སྐབས་བརྒྱད་པའི་དོགས་གཅོད་བྱང་ཐང་བྱང་གི་མེ་ཏོག བློ་བཟང་ཐུགས་རྗེ།

文摘   2024-09-13 11:29   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台




སྐབས་བརྒྱད་པའི་དོགས་གཅོད་བྱང་ཐང་བྱང་གི་མེ་ཏོག


 བློ་བཟང་ཐུགས་རྗེ། 





མཚམས་སྦྱར་ལས་འཕྲོས་པའི་དོགས་པ་དོགས་ལན། 

འགྲེལ་བར།(སྡེ་བསྟན།པོད་གྱ་དྲུག༡༣༢)སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམས་པའི་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། ཞེས་འབྱུང་ཞིང་། འདི་ལ་བརྟེན་ནས་སྐབས་བརྒྱད་པའི་སྐབས་འདིར་སྐུ་གསུམ་ལས་སྐུ་བཞི་རྒྱས་པར་བསྟན་མི་རིགས་ཏེ། སྐབས་བཞི་པར་དྲན་པ་ཉེར་གཞག་ནས་བཟུང་སྟེ།། སངས་རྒྱས་རྣམ་པའི་མཐར་ཐུག་བར་ཞེས་ཡེ་ཤེས་ཆོས་སྐུ་རྒྱས་པར་བསྟན་ཟིན་པས་ཟློས་སོ་ཞེ་ན། ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་ནང་ནས་འདིར་ཟད་པ་ཟིལ་གནོན་གཉིས། ཉོན་མོངས་མེད་པའི་ཏིང་འཛིན་དང་སྨོན་ནས་མཁྱེན་པའི་ཏིང་འཛིན་སོགས་སྡེ་ཚན་འགའ་ཤས་མ་གཏོགས་སྐབས་སོ་སོར་དང་ལྷག་པར་སྔར་སྐབས་བཞི་པའི་སྐབས་སུ་བསྟན་ཟིན་པས་འདིར་བསྐྱར་དུ་འོང་བ་ཅི་ཞེ་ན། ངོ་བོ་ཉིད་སྐུ་རྒྱས་པར་འཆད་འདོད་ནས་ཞར་དུ་གླེང་བ་ཡིན་ཏེ། རྒྱན་ལས།ཐུབ་པའི་ངོ་བོ་ཉིད་སྐུ་ནི།། ཟག་པ་མེད་པའི་ཆོས་གང་དག། ཐོབ་གྱུར་རྣམ་ཀུན་རྣམ་དག་པ།། དེ་དག་རང་བཞིན་མཚན་ཉིད་ཅེས་འབྱུང་བས་ངོ་བོ་ཉིད་སྐུ་དེ་ནི་སློབ་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་མཐར་ཕྱིན་པའི་ཕྱིན་ཆ་གནས་ལུགས་ཀྱི་ངོ་བོ་དེ་ལ་བྱེད་རིགས་ཤིང་། རང་བཞིན་གནས་རིགས་དེ་ཉིད་སངས་རྒྱས་ཀྱི་སྐུའི་ངོར་འགྲོ་བ་ལ་དེའི་རྟེན་གྱི་གཙོ་བོ་སློབ་ལམ་གོང་འཕེལ་དུ་སོང་ནས་རྣམ་མཁྱེན་ངོར་འགྲོ་བ་ལས་མཐུ་མེད་པས་ངོ་བོ་ཉིད་སྐུ་དེ་ལྟར་འཆད་པའི་ཞར་དུ་བྱུང་བས་མི་ཟློས་ལ། དེ་ལྟར་ཐུབ་པའི་ངོ་བོ་ཉིད་སྐུ་ནི་ཞེས་སོགས་ཀྱིས་རྟེན་བརྟེན་པའི་ཚུལ་གྱིས་སྐུ་གཉིས་འཆད་པ་ལས་འཕྲོས་ནས་འཕགས་པས་སྐུ་གསུམ་ལས་འདོད་མི་འདོད་དང་། འཕགས་པའི་གང་ཟག་དུ་རུང་མིན་སོགས་ཀྱི་རྩོད་པ་སྣ་ཚོགས་པ་ཞིག་འོང་བར་སྣང་ཞིང་གཤམ་དུ་བྲི་བར་བྱ།


རྒྱུ་ཚོགས་གཉིས་ཀྱིས་འབྲས་བུ་སྐུ་གཉིས་གྲུབ་ཚུལ། 

རྩ་བའི་སྐུ་བཞི་ནི་སྐུ་གཉིས་ཀྱི་ནང་དུ་འདུ་ཞིང་། དེ་ཡང་རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་གཉིས་སོ།། དེ་གཉིས་ཀྱི་ཁྱད་རྒྱུའི་སྒོ་ནས་འབྱེད་པ་རིན་ཆེན་ཕྲེང་བར། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་འབྱུང་བས་འདིར་རྒྱུ་གཉིས་ཀྱིས་རང་རང་གི་ཐུན་མོང་གི་ལག་རྗེས་འཇོག་ཚུལ་རིགས་མཐུན་ནམ་ཡང་ན་བྱེད་ལས་ཀྱི་ལག་རྗེས་འཇོག་ཚུལ་ཡིན་ཏེ། རང་དོན་གཙོ་བོར་བྱས་པའི་མཉམ་གཞག་ཏུ་སྟོང་ཉིད་ལ་གཉིས་སྣང་ནུབ་ནས་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་། གཞན་དོན་གཙོ་བོར་བྱས་པའི་རྗེས་ཐོབ་ཏུ་སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པ་ལག་ལེན་དུ་བསྟར་ནས་བསོད་ནམས་ཀྱི་ཚོགས་བསགས་པ་ལ་བརྟེན་ནས་རིགས་མཐུན་གྱི་འབྲས་བུ་ལ་ཡང་གདུལ་བྱ་ལ་དངོས་ཀྱིས་མི་ཕན་ཞིང་གདུལ་བྱའི་མངོན་སུམ་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་ཡེ་ཤེས་ཆོས་སྐུ་དང་། གདུལ་བྱའི་དགོས་འདོད་ཆེད་དུ་མི་སྒྲུབ་པའི་ངོ་བོ་ཉིད་སྐུ་སྟེ་ཆོས་སྐུ་རྣམ་པ་གཉིས་དང་། གཞན་གྱི་སྣང་ངོར་གདུལ་བྱའི་དོན་འབའ་ཞིག་བྱེད་ཅིང་། གདུལ་བྱའི་དོན་བྱ་བའི་ཕྱིར་གདུལ་བྱའི་མངོན་སུམ་གྱི་སྤྱོད་ཡུལ་དུ་གཟུགས་སྐུའི་རྣམ་པར་འཆར་བའི་གཞན་དོན་གཟུགས་སྐུ་གཉིས་གྲུབ་ལ། སློབ་པའི་གནས་སྐབས་སུ་བསགས་པའི་རྒྱུ་མི་འདྲ་བའི་དབང་གིས་འབྲས་སུ་བུ་སངས་རྒྱས་ཀྱི་སར་སྐུ་མི་འདྲ་བ་གྲུབ་ཚུལ་རིགས་མཐུན་གྱི་རྒྱུས་རིགས་མཐུན་གྱི་འབྲས་བུ་གྲུབ་ཚུལ་ཡིན་ནམ་སྙམ་སྟེ་དཔྱད་པར་བྱ། 


ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་མ་གྲུབ་ཚུལ་དཔྱད་པ། 

རྗེ་བཙུན་ཡིག་ཆར་སྐབས་ཀུན་ཏུ་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་མེད་ཅེས་རྣམ་བཤད་སྙིང་རྒྱན་གྱི་སྒྲས་ཟིན་ལ་ལུང་དོན་འཇོག་དགོས་པའི་ཐུགས་རྩེ་གང་ཞེ་ན། ཇི་ལྟ་བ་གཟིགས་པའི་ཡེ་ཤེས་ངོར་ཇི་ལྟ་བ་འཆར་བའི་འཆར་ཆ་དེ་ནས་ཇི་ལྟ་བ་ལས་ཇི་སྙེད་པའི་ཆོས་གང་ཡང་བརྙེད་རྒྱུ་མེད་པའམ་ཡང་ན་ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་དེས་ཇི་ལྟ་བ་དཔྱད་མཐར་དེའི་ངོར་ཇི་ལྟ་བ་ལས་ཀུན་རྫོབ་པའི་ཆོས་གང་ཡང་བརྙེད་རྒྱུ་མེད་ཅེས་པ་ཡིན་ཏེ། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱིས་ཤེས་བྱའི་ཆོས་ཀུན་མཁྱེན་ཀྱང་དོན་དམ་འཆར་ཆ་དང་དཔྱད་དོན་དུ་དོན་ནམ་ལས་ཀུན་རྫོབ་ཀྱི་ཆོས་གང་ཡང་མི་བརྙེད་པའི་དོན་ཨེ་ཡིན་སྙམ། དཔེར་ན། ཁྲ་འཛིན་མིག་ཤེས་ལ་སྔོ་སེར་གཉིས་ཀའི་རྣམ་པ་འཆར་ཡང་། འཆར་བ་ལྟར་སྔོ་སེར་གཉིས་རེ་རེ་ནས་སྣང་མོད། འོན་ཀྱང་ཁྲ་འཛིན་དབང་ཤེས་ལ་སྔོན་པོ་འཆར་བའི་འཆར་ཆ་དེ་ལས་སེར་པོ་མི་འཆར་ཞིང་མི་སྣང་བ་ལྟར། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱིས་ཇི་ལྟ་ཇི་སྙེད་གཉིས་ཀ་གཟིགས་མོད་ཇི་ལྟ་གཟིགས་པའི་གཟིགས་ངོར་དེ་གཉིས་མ་གཟིགས་ཞེས་བྱའོ།། དེ་བཞིན་དུ་རྗེ་བཙུན་གྱིས་དབུ་མའི་སྤྱི་དོན་དུ་(སེར་གཙུག༣༢༩)་ཡང་རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། ། ཞེས་སོགས་ཀྱི་སྐབས་སུ་ཡང་རང་འགྲེལ་དང་དགོངས་པ་རབ་གསལ་དྲངས་ནས་འདི་བཞིན་བསྒྲུབས། 


