དབྱངས་ཅན་མར་ནང་མོལ་ཞུས་པ།   མང་དགེ་བསོད་ནམས་འབྱུང་གནས། 

文摘   2024-08-08 14:01   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台




དབྱངས་ཅན་མར་ནང་མོལ་ཞུས་པ། 


མང་དགེ་བསོད་ནམས་འབྱུང་གནས། 



སྤྱི་གཙུག་ཉི་ཟླའི་རྒྱན་གྱི་འཁོར་ལོ་ཆེར། ། 

སྣ་ཚོགས་འཇོ་སྒེག་གར་གྱིས་རོལ་བ་མོ། ། 

སྟོང་ལྡན་རྒྱུད་མངས་རེ་རེའི་སྒྲ་སྐད་ཀྱིས། ། 

ཤེས་བྱའི་དེ་ཉིད་སྟོན་མཛད་ཁྱོད་ལ་འདུད། །


འདི་ན་མ་རིག་ཀློང་དུ་འཁྱམས་པ་ཡི། ། 

ལས་མང་ཁུར་གྱིས་དུབ་པའི་བདག་ཉིད་ལ། ། 

བླང་དོར་ལམ་སྣ་སྟོན་པའི་མགོན་མཛོད་ལ། ། 

ཡེ་ཤེས་སྣང་བའི་སྒྲོན་མེ་བཏེགས་པར་མཛོད། །


ཕལ་ཆེར་དབང་དང་འབྱོར་བས་ཡིད་བཟི་སྟེ། ། 

འགའ་ཞིག་དབུགས་ཀྱི་རྒྱུ་བ་མ་བཏང་ཙམ། ། 

འོན་ཀྱང་བདག་གི་ཚེ་སྲོག་ཉག་མ་འདི། ། 

མ་འགག་དེ་སྲིད་ཁྱོད་ཞལ་མཐོང་བར་རེ། །


སྟོང་བསམ་སྒྱུ་མའི་ཀློང་གི་འཆར་ཡན་དང་། ། 

མ་བརྟག་རྨི་ལམ་འཁྲུལ་གྱི་སྣང་ཚུལ་ལ། ། 

བློ་ལྡན་སྐྱེ་བོ་སུ་ཞིག་བདེན་འཛིན་སྟེ། ། 

བདག་ནི་དེ་ལ་བདེན་ཞེན་བཟློག་མ་ནུས། །


ཚེ་འདི་མི་རྟག་འཇའ་ཚོན་ལྟ་བུ་ཞེས། ། 

ཐམས་ཅད་ཉིན་མཚན་ཀུན་ཏུ་ཟློ་མོད་ཀྱང་། ། 

བདག་གིས་དུས་ཀྱི་འགྱུར་ལྡོག་བཀག་པ་ཡང་། ། 

དཀའ་བར་མ་མཐོང་དེ་ཡང་ཅིའི་ཕྱིར་ལགས། །


འཆད་རྩོད་རྩོམ་པའི་རྣམ་བཞག་གྲངས་མང་ལ། ། 

ཐོས་བསམ་སྒོམ་པའི་བྱ་བ་བརྗིད་ཆེ་མོད། ། 

སྙིང་བོ་དོན་གྱིས་སྟོང་ན་དེ་དག་ཀྱང་། ། 

ཚེ་ཡི་གཤེད་མ་ཉིད་དུ་ཡང་ཡང་མཐོང་། །


རེ་དོགས་འོག་འགྱུའི་རྟོག་པ་ཀུན་བྲལ་ཏེ། ། 

འཛིན་མེད་སེམས་ཀྱི་གཤིས་ལུགས་མཐོང་བའི་ཚེ། ། 

ད་ལྟའི་བཟང་ངན་དབྱེ་བའི་རྣམ་གྲངས་ཀུན། ། 

བྱིས་པའི་རྩེད་མོ་ལྟ་བུར་མཐོང་ངམ་ལགས། །


གང་ལ་འབད་པའི་ཕུགས་ཀྱི་འདུན་མ་དང་། ། 

དེའི་ཕྱིར་འབད་པའི་བརྩོན་པའི་གོམ་འགྲོས་གཉིས། ། 

ཤར་ནུབ་ལྟ་བུར་གྱུར་བ་མང་མཐོང་ནས། ། 

