དཔེ་ཀློག་དང་སེམས་འདྲེས་པའི་སྐད་ཆ།   མང་དགེ་བསོད་ནམས་འབྱུང་གནས།

文摘   2024-08-12 09:52   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台




དཔེ་ཀློག་དང་སེམས་འདྲེས་པའི་སྐད་ཆ། 

(ཞར་བཀོད་གཅིག།)



མང་དགེ་བསོད་ནམས་འབྱུང་གནས། 



   (གསལ་བཤད། «དཔེ་ཀློག་དང་སེམས་འདྲེས་པའི་སྐད་ཆ།»ཞེས་པའི་རྩོམ་ཡིག་འདི་ནི་ཕྲན་ལོ་བཅོ་བརྒྱད་དེ་ཉིས་སྟོང་བཅོ་ལྔའི་ལོར་བྲིས་པ་ཞིག་ཡིན་ལ། ཁ་ཉིན་པར་ཡིག་མང་བོ་ཞིག་གི་གསེབ་ནས་ལག་སོན་བྱུང་བར་ཚིག་དོན་གྱི་ཆ་ལ་བཟོ་བཅོས་ཕྲན་ཙམ་ཡང་མ་བྱས་པར་ཐད་ཀར་ངོ་བཤུས་བརྒྱབ་པ་ཡིན། ལོ་ཆུང་དུས་ཀྱི་སྣང་བ་འདྲེས་པའི་ང་རྒྱལ་དང་། རང་ངོ་མ་མཐོང་བའི་གསར་རྟགས་ཀྱི་ཆ་སོགས་ཏན་ཏན་འདྲེས་འདུག་སྟེ། གཞོན་པའི་ལང་ཚོའི་བརྒྱུད་རིམ་ཞིག་ཏུ་ངོས་འཛིན་གནང་རྒྱུ་ལས་ཁོང་ཁྲོ་མི་ལངས་བར་ཞུའོ། ། )


དགོན་པ་དྲིན་ཅན་མ་དང་ཁྱད་མེད་ལ། །
དགེ་སྐུལ་བཟང་པོར་བཀུར་ནས་འགྲོ་དགོས་ཀྱང་། །
བདག་ནི་དཔེ་ཀློག་དུར་དུ་ཤི་གྱུར་པས། །
རང་ཡུལ་དགོན་ཆུང་མིག་གིས་མ་མཐོང་ཐལ། །


ཆོས་ཀྱི་སློབ་དཔོན་དམ་པའི་བཀའ་བསྒྲུབས་ཏེ། །
དབེན་པའི་རི་ཁྲོད་འགྲིམ་སྟེ་བཞུགས་དགོས་ཀྱང་། །
བདག་གིས་དཔེ་ཀློག་ཁང་བ་བརྩིགས་གྱུར་ནས། །
རི་ཁྲོད་ལུང་བ་ཡིད་ལ་མ་འཁོར་ཐལ། །


གྲྭ་དམངས་བཅས་ཀྱིས་ལས་འགན་བཞག་པ་སྟེ། །
དངུལ་དཀར་རྒྱ་གླིང་འབུད་ནས་བསྡད་དགོས་ཀྱང་། །
བདག་ནི་དཔེ་ཀློག་སྒྲ་དབྱངས་འཐིམ་གྱུར་ནས། །
ལྕགས་དང་དངུལ་གྱི་རྒྱ་གླིང་མ་དྲན་ཐལ། །


ཆོས་ཀྱི་གྲོགས་པོའི་གསུང་ལ་ཇི་བཞིན་ཉན། །
ཚོགས་དང་ཆོས་རྭར་ཆགས་མེད་ཡོང་དགོས་ཀྱང་། །
བདག་ནི་དཔེ་ཀློག་རྒྱལ་བོའི་མདུན་དྲུང་ནས། །
གོམ་གང་ཕྱིར་ལ་སྤོས་དབང་མ་ཡོད་ཐལ། །


ཕ་ཡུལ་བུ་མོ་ཚོ་ཡི་རེ་འདུན་ལྟར། །
གཉེན་ཞིག་བསྒྲིགས་ཏེ་བུ་ཞིག་བཙའ་དགོས་ཀྱང་། །
བདག་ནི་དཔེ་ཀློག་ལྷ་མོའི་པང་ཁུག་ནས། །
སྐྱིད་ཐག་ཆོད་དེ་ཁྱེད་ཅག་མ་དྲན་ཐལ། །