རྟེན་ཅན་གྱི་སྐོར་ནས་བརྩམས་ཏེ་བདེ་བ་ཅན་ཁམས་གསུམ་གང་རུང་གི་རྟེན་ཅན་ཡིན་མིན་དཔྱད་པ། 

རྗེ་བཙུན་ཡིག་ཆར་(སྐབས་བརྒྱད་པའི་སྤྱི་དོན།ཀན་སུའུ།༡༧༡)བྱང་སེམས་རྒྱུན་མཐའ་པའི་སྤྲུལ་པ་ལ་འོག་མིན་རྟེན་ཅན་གྱིས་ཁྱབ་པ་དང་། སངས་རྒྱས་ཀྱི་སྤྲུལ་པ་ལ་རི་དྭགས་དང་དུད་འགྲོའི་རྟེན་ཅན་མ་ཡིན་པས་ཁྱབ་པ་(སྐབས་བརྒྱད་པའི་སྤྱི་དོན།༡༧༢)སོགས་འབྱུང་ཞིང་། འདིའི་དོན་ལ་ཅིའི་ཕྱིར་བྱང་སེམས་རྒྱུན་མཐའ་པའི་སྤྲུལ་བ་ལ་འོག་མིན་རྟེན་ཅན་དགོས་སམ། སྤྲུལ་གཞི་འོག་མིན་རྟེན་ཅན་ཡིན་པས་ཕྱིར་ན་མ་ཁྱབ་ཏེ། སྟོན་པ་ཤཱཀྱ་ཐུབ་པ་ཡང་འོག་མིན་རྟེན་ཅན་དུ་འགྱུར་བས་མི་འཐད། འོ་ན་གང་ཞེ་ན། སྤྱིར་སྤྲུལ་པ་ལ་གློ་བུར་དང་གློ་བུར་བ་མ་ཡིན་པ་གཉིས་ལས་བྱང་སེམས་རྒྱུན་མཐའ་བའི་སྤྲུལ་པ་ལ་སྤྲུལ་པ་གློ་བུར་བས་ཁྱབ་པ་དང་། སྤྲུལ་གཞི་འོག་མིན་རྟེན་ཅན་དུ་ངེས་པ་གཉིས་ཀྱིས་ཡིན་ཏེ། དེས་སྤྲུལ་པའི་སྤྲུལ་པ་གློ་བུར་པ་རྣམས་ནི་འདོད་པའི་གང་ཟག་གི་སྐྱེ་ཚུལ་དང་མཐུན་པར་མི་སྐྱེ་སྟེ། འདོད་པའི་སྐྱེ་ཚུལ་དང་མཐུན་པར་སྐྱེས་ན་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས་ཏེ། འདོད་པའི་རྫུས་སྐྱེས་ལྟ་བུ་ལ་ལས་དང་སྨོན་ལམ་གང་རུང་གི་མཐུས་ལུས་ཀྱི་ཉེར་ལེན་འགྲུབ་བྱེད་རྫས་མེ་ཏོག་ལྟ་བུའི་རིགས་གྲུབ་ནས་དེ་ཉིད་ལུས་ཀྱི་ཆ་ཤས་ངོར་འགྲོ་བ་སོགས་དགོས་པ་དང་། མངལ་སྐྱེས་ཀྱི་སྐྱེ་ཚུལ་དང་མཐུན་པར་མི་སྐྱེ་སྟེ། འདི་ལ་ཡང་དུས་ངེས་ཅན་ཞིག་རྫོགས་དགོས་པ་ཡིན་ཏེ། དཔེར་ན་ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི།། བཀྲ་ཤིས་ལུམ་བིའི་ཚལ་དུ་བལྟམས་ཞེས་སོགས་འབྱུང་བས་མིའི་རྟེན་ཅན་ལ་དེ་འདྲ་བ་ཞིག་དགོས་ཤིང་། གཞན་ལྷ་དང་ངན་སོང་གི་རྟེན་ཅན་ལ་ཡང་དུས་ངེས་ཅན་ཞིག་དགོས་པས་རྒྱུན་མཐའ་བ་འདི་ནི་དུས་སྐད་ཅིག་སྔ་ཕྱི་ཙམ་ལས་རྒྱུན་མཐའི་ངོར་མི་སྡོད་པས་ཡིན་ནམ་སྙམ། སངས་རྒྱས་ཀྱི་སྤྲུལ་པ་ལ་དུད་འགྲོའི་རྟེན་ཅན་མ་ཡིན་པས་ཁྱབ་ཅེས་པའི་དོན་ལ། རྗེ་བཙུན་པའི་བསམ་གཟུགས་མཐའ་དཔྱོད་དུ།(སེར་གཙུག༣།)ངན་སོང་བའི་རྟེན་ལ་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་ཡོད་པར་ཐལ། དུད་འགྲོའི་རྟེན་ལ་དེ་ཡོད་པའི་ཕྱིར་ཏེ། དུད་འགྲོའི་རྟེན་ཅན་གྱི་བྱང་འཕགས་ཀྱི་རྒྱུད་ལ་དེ་ཡོད་པའི་ཕྱིར། དུད་འགྲོའི་རྟེན་ཅན་གྱི་བྱང་འཕགས་ཡོད་པའི་ཕྱིར་ཏེ། བསམ་བཞིན་དུ་དུད་འགྲོར་སྐྱེ་བ་བླངས་པའི་བྱང་འཕགས་ཡོད་པའི་ཕྱིར་ཏེ། བསམ་བཞིན་དུ་འཁོར་བར་སྐྱེ་བ་བླངས་པའི་བྱང་འཕགས་ཡོད་པའི་ཕྱིེར། ཞེས་དུད་འགྲོའི་རྟེན་ཅན་གྱི་བྱང་འཕགས་ཡོད་པ་དང་སངས་རྒྱས་མེད་པར་གསུངས་པ་གཉིས་དེ་གཉིས་ཀྱི་ནང་ནས་ཀྱང་གཞན་དོན་སྒྲུབ་པ་ལ་ཐབས་མཁས་མི་མཁས་ཀྱི་དབང་གིས་ཡིན་ནམ། ལྟོ་དོན་དུ་གཉེར་པ་དང་པགས་དོན་དུ་གཉེར་བ་རྣམས་ཀྱི་འདོད་དོན་འགྲུབ་སླད་བྱང་སེམས་རྣམས་བསམ་བཞིན་དུ་གང་ཟག་གཅིག་དང་གཉིས་ཀྱི་ཕྱིར་བསམ་བཞིན་དུ་རི་དྭགས་རུ་རུའི་སྐྱེ་བ་ལེན་པ་ཡོད་པར་གསུངས་པས་གཞན་དོན་བྱེད་པ་མཚུངས་ཀྱང་གདུལ་བྱ་མཐར་ཐུག་གི་བྱང་ཆུབ་ཏུ་ཁྲིད་ཚུལ་ལ་ཅིག་ཤོས་ཀྱིས་རང་གིས་བྱང་ཆུབ་མངོན་དུ་བྱས་ནས་ཁྲིད་པ་དང་། ཅིག་ཤོས་ཀྱིས་རང་གཞན་གཉིས་ཀས་མངོན་དུ་མ་བྱས་ཤིང་ཅི་མི་སྙམ་པའི་སྙིང་རྗེ་ཤུགས་དྲག་པོས་རང་ཉིད་མེ་ནང་བསྐལ་བ་བརྒྱར་གནས་དགོས་ཀྱང་ཅི་མི་སྙམ་པར་ཁྲིད་པ་གཉིས་ཐབས་མཁས་མི་མཁས་དབང་གིས་ཨེ་ཡིན་སྙམ་སྟེ་དཔྱད་པར་བྱ། (རི་དྭགས་རུ་རུ་ཞེས་པ་ངོས་འཛིན་ཐད་ལ། རྒན་བཀྲ་ཤིས་བཟང་པོས་ཁྲི་སྙན་ས་ལེ་ལ་གོ་དགོས་ཤིང་། བཀྲ་ཤིས་པའི་རི་དྭགས་ཤིག་ཏུ་ངོས་འཛིན་བྱ་སྲོལ་ཡོད་པ་དང་། འདིའི་རྭ་དུང་གི་སྒྲ་ཐོས་ཚད་ཀྱི་རྒྱུད་ལ་བག་ཕེབས་པ་དང་ཉམས་དགའ་བའི་སྣང་བ་འབྱུང་བ། རི་དྭགས་འདིའི་པགས་པ་གདན་དུ་བཏིང་ན་ཉམས་རྟོགས་གོང་འཕེལ་དུ་འགྲོ་བ་སོགས་ཀྱི་བཤད་སྲོལ་ཡོད་ཟེར། རྗེ་མར་པ་ཡབ་སྲས་ཀྱང་པགས་གདན་འདིའི་སྟེང་དུ་བཞུགས་ཤིང་སྐུ་ཐང་ཡང་དེ་ལྟར་དུ་བྲིས། མི་ལའི་མགུར་འབུམ་དུ། གདན་ཁྲི་སྙན་ས་ལེའི་པགས་སྟེང་ན། །དེ་ན་སུ་བཞུགས་སུ་མི་བཞུགས། །དེ་ན་སྒྲ་སྒྱུར་མར་པ་བཞུགས། །ཞེས་དང་། སྤྱན་རས་གཟིགས་པོ་བསྟོད་དུའང་། རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ།། ཞེས་པའི་པགས་པ་དེ་དག་རི་དྭགས་འདིའི་པགས་པ་ལ་གོ་དགོས་པར་གསུངས།) ཡང་སྐབས་བརྒྱད་པའི་སྤྱི་དོན་དུ།(༡༧༢) བྱང་སེམས་རྒྱུན་མཐའ་པ་ཆུ་དང་ཟམ་པ་སོགས་སུ་སྤྲུལ་པའི་སྤྲུལ་པ་དེ་བྱང་སེམས་རྒྱུན་མཐའ་པ་ཡིན་པར་ཐལ། སངས་རྒྱས་ཀྱིས་ཆུ་དང་ཟམ་པ་སོགས་སུ་སྤྲུལ་པའི་སྤྲུལ་པ་དེ་རྣམས་རིམ་པ་བཞིན་དུ་སངས་རྒྱས་ཡིན་པའི་ཕྱིར་ཟེར་ན་མི་མཚུངས་སོ། ། ཞེས་འབྱུང་མོད་འདི་ལ་ཡི་གེ་ནོར་བ་ཞིག་ཨེ་ཡོད་བསམས་ཏེ། བྱང་སེམས་རྒྱུན་མཐའ་པས་སྤྲུལ་པའི་ཆུ་དང་ཟམ་པ་ཡོད་ཀྱང་བྱང་སེམས་རྒྱུན་མཐའ་པ་ཁོང་རང་ཉིད་ཆུ་དང་ཟམ་པར་སྤྲུལ་རྒྱུ་ཨེ་ཡོད་དམ། ཁ་ཅིག་གིས་བཏང་པའི་རྟགས་གསལ་རིགས་མི་མཚུངས་པའི་སྐྱོན་ཡང་ཡོད་དམ་སྙམ་སྟེ། གལ་ཏེ་གཏོང་ན་འདི་ལྟར་གཏོང་དགོས་ཏེ། བྱང་སེམས་རྒྱུན་མཐའ་པས་ཆུ་དང་ཟམ་པ་སོགས་སུ་སྤྲུལ་པའི་སྤྲུལ་པ་དེ་བྱང་སེམས་རྒྱུན་མཐའ་པ་ཡིན་པར་ཐལ། སངས་རྒྱས་ཀྱིས་ཆུ་དང་ཟམ་པ་སོགས་སུ་སྤྲུལ་པའི་སྤྲུལ་པ་དེ་རྣམས་རིམ་པ་བཞིན་དུ་སངས་རྒྱས་ཡིན་པའི་ཕྱིར། ཞེས་བྱེད་སྒྲའི་ཕྲད་བསྣན་ན་གོ་དོན་ལྷག་པར་ཆེ་བས་དེ་ལྟར་ཨེ་ཡིན་སྙམ། དེ་ལྟ་ན་བྱང་སེམས་རྒྱུན་མཐའ་པས་སྤྲུལ་བའི་ཆུ་དང་ཟམ་པ་བྱང་སེམས་རྒྱུན་མཐའ་པ་ལྟ་ཞོག གང་ཟག་ཏུ་དོགས་པའི་གནས་མེད་ལ། སངས་རྒྱས་ཀྱིས་སྤྲུལ་པའི་ཆུ་ཟམ་སོགས་སངས་རྒྱས་ཡེ་ཤེས་རང་སྣང་འབའ་ཞིག་གིས་གྲུབ་པའམ་ཡང་ན་ཡེ་ཤེས་ཆོས་སྐུའི་ཆ་གཅིག་ཆུ་དང་ཟམ་པའི་རྣམ་པ་ཅན་དུ་གྱུར་བས་སངས་རྒྱས་སུ་འདོད་དགོས་པ་ཡིན། 

