འགྲུས་རྒྱ་མཚོ་མཆོག་སྐུ་གཤེགས་པའི་རྗེས་དྲན་དུ་༧བསྟན་པའི་དཔལ་གྱུར་རྔ་ཡུལ་ཀིརྟི་དགོན་ཆེན་དགེ་ལྡན་ལེགས་བཤད་གླིང་གི་སློབ་གཉེར་ཚོམས་ཆེན་ཡིད་དགའ་ཆོས་འཛིན་གྱི་འཁོར་སློབ་ཐུན་མོང་གིས་རྗེས་དྲན་དེབ་ཅིག་སྤེལ་འཆར་ཡོད་པ་ཐོས་པས་རང་ཡང་བཤེས་གཉེན་མཆོག་གི་སློབ་མའི་གྲལ་མཐར་གནས་པ་ཞིག་ཡིན་པའི་ཆ་ནས་རྣམ་ཐར་ཅུང་ཟད་དང་འབྲེལ་ཏེ་རྗེས་དྲན་རྩོམ་ཡིག་ཅིག་འབྲི་བའི་འདུན་པ་བྱུང་མོད། ད་སྔ་ཁོང་གི་རྣམ་ཐར་བརྩམས་པ་ཞིག་མེད་པའི་ཁར་མཚམས་སྦྱོར་ཉུང་བསྡུས་ཤིག་ཀྱང་པིར་མིང་ལ་བརྒྱ་བྱིན་རྡོ་རྗེ་རུ་འབོད་པས་བྲིས་པ་ལས་མ་མཐོང་ཞིང་། གམ་བཅར་ལྷ་རམས་པ་དཔལ་ལྡན་བསོད་ནམས་དང་ཁྲོ་ཁོའི་བློ་བཟང་འཇིགས་མེད་རྣམ་པ་གཉིས་ལ་ཡང་ད་ལྟ་རྣམ་ཐར་ས་བོན་ཆེར་མེད་པས་འདི་ཙམ་ལས་མ་ངེས་ཀྱང་༼མདོ་སྔགས་རབ་འབྱམས་སྨྲ་བ་མཛོད་ཚང་དགེ་བཤེས་རིན་པོ་ཆེ་རྗེས་སུ་དྲན་པའི་གཏམ་གདུང་ཤུགས་རླབས་ཀྱི་ཕྲེང་བ་ཞེས་བྱ་བ་༽ཤླཽ་ཀ་བརྒྱ་དང་བཅོ་ལྔས་གྲུབ་པ་འདི་ནི་དམ་པ་གང་གི་ཐུགས་བཞེད་ཆ་ཙམ་འགྲུབ་པའི་རྒྱུ་རུ་དམིགས་ཏེ་མདོ་སྨད་༧དགོན་ཆེན་དྲུག་གི་ཡ་གྱལ་༧རོང་བོ་དཔལ་གྱི་དགོན་ཆེན་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་སེར་གཟུགས་སྙོམ་ལས་པ་རོང་བོ་བློ་གྲོས་བརྟན་པས་གཟའ་འཁོར་གཅིག་ཙམ་གྱི་རིང་ལོང་གང་ཡོད་ལ་ཐད་ཀར་ཚིགས་བཅད་འགའ་རེ་ཁ་པར་དུ་གཏགས་ཏེ་གྲོ་བཞིན་ཟླ་བའི་ཡར་ཚེས་གསུམ་པའི་ཉིན་མཇུག་གྲུབ་པར་བགྱིས་པ་དགེ་ལེགས་སུ་གྱུར་ཅིག།  །།


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

 

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章