དྲན་པའི་གསེང་གི་ནམ་མཁའ། བཞོ་ཟེའུ།

文摘   2024-09-12 13:26   中国  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台





 དྲན་པའི་གསེང་གི་ནམ་མཁའ།


 བཞོ་ཟེའུ། 




སྔོ་སང་སང་གི་ལྷ་ལམ་ཡངས་པོར། སྤྲིན་པ་ཡུག་གཅིག་ཀྱང་མི་འདུག ཆུ་འཛིན་ལག་མཐིལ་ཙམ་ཡང་མེད་པའི་མཁའ་དབྱིངས་དེ་རུ། རིག་རིག་མིག་གིས་མྱུལ་ཞིབ་ཇི་ལྟར་བྱས་ན་ཡང་། མཐིང་མདོག་གི་ནམ་མཁའ་སྔར་བཞིན་ནམ་མཁའ་སྟེ། གཡའ་དག་ཅིང་སྔོ་ཐིང་ངེར་གནས། ཐ་ན། ར་རིས་མ་གོས་པའི་གཡུ་མདོག་གི་མེ་ལོང་ཁོ་ནའོ།


མེ་ལོང་དེ་ག་ནས། ཕང་ཕུང་འཕྱོ་བའི་སྤྲིན་དཀར་གྱི་འདབ་མ། དྲི་བཞོན་བུ་མོར་བཅིབས་ནས་དལ་དལ་དུ་སླེབས། འགྲོས་སྐྱེན་པའི་སྤྲིན་ཕུང་དེ་དག་རི་རྩེ་ལ་ཡན་དུས། ངས་ནི་དུང་བ་ཁྲི་ཕྲག་གི་གསེང་ན་འཛུམ་པའི་བརྩེ་བ་ཞིག་མཐོང་ཡོང་ལ། བརྩེ་བ་དེས་བསྐྱེད་པའི་བློས་མི་མཐོང་བའི་སེམས་པ་ཞིག་ཀྱང་རྟོགས་ཡོང་། དེ་ནི་རྒྱང་རིང་ལ་ཞེ་འཁྲེང་བའི་ངའི་ནང་སེམས་ཀྱི་ཚོར་འདུ་ཡིན། 


འདུ་མི་ཕོད་ལ་འབྲལ་ཡང་མི་ཐུབ་པའི་སྤྲིན་དཀར་གྱི་འདབ་མའི་ཆགས་ཞེན་དེ།  རང་དབང་བྲལ་བའི་ང་ཁོ་ནར་དབང་བ་ཡང་མ་ཡིན་ཏེ། ཆེས་ཐོག་མ་ནས་ཁྱེད་དང་ང་ལ་དམིགས་སུ་བསླངས་པའི་མཇལ་འཕྲད་ཀྱི་རྡོ་རིང་ཞིག་ཅིས་མ་ཡིན། 


རི་རྩེ་ལ་ཡན་པའི་ཐར་ཐོར་གྱི་སྤྲིན་པ་ཚོམ་བུ། ཡང་བསྐྱར་བསིལ་རླུང་གིས་བདས་ནས་ནམ་མཁའི་མཐོངས་ཡངས་པོར་ཁྱབ། འོད་ཟེར་ལམ་ལམ་འགྱེད་པའི་ཉི་འོད་ཀྱི་ཕྱེད་མདངས་སྒྲིབ་ལ་ཕྱེད་མདངས་མ་སྒྲིབ་པ་ནི།  རེ་བའི་སྨོན་འདུན་ལ་སྦྲང་ཆར་ཐེངས་ཤིག་ཉིལ་བའི་སྔ་ལྟས་ཡིན། 


ལག་སོར་ཐོད་པར་ཀེར་ནས་ཡང་ཡང་མཁའ་དབྱིངས་སུ་ཅེར། སུས་ཀྱང་འགོག་ཐབས་མེད་པའི་དྲན་པ་གང་ཞིག སྙིང་ཁ་ནས་མཐོ་ནས་མཐོ་རུ་འདེགས་དུས། ཉི་ཟེར་གྱི་ཀློང་ན་བརྡོལ་བའི་ཆུ་ཐིགས་ཀྱི་ཟེགས་མ་དེ་དག མཁུར་མགོ་ནས་བཀག་པའི་མིག་ཀོང་གི་མཆི་མའི་ཟོལ་ལ་འཛུམ། 


འཛིན་མའི་ལྟེ་བར་ལྷུང་བའི་ཆར་ཆབ་ཀྱིས་འབྱུང་ཁམས་བྲན་དུས། ཙད་པས་གདུང་བའི་སྐྱེ་འགྲོ་ཡོངས་ལ་ཚ་གདུག་སེལ་བའི་བདུད་རྩི་རུ་འགྱུར་ལ། ནང་སེམས་ལ་ཐན་པ་བྱུང་བའི་ཁེར་རྐྱང་གི་སྐྱོ་ངལ་གང་དེ་འདག་པར་བྱེད།


ཐོལ་གྱིས་ཡན་པ་ནི་སྤྲིན་དཀར་གྱི་འདབ་མ་ཡིན་ཡང་།  གློག་རྡེག་དྲན་པ་ནི་ཁྱེད་རང་གི་འཛུམ་ཞལ་ཏེ། ཡང་ཡང་སྤྲིན་ཕུང་བཞིན་འདུ་འགོད་སྐྱེན་ལ་ནང་སེམས་ཀྱི་ཟབ་སར་འཛུལ། 


མཐོང་འཛིན་གྱི་མཁའ་མཐར་གཤེགས་པའི་གྱེས་བྲལ་གྱི་མཚམས་སྤྲིན་དམར་པོ་དེ་ཡང་། ས་སྲོད་ཀྱི་སྐྱ་རེངས་ལ་འཁྲེང་བའི་དགྱེས་འཛོམས་ཀྱི་ཕོ་ཉ་ལོས་ཡིན་འདོད། 


ཡང་ཡང་ཞེ་ལ་ཐོགས་པའི་མི་དེས། ཡང་ཡང་ཁྲ་རིལ་མིག་གིས་ནམ་མཁར་བལྟས། ཁྱེད་ལ་དབང་བ་ནི་ནམ་མཁའ་ཡིན་ལ། ང་ལ་དབང་བ་ཡང་ནམ་མཁའ་ཡིན་བཞག་ན། ཐུན་མོང་གི་དྲན་པ་གཏོད་ཡུལ། གཞི་གཅིག་ཏུ་གྲུབ་པའི་ནམ་མཁའ་ལས་མ་འདས། 


དེ་བས། ཡོད་ཚད་ཀྱི་དྲན་པ་ནམ་མཁའ་དང་སྤྲིན་པ་ལ་བཅོལ་ཡོད།


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章