ཡང་བདེ་བ་ཅན་དེ་ཁམས་གསུམ་གང་རུང་གི་རྟེན་ཅན་ཡིན་མིན་དང་། རྟེན་དེ་ལ་མཐོང་ལམ་གསར་དུ་སྐྱེ་བ་ཡོད་མེད་དང་། དབང་མ་ཐོབ་པ་རྣམས་གནས་དེ་ནས་ལས་ཉོན་གྱི་དབང་གིས་ཁམས་གསུམ་གང་རུང་དུ་སྐྱེ་བ་ཡོད་མེད་དང་། དེ་ལྟ་ན་སྲེད་ལེན་སྲིད་པ་མངོན་དུ་གྱུར་པས་སྡུག་བདེན་ཡོད་པར་འགྱུར་བ་སོགས་སྤྲོས་པ་སྣ་ཚོགས་མོད། དེ་བཞིན་དུ་སྐབས་བརྒྱད་པའི་སྤྱི་དོན་དུ་ཡང་།(སྨད།༢༣༡)དེ་ཁམས་གསུམ་གང་རུང་དུ་མ་གཏོགས་པའི་ཕྱིར་ཏེ། དེ་དག་པའི་ཞིང་ཡིན་པའི་ཕྱིར་ཞེས་དག་ཞིང་ལ་ཁམས་གསུམ་གང་དུའང་མ་གཏོགས་དགོས་གསུངས་མོད། དེ་ལྟ་ནའང་གཟུགས་ཁམས་ལ་ཁམས་གསུམ་གང་རུང་གི་གཟུགས་ཁམས་ཀྱིས་མ་ཁྱབ་པ་བཞིན། འདོད་ཁམས་ལའང་ཁམས་གསུམ་གང་རུང་གི་འདོད་ཁམས་ཀྱིས་མ་ཁྱབ་པ་མཚུངས་པའི་ཕྱིར། བདེ་བ་ཅན་འདོད་པའི་རྟེན་ཅན་དུ་བཞག་ཀྱང་རྒྱུ་མཚན་མེད་པ་མིན་ཏེ། སོ་ཐར་གྱི་སྡོམ་པའི་རྟེན་ལ་འདོད་པ་ངེས་པར་ཡིན་དགོས་ཏེ། རྗེའི་འདུལ་བ་རྒྱ་མཚོ་སྙིང་བསྡུས་ལས།(རྗེའི་གསུང་འབུམ།ཐོར་བུ།༧༢)དེ་ལྟར་སོ་ཐར་རིགས་བརྒྱད་པོ།། སྒྲ་མི་སྙན་པ་མ་གཏོགས་པའི།། གླིང་གསུམ་སྐྱེས་པ་བུད་མེད་ཀྱི།། རྟེན་ལ་སྐྱེ་ཡི་ཞེས་གླིང་གསུམ་གྱི་སྐྱེས་པ་བུད་མེད་ཅེས་རྟེན་ངེས་བཟུང་ཅན་དུ་བཤད་པའི་ཕྱིར།བདེ་བ་ཅན་དུ་དགེ་སློང་དགེ་འདུན་གྱི་ཚོགས་དུ་མས་བསྐོར་བ་འོད་དཔག་མེད་ཀྱི་མདོ་དང་དེའི་འགྲེལ་བ་སོགས་སུ་ཤིན་ཏུ་རྒྱས་པར་སྣང་ཞིང་། མཚོན་ཙམ་ཞིག་བཀོད་ན། འཕགས་པ་འོད་དཔག་མེད་ཀྱི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།(སྡེ་བཀའ།པོད་སོ་དགུ།༢༥༨)དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་དགེ་སློང་གི་ཚོགས་དུ་མས་ཡོངས་སུ་བསྐོར་ཅིང་ཞེས་སོགས་འབྱུང་བའི་ཕྱིར། དེ་བཞིན་དུ་རྒྱལ་བ་མི་འཁྲུགས་པའི་ཞིང་ལ་སོགས་པ་འདོད་པའི་རྟེན་ཅན་དུ་ཤེས་པར་བྱའོ།། 