རང་སྡེ་ལ་དང་ལུང་བའི་སྲོལ་རྒྱུན་ལྟར། །
དྲིན་ལ་དྲིན་གཟོའི་རྟེན་དོད་དབུལ་དགོས་ཀྱང་། །
བདག་ནི་དཔེ་ཀློག་འཚོ་བར་སྒྲིམ་ཆེ་བས། །
བྱམས་ཀྱིས་སྐྱོང་བའི་མི་ཚོ་མ་ངེས་ཐལ། །


གཤིན་ཟས་དཀོར་ཟས་ཟོས་ནས་འདུག་པ་ལ། །
སྒྲིབ་སྦྱོང་ཤུགས་ཙམ་བསྐྱེད་ནས་བཞུགས་དགོས་ཀྱང་། ། 
བདག་ནི་དཔེ་ཀློག་གདན་ལ་བཞུགས་ཆེ་ནས། །
མར་གྱུར་སེམས་ཅན་ཡིད་ལ་མ་འཁོར་ཐལ། །


སྨྱུ་གུ་བཟུང་ནས་སྙན་དངགས་འབྲི་བ་ལ། །
ཚོར་བ་རྣོ་ན་ཤིན་ཏུ་ལེགས་མོད་ཀྱང་། །
བདག་ནི་དཔེ་ཀློག་ནམ་མཁའི་དཀྱིལ་འཁོར་ནས། །
མགོ་བོ་འཁྲུགས་ཏེ་ཚོར་འདུ་ཡལ་ནས་ཐལ། །


བརྒལ་བརྟག་རིགས་ལམ་ཕྱེད་པའི་ཐུ་འོག་ནས། །
རྟོག་གེ་མགོ་འཁྲེགས་རྣམས་ལ་རྩོད་དགོས་ཀྱང་། །
བདག་ནི་དཔེ་ཀློག་ཁང་བར་བཅར་དྲག་སྟེ། །
ཆོས་རྭའི་ལྟ་བ་རྩོད་གླེང་མ་ཐོས་ཐལ། །


དུས་རབས་ཉེར་གཅིག་དེང་གི་ཁུགས་སོ་ནས། །
འཛམ་གླིང་ཧྲིལ་བོའི་གནས་ཚུལ་གོ་དགོས་ཀྱང་། །
བདག་ནི་དཔེ་ཀློག་རྒྱ་མཚོར་ནུབ་གྱུར་ནས། །
གསར་འགྱུར་བདེན་རྫུན་ཅི་ཡང་མ་གོ་ཐལ། །


དཔལ་འབྱོར་གོ་ལ་ཅན་གྱི་དུས་རབས་འདིར། །
རང་ཁ་རང་གསོའི་ཕྱོགས་ལ་འབད་དགོས་ཀྱང་། །
བདག་ནི་དཔེ་ཀློག་དྲོད་ཀྱིས་བསྐྱངས་དྲག་པས། །
ཕྱི་ཡི་འཁོར་བའི་འཚོ་ཚིས་མ་སེམས་ཐལ། །


2015/8/17 ཉིན། 


རང་རྩོམ་བཀླགས་པའི་འཆར་སྣང་། 


ཐོབ་ཤོར་རྩིས་ལ་བཏབ་པའི་ལོ་ཟླ་དང་། །
རེ་དོགས་ཐོད་ལ་བརྩེགས་པའི་གཉེར་མའི་འོག །
ཆགས་སྡང་རྩ་བར་བྱས་པའི་འཇིག་རྟེན་ནས། །
མངར་སྐྱུར་བསྐ་གསུམ་འཚོ་བ་ཅི་ཡང་མྱངས། ། 


གཞན་གྱིས་བཀུར་ལ་གཞན་གྱིས་སྨད་པ་དང་། །
འགའ་ཤས་སྡང་ལ་སྐོར་ཞིག་དགའ་བ་སྟེ། །
གང་ཡང་རང་གི་ངོས་ནས་མ་གྲུབ་པར། །
ཚུལ་མིན་རྣམ་རྟོག་བློ་ཡིས་བཏགས་པ་ཙམ། །