སྡུག་བསྲན་མིག་མཐའི་མཆི་མ་གོང་ཁར་ཟེགས། །


རང་ཉིད་གཞན་དང་བསྡུར་བའི་སྐྱེ་བོ་དང་། ། 

གཞན་དག་རང་ལས་དམན་སར་འགོད་མཁན་དག ། 

ཐོབ་ཤོར་རེ་དོགས་འོག་ནས་མི་ཐར་བས། ། 

མ་ཤི་དམྱལ་བའི་སྡུག་བསྔལ་མྱོང་ངམ་སྙམ། །


དེའི་ཕྱིར་བདག་གིས་ཁྱོད་ལ་བློ་གཏད་དེ། ། 

མ་འོངས་འདུན་མའི་ཕུགས་བསམ་བརྗོད་འདོད་མོད། ། 

མངོན་དུ་མ་གྱུར་ལྐོག་ཏུ་བཞུགས་པ་ཁྱོད། ། 

ཚེ་གང་འདི་ལྟར་གྱེས་ནས་བཞུགས་ལགས་སམ། །


ཉིན་བྱེད་གཟའ་ཡིས་ཟིན་པའི་འཇིགས་སྣང་དང་། ། 

ལྷ་སྲུང་བདུད་དུ་བབ་པའི་འཚེར་སྣང་གིས། ། 

སྐབས་རེར་རྨི་ལམ་ཤིན་ཏུ་འཁྲུགས་པ་དང་། ། 

ལན་རེར་དབུགས་རིང་མང་དུ་འབྱིན་དགོས་བྱུང་། །


ཁྱོད་ནི་བདག་གི་ལྐོག་གྱུར་མཛའ་མོ་སྟེ། ། 

མཚན་ཐུན་རེར་ཡང་ཡིད་ལ་བསྒོམས་མོད་ཀྱང་། ། 

བརྩེ་བའི་མིག་ཟུར་ལན་གཅིག་མི་གནང་བ། ། 

བདག་གི་ཉེས་སམ་ཁྱོད་ཀྱིས་བཏང་བ་ལགས། །


ཁོ་བོ་དཀའ་སྡུག་རེ་རེའི་ལམ་ཕྲན་ཏུ། ། 

ལྷགས་པའི་ཚེ་ན་ཁྱོད་ཉིད་ཝ་ལེར་དྲན། ། 

ཤུགས་རིང་དབུགས་ཀྱིས་འཕངས་བའི་ཡིག་འབྲུ་དག ། 

ཇི་ལྟར་བརྗོད་ཀྱང་སྟོང་བ་ཉིད་ལས་ཅི། །


ད་ནི་ཚེ་ཕྱེད་ཕལ་ཆེར་རྫོགས་ཡོད་སྲིད། ། 

ཚེ་ལྷག་ཅི་ཙམ་ཡོད་མེད་མི་ཤེས་པས། ། 

རེ་སྨོན་སྨན་ཁྱོད་གཏད་པའི་ཁོ་བོ་ལ། ། 

དགྱེས་འཛུམ་ཞལ་གྱི་དཀྱིལ་འཁོར་སྟོན་པར་ཞུ། །

     ཞེས་ཞོགས་པ་སྔ་མོ་ཞིག་ལ་དབྱངས་ཅན་མའི་བསྙེན་པ་བགྲང་སྐབས་སེམས་ནང་ལ་བརྗོད་མི་ཤེས་པའི་དགའ་དད་ཀྱི་སྣང་བ་བན་བུན་ཞིག་གིས་ཡོངས་སུ་གང་སྟེ། ཚེ་རབས་ལས་ཀྱི་ལྷ་སྐལ་དུ་གྱུར་བའི་སྒྲ་དབྱངས་མ་དེ་ཉིད་ལ་གསོལ་འདེབས་ཕུར་ཚུགས་ཀྱི་སྒོ་ནས་གང་དྲན་ཐོལ་བྱུང་དུ་སྦྱར་བ་འདི་ནི། བོད་གངས་ཅན་གྱི་གཙུག་ལག་རིག་གཞུང་ལ་མོས་གུས་ཀྱི་འདུན་པ་མ་བཏང་ཙམ་གྱིས་འཚོ་བའི་འདུ་གསུམ་པ་མང་དགེ་བསོད་ནམས་འབྱུང་གནས་ཀྱིས་ལབ་དགོན་མཐོ་རིམ་གཙུག་ལག་སློབ་གླིང་དུ་བྲིས་པའོ།།

版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章