སྐུ་བཞིའི་གྲངས་ངེས་ཀྱི་སྐོར། 

ངོ་བོ་ཉིད་སྐུ་མདོར་རྒྱས་བསྟན་བཤད་ཀྱི་གཞུང་སོ་སོར་ཡོད་མེད་ཐད་འཕགས་པས་སྐུ་གསུམ་ལས་ཡེ་ཤེས་ཆོས་སྐུ་བཞེད་མིན་དང་། འཕགས་པའི་རྒྱུད་ལ་མཐོང་སྤང་ཡོད་མེད་ཀྱི་དགོས་མེད་ཀྱི་རྩོད་པ་སྣ་ཚོགས་པ་ཞིག་འོང་ཞིང་། དེ་དང་མཐུན་པར་འཕགས་པའི་དགོངས་པ་གང་ཡིན་ཐད་འགྲེལ་པ་སྣ་ཚོགས་པ་ཞིག་བསྐྱོན་ནས་སྐབས་བརྒྱད་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཡེ་ཤེས་ཆོས་སྐུ་མེད་པ་འཕགས་པའི་དགོངས་པ་ཡིན་ཞེས་འཕགས་པའི་དགོངས་པ་འཇོག་ཚུལ་ཐད་མི་མཐུན་པའི་རྩོད་ཉོག་དུ་མ་ཞིག་འོང་ཞིང་། དེ་དག་ཐམས་ཅད་ཀྱིས་ཁུངས་བཅོལ་ས་ནི་ཉི་སྣང་ལས།སྡེ་བསྟན།ཀ༡༩༢)ད་ནི་ཆོས་ཀྱི་སྐུ་བརྗོད་པར་བྱ་བ་ཡིན་ལ། དེ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་བོ་ཉིད་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ།། ཞེས་དང་། ཡང་། (༡༩༣) རྐྱེན་ཕྱིས་པས་ཆོས་ཉིད་ཀྱི་སྐུ་ཞེས་བྱ་སྟེ། གཞན་དུ་ཆོས་རྣམས་ཀྱི་ཆོས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་པའི་ཕྱིར་ངོ་བོ་ཉིད་བཀག་པར་འགྱུར་བ་དང་། ཞེས་པའི་གཞུང་ཚན་གཉིས་ལས་མ་གཏོགས་པ་འཕགས་པས་ཡེ་ཤེས་ཆོས་སྐུ་མི་བཞེད་པའི་ཚིག་གཅིག་མི་སྣང་བས་མཐོང་སྤང་ཡོད་མེད་སོགས་ཀྱི་རྩོད་པ་དེ་འཕགས་པ་ལ་འཇུག་མིན་དོགས་པའི་གནས་མེད་ལ། མཁས་གྲུབ་རིན་པོ་ཆེས་ཀྱང་རྟོགས་སྣང་ལས།(སེར་གཙུག ༣༡༧)དེ་བས་ན་འཕགས་པ་དང་སློབ་དཔོན་གཉིས་ཀ་ཡང་། མདོར་བསྡུ་ན་རང་དོན་ཆོས་ཀྱི་སྐུ་དང་། གཞན་དོན་གཟུགས་ཀྱི་སྐུ་གཉིས་སུ་བསྡུ་བ་དང་། གཟུགས་སྐུ་ལ་ལོངས་སྤྲུལ་གཉིས་སུ་ཕྱེ་བས་སྐུ་གཉིས་དང་། ཆོས་སྐུ་ལ་སྤངས་པ་ངོ་བོ་ཉིད་ཀྱི་སྐུ་དང་རྟོགས་པ་ཟག་མེད་ཀྱི་ཡེ་ཤེས་གཉིས་སུ་ཕྱེ་བས་སྐུ་བཞིར་དབྱེར་རུང་བར་བཞེད་པ་ལ་ནི་ཁྱད་པར་ཅུང་ཟད་ཀྱང་མེད་ལ། འོན་ཀྱང་སྐབས་འདིའི་གཞུང་གི་འཆད་ཚུལ་ལ་མི་མཐུན་པ་ཡིན་ཏེ། ཞེས་སྐུ་བཞི་རྩ་ཚིག་གང་གིས་བཀྲལ་མིན་ཐད་འགྲེལ་ཚུལ་མི་མཐུན་པ་ཙམ་ལས་གཉིས་ཀས་ཀྱང་སྐུ་བཞིར་བཞེད་པ་ཁྱད་པར་ཅུང་ཟད་མེད་པར་གསལ་ལ། འཕགས་པས་ཀྱང་ངོ་བོ་ཉིད་སྐུ་མདོར་བསྟན་དང་རྒྱས་བཤད་གཉིས་སྟེ་གཞུང་ཚན་གཉིས་སུ་འབྱེད་དགོས་པ་ཉི་སྣང་རང་ལས་མི་གསལ་མོད། འོན་ཀྱང་སློབ་དཔོན་གྱི་འགྲེལ་ཆུང་ལས། རྣམ་པ་བཞིར་ནི་ཡང་དག་བརྗོད།། ཅེས་བྱ་བའི་ཚིགས་ལེའུར་བྱས་པ་ལས་ངོ་བོ་ཉིད་ཅེས་སྒྲའི་འཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་མི་འབྱུང་བས་སྐུ་ནི་གསུམ་ཁོ་ནའོ་ཞེས་ཟེར་རོ།། ཞེས་པའི་འདོད་པ་ཞིག་བཀོད་ཀྱང་དེ་འཕགས་པའི་དགོངས་པ་ཡིན་མིན་ཅི་ཆ་སྟེ། དེའི་ཐད་ཀྱི་གསེར་ཕྲེང་དང་རྣམ་བཤད་གཉིས་ཀར་སྐུ་གསུམ་དུ་འདོད་པ་ཁ་ཅིག་ན་རེ་ཞེས་པ་ཙམ་ལས་འཕགས་པ་ན་རེ་ཞེས་མ་སྨྲོས་མོད། འོན་ཀྱང་འདི་ལས་འཕགས་པའི་དགོངས་པ་གང་ཡིན་ཤེས་པའི་གྲོགས་སུ་འགྲོ་སྙམ་སྟེ། གོང་དུ་བཀོད་པ་བཞིན། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཞེས་པའི་འགྲེལ་བ་ཉི་སྣང་ལས་རྐྱེན་ཕྱིས་པས་ཆོས་ཉིད་ཀྱི་སྐུ་ཞེས་བྱ་སྟེ་ཞེས་ངོ་བོ་ཉིད་སྐུ་སྟོན་བྱེད་ཀྱི་ཚིག་ལ་འགྲེལ་བ་དང་། སློབ་དཔོན་གྱིས་བཀོད་པའི་ཕྱོགས་སྔ་མ་དེས་ཀྱང་ལུས་མདོར་བསྟན་དང་རྒྱས་བཤད་ཀྱི་གོ་རིམ་མི་མཐུན་པས་ཕྱིར་ཞེས་འབྱུང་བས་ན་འདིར་འཕགས་པས་ཐུབ་པའི་ངོ་བོ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་ངོ་བོ་ཉིད་སྐུ་མདོར་བསྟན་དང་། བྱང་ཆུབ་ཕྱོགས་མཐུན་ཞེས་པ་ནས་རྟག་པ་ཞེས་ཀྱང་བརྗོད་པ་ཡིན་ཞེས་པས་ངོ་བོ་ཉིད་སྐུ་རྒྱས་བཤད་ཀྱི་གཞུང་ལ་བཀྲལ་བ་ལུས་མདོར་བསྟན་གྱི་གོ་རིམ་སྟེ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་།། ཞེས་ལུས་མདོར་བསྟན་གྱི་གོ་རིམ་དང་བསྟུན་ནས་འཆད་པའམ། ཡང་ན་ངོ་བོ་ཉིད་སྐུའི་གདགས་གཞི་མཐར་ཐུག་པ་ཡེ་ཤེས་ཆོས་སྐུ་ཡིན་པས་གདགས་གཞི་གདགས་ཆོས་མཐར་ཐུག་པའི་དབང་དུ་བྱས་པའི་བཀྲལ་བའི་ཚུལ་ཡང་ཡོད་པས་དེའི་དབང་དུ་བྱས་ན་ཡེ་ཤེས་ཆོས་སྐུ་དངོས་བསྟན་བསྟན་བྱའི་གཙོ་བོར་མ་བྱས་ཞེས་ཀྱང་བྱ་ཆོག་སྙམ། དེ་ཡང་ཡིན་པ་ཉི་སྣང་ལས་ཀྱང་།(སྡེ་བསྟན།ཀ༡༩༩) ངོ་བོ་ཉིད་དང་ལྡན་པའི་ཆོས་ཀྱི་སྐུ་དེའང་། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས་ཞེས་སོགས་འབྱུང་བའི་ཕྱིར། འཕགས་པས་ནི་བྱང་ཆུབ་ཕྱོགས་མཐུན་ཞེས་སོགས་ཀྱིས་དཀྱུས་གཅིག་ཏུ་གདགས་གཞི་གདགས་ཆོས་ཀྱི་ཚུལ་གྱིས་སྐུ་གཉིས་བསྟན་པར་གསལ་ལོ།། རྩ་བའི་དོན་བཀྲལ་ཚུལ་ལ་སློབ་དཔོན་དང་འཕགས་པ་མི་མཐུན་པ་འདི་ཙམ་དུ་མ་ཟད་སྐབས་ཀུན་ཏུ་འབྱུང་ཞིང་། ལྷག་པར་སྐབས་ལྔ་བའི་མཐོང་སྤང་རྟོག་པ་བཤད་པའི་སྐབས་སློབ་དཔོན་དང་ཅུང་ཟད་ཀྱང་མི་མཐུན་པ། འཛིན་པའི་རྣམ་རྟོག་གཞན་ཡིན་ནོ་ཞེས་པའི་ཐད་དུ་ཉི་སྣང་ལས། (༡༤༡)གཟུང་བའི་རྣམ་པར་རྟོག་པ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་ནི་མ་ཡིན་ནོ་ཞེས་བྱ་བ་མུ་བཞི་སྟེ། མུ་དང་པོ་ནི་གཟུགས་ལ་སོགས་པའི་ཡུལ་དྲུག་ལ་འཇུག་གོ། ། གཉིས་པ་ནི་སྐད་ཅིག་གཅིག་དང་ལྡན་པའི་རྣམ་པར་རིག་པའོ། །གསུམ་པ་ནི་སྐད་ཅིག་མ་གཞན་གྱི་དེ་ཉིད་དོ། ། བཞི་པ་ནི་རྣམ་པ་དེ་དག་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། ། ཞེས་སོགས་ཀྱང་འབྱུང་བས་སོ།། 