མི་ཚེ་སྐྱོ་ཡང་ཚེ་ཁྲལ་འཇལ་དགོས་ལ། །
འཚོ་བ་སྡུག་ཀྱང་བགྲོད་ལམ་འཚོལ་དགོས་པས། །
རང་ལམ་རང་གིས་འཚོལ་བའི་གོ་རིམ་ཁྲོད། །
དྲིན་གྱི་བུ་ལོན་ཆད་པ་ཉུང་ཉུང་མིན། །


ཀུན་ཀྱང་འཚོ་བའི་དོན་སྙིང་མི་གཅིག་ལ། །
ཐམས་ཅད་བསམ་པའི་འཁོར་ཕྱོགས་མི་མཐུན་པས། །
གཞན་དག་དགའ་བའི་ལས་དོན་ཁོ་ན་ཙམ། །
འགྲུབ་པའི་རེ་འདུན་བདག་ལ་ཡོད་པ་མིན། །


ཚེ་འདིར་རང་ཉིད་གང་ལ་འཁྲེང་བའི་ཡུལ། །
མིག་མདུན་དཔེ་ཀློག་ཁྲོད་ཀྱི་འཚོ་བ་དེ། །
སུ་ཡང་མགུ་བའི་རྐྱེན་དུ་མ་གྱུར་ཀྱང་། །
ཤ་ལས་ཆད་པའི་བུ་བཞིན་འདོར་ཐབས་བྲལ། །


རང་ལུགས་ཡིན་ཞེས་རྟག་བརྟན་ཐེར་ཟུག་ཅིག །
གཞན་ལུགས་ཞེས་ཏེ་སྐྱོན་གྱི་གང་བུ་ཞིག །
སོ་སོར་ཕྱེས་ཏེ་སྒོ་མེད་ཁང་བུ་ཞིག །
ཨེ་ཐོབ་རེ་བ་རྨི་ལམ་ཚུན་ནའང་མེད། །


བདེ་སྐྱིད་འཚོ་བའི་ཁྲོད་ནས་ཨེ་འབྱོར་དང་། །
ཁ་ཕྱོགས་རང་ས་འདི་ནས་ཨེ་རྙེད་སྙམ། །
ཚེ་ཡི་ལྷག་མའི་དུས་ཚོད་ཕོན་ཆེ་བ། །
རང་དབང་རང་ལུགས་ཕྱོགས་སུ་གཞོལ་ན་བསམ། །


འདས་སོང་ལོ་ཟླར་ཕྱིར་མིག་བསྐོར་ཐེངས་རེར། །
འགྱོད་དང་ནོངས་པའི་ལས་སྦྱོར་མེད་འདོད་དེ། །
ཅི་སྟེ་རང་ཉིད་རང་ལ་རྩིས་ཆེ་བའི། །
ངན་པའི་རང་འདང་ཡིན་ཡང་སྲིད་པ་རེད། །


དེང་ཡང་སྒམ་ཚུགས་འཛིན་པར་མི་འདོད་ལ། །
དྲང་སྲོང་བརྟུལ་ཞུགས་འཆང་བར་མི་ནུས་ཏེ། །
ད་དུང་ཉི་ཤུའི་སྣང་བ་མ་ཡལ་བའི། །
གཞོན་པའི་བློ་སྟོབས་ལང་ཚོའི་དཔལ་དུ་ཆེ། །


ཞེས་པ་འདི་ཡང་རང་རྩོམ་ཐར་ཐོར་ཞིག །
མཐོང་བའི་རྐྱེན་བྱས་གློ་བུར་བཏགས་པ་ལས། །
རིག་བྱེད་ངག་ལ་དབང་དུ་འབྱོར་ཉམས་ཀྱིས། །
མཁས་པའི་ཤ་ཚུགས་བཟུང་བའི་རྣམ་འགྱུར་མིན། །


ཞེས་ཕྱི་ལོ 2024/8/8 རྒོངས་མོར་མང་དགེ་བསོད་ནམས་འབྱུང་གནས་ཀྱིས་རང་ཤག་ཏུ་བྲིས་པའོ། ། 



版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章