ཟད་པ་དང་ཟིལ་གནོན་གྱི་གོ་རིམ་དང་སྐྱེ་མཆེད་གཞན་ལ་ཟད་པ་མི་འཇོག་པའི་རྒྱུ་མཚན། 

སྤྱིར་ཟད་པ་དང་ཟིལ་གནོན་གྱི་གོ་རིམ་ལ་བྱམས་ཆོས་ནང་ཕན་ཚུན་མི་མཐུན་ཏེ། མངོན་རྟོགས་རྒྱན་ལས། ཟད་པར་བཅུ་ཡི་བདག་ཉིད་དང་།། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་།། ཞེས་ཟད་པར་སྔོན་དང་ཟིལ་གནོན་རྗེས་སུ་བཤད། མདོ་སྡེ་རྒྱན་ལས།(སྡེ་བསྟན།ཕི༧)རྣམ་ཐར་བརྒྱད་དང་དེ་བཞིན་ཟིལ་གནོན་བརྒྱད།། ཟད་པར་སྐྱེ་མཆེད་བཅུ་དང་ཏིང་ངེ་འཛིན།། ཞེས་ཟིལ་གནོན་སྔོན་དང་ཟད་པར་རྗེས་སུ་བཤད། དེ་བཞིན་དུ་དབྱིག་འགྲེལ་ལས་ཀྱང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་ཞེས་འབྱུང་བ་དང་། དེ་བཞིན་བསྡུ་བ་དང་ཀུན་བཏུས་ལས་ཀྱང་མདོ་སྡེ་རྒྱན་གྱི་གོ་རིམ་བཞིན་བཤད་ལ། ཀུན་བཏུས་དར་ཊཱིཀ་ཏུའང་།(གསུང་འབུམ།ག༦༡༣)རྣམ་ཐར་གྱིས་སྤྲུལ་པ་སོགས་རྩོམ། ཟིལ་གནོན་གྱིས་སྦྱོར། ཟད་པར་གྱིས་དེ་དག་འགྲུབ་པར་བྱེད་ཅེས་འབྱུང་བས་གཞུང་གོང་འོག་གི་འབྲེལ་སྒྲིག་སྟངས་སོགས་གང་ལ་བལྟས་ཀྱང་ཟིལ་གནོན་སྔོན་དང་ཟད་པར་རྗེས་སུ་འཆད་པའི་གོ་རིམ་འདི་ལེགས་ཏེ། ཟིལ་གནོན་གྱིས་རང་གི་དམིགས་པ་དབྱིབས་དང་ཁ་དོག་ལ་དབང་བྱས་པའམ་ཟིལ་གྱིས་མནན་རྗེས་སུ་དེའི་དམིགས་པ་དབྱིབས་དང་ཁ་དོག་གམ་གཟུགས་དང་རེག་བྱ་ལ་ཟད་པར་གྱིས་ཁམས་གོང་འོག་གཉིས་སུ་ཇི་ལྟར་འདོད་འདོད་དུ་སྤྲོ་བའི་ཕྱིར། སྐྱེ་མཆེད་བཅུ་གཉིས་ཀྱི་ནང་ནས་གཟུགས་དང་རེག་བྱ་ལས་གཞན་རྣམས་ལ་ཟད་པར་མི་འཇོག་པའི་རྒྱུ་མཚན་གཅིག་ནི་སྤྲུལ་བའི་ལམ་དང་། གཟུགས་ཀྱི་ཟད་པ་དང་། ཟིལ་གནོན་བཅས་ཀྱི་དམིགས་ཡུལ་གཟུགས་ཅན་ཁ་དོག་དང་དབྱིབས་ཀྱི་རྣམ་པ་ཅན་ཡིན་པས་གནད་མིན་ནམ་སྙམ། དེ་གསུམ་རྒྱུ་འབྲས་དོན་གྱི་རིམ་པའི་དབང་དུ་བྱས་པ་ཀུན་བཏུས་སུ་གསུངས་པ་བཞིན་དེའི་དར་ཊཱིཀ་དང་། རྣམ་བཤད་སྙིང་པོ་རྒྱན(སེར་གཙུག སྨད། ༣༤༥)བཅས་སུ་ཡང་དེ་བཞིན་དུ་འབྱུང་སྟེ། དེ་ཉིད་ལས། རྣམ་ཐར་དང༌། ཟིལ་གནོན་དང༌། ཟད་པར་དག་སྐྱེ་བའི་རྒྱུ་ནི། སྔ་མ་སྔ་མ་ཡིན་ལ། དག་པར་བྱེད་པའི་ཐབས་ནི། ཕྱི་མ་ཕྱི་མ་ཡིན་པས།ཞེས་འབྱུང་བས་སོ།། འོན་ཀྱང་མངོན་རྟོགས་རྒྱན་ལས་གོ་རིམ་དེ་ལས་ལྡོག་ཏེ་གསུངས་པའི་རྒྱུ་མཚན་གང་ཡིན་དཔྱད་དགོས།

སྐྱེ་མཆེད་གཞན་ལ་ཟད་པར་མི་འཇོག་པའི་རྒྱུ་མཚན་ལ་རྒྱས་པར་བཤད་ན། དང་པོ་དབང་པོ་ལ་ཟད་པར་མི་འཇོག་ཏེ། ཕྱི་རོལ་དུ་སྤྲོ་མི་ནུས་སོ།། ཞེས་བུ་ཊཱིཀ(སྨད། ༢༩༤)ཉ་ཊཱིཀ(སྨད།༣༧)རྟོགས་སྣང་།(སེར་གཙུག༣༧༧)བཅས་སུ་འབྱུང་ལ། ཡང་སྤྱི་དོན(ཀན་སུའུ་དཔེ་སྐྲུན་ཁང་།སྨད།༢༡༡)གསེར་ཕྲེང་(༦༡༤བློ་གསལ་གླིང་།)གཉིས་སུ་གཞན་རྒྱུད་ལ་མེད་པས་སོ།། ཞེས་དང་། ཆོས་སྐུའི་སྤྱི་དོན(ཀན་སུའུ་དཔེ་སྐྲུན་ཁང་།༣༧༧)དབང་པོ་ལྔའི་རིགས་འདྲ་མེད་པས་སོ།།ཞེས་དང་རྣམ་བཤད་སྙིང་རྒྱན(སྨད།༣༤༥)སྣོད་ཀྱི་གཟུགས་ལ་དབང་པོ་རིགས་མེད་པའི་ཕྱིར་ཞེས་འཆད་ཚུལ་མི་མཐུན་པ་གསུམ་བྱུང་ཡང་གནད་གཅིག་ཏུ་ངེས་ཏེ། འདིར་གཟུགས་ཀྱི་ཟད་པར་གྱིས་རང་གི་དམིགས་ཡུལ་སྤྲོ་ཞེས་པ་ནི་ཁྱབ་པར་བྱེད་པའི་དོན་ཡིན་ལ་དེ་ཡང་ཁམས་གོང་འོག་གཉིས་དང་ཕྱི་ནང་གི་སྣོད་བཅུད་གཉིས་ལ་བྱེད་པས་སོ།། ཁྱབ་པར་བྱེད་ཚུལ་ཡང་གང་ཁྱབ་རྒྱུ་དེའི་རྫས་སམ་ནུས་པ་ཞིག་ནས་བརྩམས་ཏེ་དེ་ཉིད་རྒྱ་ཆེན་པོར་དང་ཆུང་ངུར་སྤྲོ་བ་ལས་དེ་ཉིད་བསྐྱེད་པའི་རིགས་སམ་རྫས་ཅུང་ཟད་ཙམ་མེད་པ་ལ་སྤྲོ་མི་ནུས་པས་སོ།། ཟིལ་གནོན་ལའང་དེ་བཞིན་ཡིན་ཏེ། དཔེར་ན་ཁ་དོག་སྔོན་པོ་ཟིལ་གནོན་ལྟ་བུ་ལ་ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་སོགས་རྩ་བའི་སྔོན་པོ་གཅིག་དེ་ཉིད་རྒྱ་ཆེ་ཆུང་དང་ལྷན་སྐྱེས་སྦྱར་བྱུང་སོགས་ལ་སྦྱར་ནས་འགྱུར་བ་གཏོང་བ་ལས་ཁ་དོག་ཟིལ་གནོན་ལ་སྔོན་པོ་སེར་པོར་བསྒྱུར་བ་མེད་པའི་གནད་ཀྱང་ཤིན་ཏུ་ཤེས་གལ་ཆེ། གོང་དུ་དབང་པོ་ལ་ཟད་པར་མི་འཇོག་པའི་རྒྱུ་མཚན་ལ་ཕྱི་རོལ་དུ་སྤྲོ་མི་ནུས་པ་དང་། གཞན་རྒྱུད་ལ་མེད་པ་དང་། རིགས་འདྲ་མེད་པ་གསུམ་དུ་བཤད་ཀྱང་། ཕྱི་རོལ་དུ་སྤྲོ་མི་ནུས་པའི་རྒྱུ་མཚན་གོང་དུ་བཤད་པ་བཞིན་ཕྱི་རོལ་སྣོད་ཀྱི་སྟེང་དུ་དབང་པོའི་རྫས་མེད་པས་ཡིན་ནོ།། གཉིས་པ་གཞན་རྒྱུད་ལ་མེད་པའི་དོན་ནི་གཞན་ཕྱི་རོལ་གྱི་སྣོད་ལ་མེད་པའི་དོན་དུ་མདོ་སྔགས་བརྗེད་བྱང་(ཀིརྟིའི་དཔེ་མཛོད།༢༤༡)ལས་བཤད་པ་ལྟར་ཡིན་ཞིང་། གསུམ་པ་རིགས་འདྲ་མེད་ཅེས་པའང་ཕྱི་རོལ་གྱི་སྣོད་ལ་སྦྱར་དགོས་ཤིང་། དེའི་རིགས་འདྲ་ཡང་ཤེས་པ་ཡིན་ན་རང་གི་རིགས་འདྲ་སྔ་མ་སྔོན་དུ་སོང་བའི་ཁྱབ་ཅེས་པའི་རིགས་འདྲ་དང་། སྒྲ་ལ་རིགས་འདྲའི་རྒྱུན་མེད་ཅེས་པའི་རིགས་འདྲ་མིན་པར་དེ་བསྐྱེད་པའི་རྫས་སམ་ནུས་པ་ལ་གོ་རྒྱུ་ཡིན་ནོ།། སྒྲ་ལ་མི་འཇོག་པའི་རྒྱུ་མཚན་རིགས་འདྲ་མེད་པའི་རྒྱུ་མཚན་གཞུང་ཀུན་མཚུངས་ཤིང་། དེ་ཡང་དམིགས་པ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ལ་གེགས་བྱེད་པས་མ་བཞག་གོ ། གཟུགས་མེད་ཀྱི་ཟད་པར་གྱི་དམིགས་པ་ཡང་ཁམས་གོང་འོག་གཉིས་དང་སྣོད་བཅུད་གཉིས་ལ་ཁྱབ་པར་ཐལ། ཟད་པར་གྱི་དམིགས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་ཏེ། གཟུགས་མེད་ཀྱི་ཟད་པར་གཉིས་ནི་རིམ་བཞིན་ནམ་མཁའ་མཐའ་ཡས་དང་། ཅི་ཡང་མེད་ཀྱི་སྙོམས་འཇུག་ཡིན་པས་འདིས་དམིགས་ཡུལ་ཇི་ལྟར་འདོད་འདོད་དུ་སྤྲོ་ཞེས་པ་དམིགས་ཡུལ་ནམ་མཁའ་དང་། མིང་བཞིའི་ཕུང་པོ་སོགས་ལ་བྱེད་པ་ལས་གཟུགས་ཅན་ལ་དམིགས་པའི་དགོས་པ་མ་མཐོང་ངོ།། 


ལོངས་སྐུ་ལ་ངེས་པ་ལྔ་ལྡན་དགོས་མིན་དཔྱད་པ། 

འདིར་ལོངས་སྐུ་ལ་ངེས་པ་ལྔ་ལྡན་དུ་བཤད་པ་བོད་དག་ལ་ཡོངས་སུ་གྲགས་པ་ཞིག་ལས་རྒྱ་གར་མཁས་པའི་གཞུང་དུ་བཤད་པ་མི་སྣང་ཞེས་པཎ་ཆེན་ཤཱཀ་མཆོག་གིས་གསུངས་པ་ལྟར་རྒྱན་འགྲེལ་རྣམས་དང་དེ་ལས་གཞན་སྐུ་མཆེད་ཀྱི་གཞུང་རྣམས་ལས་ཞིབ་ཏུ་བཙལ་ཀྱང་མ་བརྙེད། བོད་དག་གིས་རྒྱ་གར་ལ་ཡོངས་སུ་མ་གྲགས་པའི་རང་རྒྱལ་ལ་ཚོགས་སྤྱོད་ཆེ་ཆུང་གི་ཐ་སྙད་མཛད་པ་ལྟར། ལོངས་སྐུ་ལ་ཡང་ངེས་པ་ལྔ་ལྡན་གྱི་ཐ་སྙད་མཛད་པ་ཡིན་ནམ་སྙམ། འདི་ལྟར་ཐ་སྙད་མཛད་དགོས་པའི་རྒྱུ་མཚན་ཡང་ཞིབ་ཏུ་བཙལ་ན་བརྙེད་དཀའ་བའི་ཚོད་ཡིན་ཏེ། གསེར་ཕྲེང་ལས། (སྨད།༥༩༩)འདི་ལ་ངེས་པ་ལྔ་ལྡན་དུ་སྨྲ་བ་ལ་ནི་དོན་བསྡུས་སྒྲོན་མེར། ངེས་པ་བཞི་སྟེ་འཁོར་དང་ནི། །གནས་དང་སྟོན་པ་ཆོས་སུ་སྟེ། །ཞེས་པ་ཙམ་ལས་མ་མཐོང་ལ་འདིས་ནི། །ཁུངས་མི་ཐུབ་ཅིང་དེར་མ་ཟད་ཐེག་བསྡུས་ལྟར་ན་དེ་ལ་གནོད་པ་ཡང་སྣང་བས་དཔྱད་པར་བྱའོ།། ཞེས་ལོངས་སྐུ་ལ་ངེས་པ་ལྔ་ལྡན་དུ་སྨྲ་བའི་ཁུངས་ཚད་ལྡན་མ་མཐོང་ཞེས་གསུངས་པ་ལྟར་ངེས་པ་ལྔ་དགོས་པར་གསུངས་པའི་གཞུང་བྱེ་བྲག་པ་གཅིག་མི་སྣང་བ་ཡིན་པ་ལས། ལོངས་སྐུའི་དོན་བཤད་པའི་མདོ་བསྟན་བཅོས་རྣམས་ལས་ཕྱོགས་རེ་ཙམ་བསྟན་པ་བསྡུས་ན་ངེས་པ་ལྔ་ལྡན་དུ་འགྱུར་ཞེས་རྗེ་བཙུན་གྱིས་གསུངས་(སྐབས་བརྒྱད་པའི་སྤྱི་དོན།༢༣༦)པའི་ཚུལ་འདི་ལྟ་བུ་ལ་གཞི་བཅོལ་བ་ལས་ངེས་པ་ལྔ་ལྡན་གྱི་གཞི་གཟུགས་ས་ལར་མེད་དོ།།

འོ་ན་བོད་དག་གིས་དེ་ལྟར་དུ་ཐ་སྙད་བྱས་མོད། འོན་ཀྱང་གསེར་ཕྲེང་ལས་ཐེག་བསྡུས་ལྟར་ན་དེ་ལ་གནོད་པ་ཡང་སྣང་ཞེས་པའི་དོན་གང་ཡིན་ཞེ་ན། འདིའི་གནོད་པའི་དོན་ལ་ཡིག་ཆ་རྣམས་མི་མཐུན་པ་འགའ་སྣང་ཡང་འདིར་ཀུན་མཁྱེན་ཡིག་ཆ(གསུང་འབུམ།པོད༨སྒོ་མང་དཔེ་མཛོད།༣༤༨)ལྟར་བཀོད་ན།ཐེག་བསྡུས་ལས་(སྡེ་བསྟན།༤༢རི) བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། ལྷག་ལ་སོགས་པ་འཁོར་སྣ་ཚོགས་དང༌། འདྲེས་པས་འདྲེས་པར་སྣང་བ་དང། ཞེས་ལོངས་སྐུའི་འཁོར་མ་ངེས་པ་དང་། ཡང་དེ་ཉིད་ལས། མོསཇིལྟབཞིནདུམཐོངབསངེས་པའི་ངོ་བོ་ཉིད་དུ་སྣང་བ་དང༌། གཞན་དང་གཞན་དུ་སྣང་བས། གཡོ་བའི་ངོ་བོ་ཉིད་དུ་སྣང་བ་དང༌། ཞེས་སྐུ་གཡོ་བའི་ངོ་བོ་ཉིད་དུ་སྣང་བར་བཤད་པས་ལོངས་སྐུའི་སྐུ་ཡང་མ་ངེས་པས་ངེས་པ་ལྔ་ལྡན་དུ་སྨྲ་བའི་གཞུང་བྱེ་བྲག་གཅིག་མེད་ཀྱང་མདོ་བསྟན་བཅོས་ཀུན་བསྡོམས་ན་ཡོད་ཅེས་བརྗོད་མ་ཐག་པ་དང་དང་འགལ་ཞེས་སྨྲས་ནས། ཀུན་མཁྱེན་ཡིག་ཆ་སོགས་ཀྱིས་གསེར་ཕྲེང་ལྟར་བཟུང་ནས་ལོངས་སྐུ་ལ་ངེས་པ་ལྔ་ལྡན་མི་དགོས་པ་ལུང་དུ་མས་བསྒྲུབས་ཤིང་། ལོངས་སྐུའི་དོན་ཡང་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་ཆ་ནས་བཞག་པའི་གཟུགས་སྐུ་ཞིག་ལ(གསུང་འབུམ།༣༦༡)བཤད་པས་ངེས་པ་གཅིག་གི་དོན་ལས་མ་ཚང་བའི་གཟུགས་སྐུ་ཞིག་ལ་བབྱེད་ཅིང་། རྒྱལ་ཚབ་རིན་པོ་ཆེ་དང་མཁས་གྲུབ་རྗེ་རྣམ་གཉིས་ཀྱིས་ལོངས་སྐུ་ལ་ངེས་པ་ལྔ་ལྡན་དུ་གསུངས་ཏེ།རིམ་པ་ལྟར་རྣམ་བཤད་སྙིང་རྒྱན་(༣༦༨སྨད།)ལས། ཟག་པ་མེད་པའི་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་སྤྱོད་པ་སོགས་ངེས་ལྔ་ལྡན་གྱི་སྐུ་ཡིན་པའི་ཕྱིར་དང་། ཞེས་དང་། རྒྱུད་སྡེ་སྤྱི་རྣམ(གསུང་འབུམ།བ།གསུང་འབུམ་སྡུད་སྒྲིག་ཁང་།༣)ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི་གནས་ངེས་པ་འོག་མིན་ཁོ་ན་ལས་གཞན་དུ་གཤེགས་མི་སྲིད། ཆོས་ངེས་པ་ཐེག་པ་ཆེན་པོའ་ིཆོས་ཁོ་ན་ལས་ཐེག་དམན་གྱི་ཆོས་གསུང་བ་མི་སྲིད། རྣམ་པ་ངེས་པ་མཚན་དཔེས་བརྒྱན་པའི་སྐུའི་རྣམ་པ་ལས་གཞན་དུ་འགྱུར་བ་མི་སྲིད། འཁོར་ངེས་པ་ས་བཅུའི་བྱང་སེམས་ལས་སོ་སྐྱེ་སོགས་ཀྱི་འཁོར་མི་སྲིད། དུས་ངེས་པ་འཁོར་བ་མ་སྟོངས་ཀྱི་བར་དུ་མྱ་ངན་ལས་འདའ་ཚུལ་མི་སྟོན་པ་སྟེ། ངེས་པ་ལྔ་ལྡན་ནོ།། ཞེས་ངེས་པ་ལྔ་ལྡན་གསུངས་པ་ལྟར་བྱེད་ན་གོང་གི་ཐེག་བསྡུས་ཀྱི་གནོད་བྱེད་དེ་དག་འཇུག་གོ་ཞེ་ན། འདི་ལ་མང་པོ་ཞིག་གིས་ཐེག་བསྡུས་ལས་དེ་ལྟར་གསུངས་པ་སེམས་ཙམ་པའི་ལུགས་དང་། བོད་གཞུང་དག་ལས་ངེས་པ་ལྔ་ལྡན་གསུངས་པ་རང་རྒྱུད་པའི་ལུགས་ཞེས་གྲུབ་མཐའི་ཁྱད་པར་འབྱེད་པ་ནི་ཤིན་ཏུ་མ་ཤེས་པས་ནོངས་ཏེ། སེམས་ཙམ་པའི་ལུགས་ཀྱི་ལོངས་སྐུ་ལ་ངེས་པ་ལྔ་ལྡན་མི་དགོས་པའི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར། གྲུབ་མཐའི་ཁྱད་འབྱེད་པ་དག་གི་དམིགས་ཡུལ་གཙོ་བོ་ལྷག་བཅས་པ་ཐེག་ཆེན་དུ་ལྡོག་པའི་ཚེ་ཚེ་གཅིག་ལ་བྱང་ཆུབ་ཆེན་པོ་མངོན་དུ་བྱེད་དགོས་པའི་ལྷ་སྒྲུང་དག་གི་གཞི་འཛིན་ས་འཚོལ་བའི་ཆེད་ཡིན་ལ། དེར་མི་འཐད་པའི་སྐོར་མང་ཙམ་བྲིས་ཟིན་ལ། ལྷག་པར་དུ་སེམས་ཙམ་རང་གི་ཐུན་མིན་གྱི་མདོ་ལང་ཀར་གཤེགས་པ(སྡེ་བཀའ།པོད་ཞེ་དགུ།༡༨༧རྒྱབ་གཟིགས།)ལས་འདོད་པ་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་དེར་འཚང་རྒྱའོ།། ཞེས་སོགས་དང་འགལ་བས་འདིར་སྤྲོ་མི་འདོད་ལ། དེ་དག་གི་དོན་མདོར་བསྡུ་ན། བོད་དག་གིས་ལོངས་སྐུ་ལ་ངེས་པ་ལྔ་ལྡན་གྱི་ཐ་སྙད་བྱས་པ་བཞིན་ལོངས་སྐུ་ཆེ་ཆུང་གི་ཐ་སྙད་ཅིག་ཀྱང་མཛད་པར་མངོན་ཏེ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་དབུ་མ་རྣམ་ངེས་(གསུང་འབུམ།༦༤༦)ལུང་གཞན་ལས་ལོངསསྐུ་ཆེ་ཆུང་གཉིས་ཀྱི་བཤད་པ་འབྱུང་་དང་ཡང་མཐུན་ནོ། །ཞེས་བཤད་ན་ཡང་ལེགས་པར་བཤད་པར་འགྱུར་རོ། ། ཞེས་ལུང་གཞན་ལས་དེ་ལྟར་དུ་བཤད་པ་བོད་འགའ་ཞིག་གིས་བཤད་པ་ཙམ་ལས་རྒྱ་གར་མཁས་པའི་གསུང་གི་དབུས་སུ་དེ་འདྲ་མ་བྱུང་། ཡང་དེ་ཉིད་ལས(༦༦༨) ལོངསསྐུཆུང་ནི། གདུལ་བྱའི་ཁྱད་པར་ལས་སོ་སོ་ཐ་དད་དུ་བཞག་སྟེ། དཔེར་ན་ཤཱཀྱའི་རྒྱལ་པོས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་གཟུགས་སུ་བསྒྱུར་ནས། དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པ་དང་། རྒྱལ་བ་འོད་དཔག་མེད་དེར་བསྒྱུར་བའི་ལོངས་སྤྱོད་རྫོགས་པའི་སྐུ་ཐ་དད་པའི་ཚུལ་འཆད་དགོས་པ་བཞིན་ནོ། ། ཞེས་ལོངས་སྐུ་ཆུང་བའི་དབང་དུ་བྱས་ན་ཤཱཀྱ་ཐུབ་པ་དང་འོད་དཔག་མེད་དང་ལོངས་སྐུའི་གཞི་མཐུན་གསུངས་པ་འདི་པཎ་ཆེན་ཙམ་མིན་པར་རྗེ་བཙུན་ཆོས་རྒྱན་གྱིས་ཀྱང་གསུངས་ཏེ། གོང་དུ་གསེར་ཕྲེང་ལས་ཐེག་བསྡུས་ཀྱི་ལྟར་ན་གནོད་པ་ཡང་སྣང་ཞེས་པའི་དོན་ལ་(སྤྱི་དོན་ལས།༢༣༧)ཐེག་བསྡུས་ཀྱི་གནོད་པ་ནི། ཐེག་བསྡུས་ལས་རྒྱལ་བ་འོད་དཔག་མེད་ལོངས་སྐུར་བཤད་པས་སོ།། ཞེས་དང་(ཆོས་སྐུའི་སྤྱི་དོན།ཀན།༤༠༣)ལས་དེར་མ་ཟད་ཐེག་བསྡུས་ལྟར་ན་ལོངས་སྐུ་ལ་ངེས་པ་ལྔ་ལྡན་དུ་སྨྲ་བ་མི་འཐད་དེ། དེ་ཉིད་ལས་རྒྱལ་བ་འོད་དཔག་མེད་ལ་ལོངས་སྐུར་གསུངས་ཤིང་། དེས་ན་ངེས་པ་ལྔ་ལྡན་དུ་ཆེས་མི་འཐད་པའི་ཕྱིར། ཞེས་རྗེ་བཙུན་གྱི་གཞུང་ཚན་གཉིས་སུ་དེ་ལྟར་འབྱུང་མོད། འོན་ཀྱང་ཐེག་བསྡུས་ལས་འོད་དཔག་མེད་ལོངས་སྐུར་གསུངས་པ་མ་བརྙེད་ཀྱང་འགྱུར་མི་འདྲ་བའི་དབང་ལ་སོགས་པའི་ཨེ་ཡིན་སྙམ་དཔྱད། གང་ལྟར་ཐེག་བསྡུས་ཀྱི་གནོད་པ་འོད་དཔག་མེད་ལོངས་སྐུར་གསུངས་པ་དང་པཎ་ཆེན་གྱིས་ཀྱང་ཤཱཀྱ་ཐུབ་པ་དང་འོད་དཔག་མེད་ལོངས་སྐུའི་ཆུང་བའི་དབང་དུ་བྱས་པའི་ལོངས་སྐུར་གསུངས་པའི་དགོངས་པ་གནད་གཅིག་ཏུ་དབབ་པ་ཤེས་པར་བྱའོ།། དེ་བས་ལོངས་སྐུ་ཆེན་པོ་ལ་ངེས་པ་ལྔ་ལྡན་དུ་བཤད་པ་དང་ཆུང་བ་ལ་དེ་ལྟར་དུ་མི་དགོས་པས་རྗེ་ཡིས་ཐེག་བསྡུས་ལྟར་ན་གནོད་བྱེད་སྣང་ཟེར་བ་ལོངས་སྐུའི་ཆུང་བའི་དབང་དུ་བྱས་པ་ཡིན་ནོ།། ལེགས་པར་སྨྲས་པའོ།། 


མི་སྡུག་པའི་ཏིང་འཛིན་དང་འཁྲུལ་ཤེས་ཀྱི་དོན་བཤད་པ། 

འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པའི་ཏིང་ངེ་འཛིན་བསྒོམ་པ་དང་། སྤྲུལ་བསྒྱུར་ལ་དབང་བའི་ཕྱིར་ཟད་པ་དང་ཟིལ་གནོན་བསྒོམ་པ་འདི་དག་གིས་ནི་རིམ་པ་ལྟར། ས་གཞི་ཐམས་ཅད་ཀེང་རུས་ཀྱིས་ཁྱབ་པར་མོས་པ་དང་། ས་གཞི་ཐམས་ཅད་ཆུས་ཁེངས་པ་དང་། ས་གཞི་སྔོན་པོས་ཁྱབ་པར་མོས་པ་ལ་སོགས་པ་བློ་ཐ་མལ་བ་དང་ཤིན་ཏུ་མི་མཚུངས་པའི་འཛིན་པ་འདི་དག་རང་གི་ཡུལ་འཛིན་པ་ལྟར་མེད་ཀྱང་ལོག་ཤེས་སུ་མི་འགྱུར་ཏེ། ལོག་ཤེས་ཀྱི་དོན་ནི་རང་གི་ཡུལ་རང་དབང་མེད་པར་འཕྲལ་དང་ཕུགས་གང་རུང་ལ་འཁྲུལ་ཞིང་རྨོངས་པའི་མཐུས་དེ་མ་ཡིན་ལ་དེར་འཛིན་པ་ཞིག་ལ་བྱེད་ཅེས་ཞིབ་ཆ་འབྱེད་པ་མི་འཐད་དེ། དེ་མ་ཡིན་ལ་དེར་འཛིན་ན་ལོག་ཤེས་དང་། ཁྱོད་དེ་མ་ཡིན་བཞིན་དུ་དེར་སྣང་ན་འཁྲུལ་ཤེས་ཀྱིས་ཁྱབ་པ་སྤྱིའི་འགྲོ་སྟངས་ཡིན་པའི་ཕྱིར། དེས་ན་གོང་གི་མི་སྡུག་པའི་ཏིང་ངེ་འཛིན་དང་ཟད་པའི་ཏིང་འཛིན་སོགས་ལོག་ཤེས་མ་ཡིན་ཡང་། འཁྲུལ་ཤེས་ཡིན་མིན་བྱེད་ན་རྟོག་པ་ཡང་ཡོད་པས་ཅི་རིགས་པ་ཡོད་ཀྱང་། ཀེང་རུས་ཀྱིས་ཁྱབ་པ་དང་ཆུས་ཁེངས་པ་སོགས་ལ་མ་འཁྲུལ་ཏེ། དེ་དག་ཡུལ་དུ་ཡང་མ་བྱས་པས་སོ།། ས་གཞི་ཀེང་རུས་ཀྱིས་ཁྱབ་པར་མོས་པའི་མོས་སྒོམ་དེའི་འཛིན་སྟངས་ཀྱི་ཡུལ་ལ་ས་གཞི་ཀེང་རུས་ཀྱིས་ཁྱབ་པ་མ་ཡིན་ཏེ། དེ་མེད་པའི་ཕྱིར། དེས་ན་གང་ཞེ་ན། ཏིང་ངེ་འཛིན་གྱི་མཐུས་ས་གཞི་ཐམས་ཅད་ཀེང་རུས་ཀྱི་གཟུགས་བརྙན་གྱིས་ཁྱབ་པར་སྣད་བ་ལས་ཀེང་རུས་མ་སྣང་ཞིང་། ས་གཞི་ཆུའི་གཟུགས་བརྙན་གྱིས་ཁེངས་པར་སྣང་བ་ལས་ཆུས་ཁེངས་པ་མི་སྣང་བའི་ཕྱིར། ཀེང་རུས་ཀྱི་གཟུགས་བརྙན་དང་། ཆུའི་གཟུགས་བརྙན་འཇོག་གོ ། དེ་ལྟར་ཡིན་པ་ཡང་ཀུན་བཏུས་དར་ཊཱིཀ་(གསུང་འབུམ་སྡུད་སྒྲིག་ཁང་།༣༣༩།)ལས། སངས་རྒྱས་ཀྱི་ཟད་པར་གྱི་ཏིང་ངེ་འཛིན་ལ་ས་གཞི་ཆུས་ཁྱབ་པར་སྣང་བ་སོགས་སྣང་བ་ལྟར་དུ་གྲུབ་བམ་མ་གྲུབ། དང་པོ་ལྟར་ན། གཞན་གྱིས་ཀྱང་མཐོང་དུ་རུང་བར་འགྱུར་ལ། གཉིས་པ་ལྟར་ན། སངས་རྒྱས་ལ་འཁྲུལ་བ་མངའ་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། འཕགས་པའི་གང་ཟག་ས་ལ་སོགས་ པ་གསེར་དུ་བསྒྱུར་ནུས་པ་དེ་དག་གིས་ནི་གསེར་གྱི་བྱ་བ་བྱེད་ནུས་ཤིང་། གསེར་ཡིན་པས་དོགས་པ་མེད་ལ། སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་ཀེང་རུས་ཀྱི་གཟུགས་བརྙན་སྣང་བ་སོགས་ནི། ཀེང་རུས་ཀྱི་གཟུགས་བརྙན་གཟུགས་བརྙན་དུ་སྣང་བ་ཡིན་གྱི། ཀེང་རུས་སུ་མི་སྣང་བས་འཁྲུལ་པ་མངའ་བར་ག་ལ་འགྱུར། ཞེས་འབྱུང་བ་འདི་ལ་བརྟག་ན། གཞན་མཉན་པ་ལྟ་བུའི་སེམས་བསྐྱེད་དང་། ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་དེ་དག་ཀྱང་འཛིན་པ་ལོག་ཤེས་ལྟ་ཞོག དེ་དག་རང་གི་འཛིན་སྟངས་ཡུལ་ལ་མ་འཁྲུལ་བའི་ཚུལ་གསལ་བོར་ཤེས་པར་འགྱུར། 


མཆོག་གི་སྤྲུལ་སྐུ་ལ་དགེ་སློང་ཡིན་དགོས་པའི་རྒྱུ་མཚན། 


རྗེ་བཙུན་པའི་སྐབས་དང་པོར་རྗེ་བཙུན་བྱམས་པ། ལྷའི་བུ་དམ་པ་ཏོག་དཀར་པོ། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཕྱིར་དུ་པི་ཝང་མཁན་གྱི་གཟུགས་སུ་སྤྲུལ་པའི་དེ་བཞིན་གཤེགས་པ་དང་ཆོས་སྐུའི་སྤྱི་དོན་དུ་རྒྱལ་བུ་གཞོན་ནུ་དོན་གྲུབ་མཆོག་གི་སྤྲུལ་སྐུ་མིན་པར་གསུངས་ཤིང་། མཆོག་གི་སྤྲུལ་སྐུ་ལ་དགེ་སློང་གིས་ཁྱབ་པར་ཆོས་སྐུའི་སྤྱི་དོན་(སྨད།༤༣༠) ལས་དེ་ཆོས་ཅན། དགེ་སློང་ཡིན་པར་ཐལ། མཆོག་གི་སྤྲུལ་སྐུ་ཡིན་པའི་ཕྱིར། ཞེས་འབྱུང་ཞིང་། འདིའི་རྒྱུ་མཚན་ཡང་། མཆོག་གི་སྤྲུལ་སྐུ་ནི་བསམ་བཞིན་དུ་སྤྲུལ་གཞི་ལོངས་སྐུ་ལས་གྱེས་ནས་འདོད་པའི་ཁམས་སུ་འཇིག་རྟེན་གྱི་དོན་སྒྲུབ་པར་མཛད་དུ་བྱོན་པ་ཡིན་ལ། དེ་ཡང་འཇིག་རྟེན་གྱི་དོན་སྒྲུབ་པའི་རྟེན་ལ་གཞན་དོན་ལྟ་ཞོག་རང་དོན་སྒྲུབ་པའི་རྟེན་ཡང་མིའི་རྟེན་འདི་ཉིད་མཆོག་ཏུ་གྱུར་པ་ཡིན་ལ། མིའི་ནང་ནས་ཀྱང་དལ་འབྱོར་ཚང་བའི་རྟེན་འདི་ཤིན་ཏུ་འཚམས་ཤིང་། དེ་ལ་ཡང་ཕོ་མོ་གཉིས་ལས་གཞན་དོན་སྒྲུབ་པ་ལ་འཇོན་ནུས་དང་དཔའ་བ་སོགས་ཕོ་མཆོག་ཏུ་གྱུར་པའི་ཕོའི་རྟེན་དང་། ཕོ་ལ་ཡང་ཁྱིམ་པ་དང་དགེ་སློང་གཉིས་ལས་ཁྱིམ་པའི་རྟེན་ནི་གཞན་གྱིས་མ་གུས་པ་དང་། ཆོས་སྒྲུབ་པའི་ལོངས་མེད་པས་ན་དེ་གཉིས་ལས་ཀྱང་གཞན་དོན་སྒྲུབ་པའི་རྟེན་མཆོག་ཏུ་གྱུར་པ་དགེ་སློང་གི་རྟེན་ཡིན་པས་མཆོག་གི་སྤྲུལ་སྐུ་ལ་དགེ་སློང་ཡིན་དགོས་པའི་རྒྱུ་མཚན་དེ་ཙམ་ལས་མེད་དོ།། རྟེན་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དགེ་སློང་གི་རྟེན་ལ་སྤྲུལ་པའི་སྐུར་མངོན་པར་བཞེས་པས་མཆོག་གི་སྤྲུལ་སྐུ་ཞེས་གདགས་པ་ཡིན་སྙམ་མོ།། བཀྲ་ཤིས། 


2024 9 11 ཉིན་མདོ་ཁམས་རྫ་སེར་ཤུལ་དགོན་དུ་བྲིས། 


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章