ལེགས་སོའི་མཆོད་ཚིག་དད་གསུམ་གསེར་གྱི་མཎྜལ། ཞོ་འོང་སྐལ་བསྟན།

文摘   2024-08-27 15:38   中国  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台




༄༅།།མཆོག་ཏུ་ཡི་རངས་པའི་ལེགས་སོའི་མཆོད་ཚིག་དད་གསུམ་གསེར་གྱི་མཎྜལ་ཞེས་བྱ་བ།

ཞོ་འོང་སྐལ་བསྟན།






འཕྲི༵ན་ལས་འོད་དཀར་གདུལ་བྱའི་དཔལ་དུ་སྙོམས།། 

ལ༵ས་ཀྱི་སྙིང་བོ་འཁོར་ལོ་གསུམ་དུ་འབྱམས།།

རྒྱ༵་ཆེན་གཞུང་ལུགས་མཁྱེན་དཔྱོད་རྩལ་གྱིས་རྫོགས།། 

མཚོ༵་བྱུང་སྙེམས་འཕྲོག་སྨྲ་བའི་ཟླ་བར་འདུད།།


པོད་ལྔའི་གནད་ལ་འཇུག་པ་ཆེར་ཡངས་པའི།།

དམ་པ་གང་གི་རླབས་ཆེན་མཛད་བཟང་ལ།། 

མི་ཕྱེད་དད་གསུམ་ནང་ནས་འཕྱུར་བའི་བརྡར།། 

ངག་རིག་མེ་ཏོག་གཏོར་བའི་ལས་འདིར་སྤྲོ།། 


དུས་མཐར་བྱོན་པའི་ཞི་ཐོབ་དགེ་སྦྱོང་བཞིན།། 

དབང་བོ་ཞི་ཞིང་ཚངས་སྤྱོད་དཔལ་གྱིས་སྒེག། 

བསླབ་གསུམ་གཞི་ལ་འཕགས་ནོར་བདུན་ལྡན་སོགས།།

དད་གུས་དབང་མེད་འགུགས་པའི་དཔྱིད་དུ་ཆེ།།


མདོ་རྒྱུད་གཙུག་ལག་རྒྱ་མཚོའི་འཇིང་བརྒལ་ཏེ།། 

ཟབ་རྒྱས་དོན་བཟང་མི་ཟད་དབྱུག་གི་ནོར།། 

མཁྱེན་ཀློང་ནམ་མཁའ་མཛོད་དུ་ཉེར་དྲངས་པས།། 

དཔལ་ལྡན་མཁས་པའི་རྒྱལ་ཐབས་ངང་གིས་རྙེད།། 


བཤེས་ཆེན་འདི་འདྲ་དམ་བཅར་ཁེལ་དཀའ་བས།། 

རང་རང་བློ་བསྐྱེད་གང་ལོན་བྱེད་གལ་ཞེས།། 

དགོན་འདིའི་ཁྲི་ཆེན་ཞལ་གྱི་བུམ་བཟང་ལས།། 

འདུས་པ་རྒྱ་མཚོའི་ཐོས་འཛིན་བཅུད་དུ་སྨིན།།


རྣམ་དཔྱོད་ཆུ་འཛིན་རྒྱས་པའི་མཁའ་མཐའ་ལས།།

ལུང་རིགས་འོད་བརྒྱའི་དྲ་བ་ཕྱོགས་སུ་འགྱེད།། 

རྩོད་ངག་དབྱར་སྐྱེས་རྔ་གསང་ཆེར་ལྡིར་བས།། 

དྲེགས་མྱོས་ཁེངས་བའི་རི་ཚོམ་ས་རུ་བསྙིལ།། 


རབ་འབྱམས་གཙུག་ལག་རྒྱ་མཚོའི་དཀའ་བའི་གནད།། 

ཕྲ་ཞིབ་རིགས་པའི་ལམ་ནས་ཉེར་དྲངས་ཚེ།། 

ཁེངས་ལྡན་རྒོལ་བའི་ལུས་སྐྱེས་ལྗོན་པ་ཡང་།། 

སྙིང་དང་ལྷན་ཅིག་འདར་བའི་ངལ་བ་བསྟེན།། 


གསེར་མདོག་ཅོད་པན་འཆང་བའི་རིང་ལུགས་ལ།། 

མདོ་དང་ཚད་ཐུབ་རྒྱ་གཞུང་དཔང་བཙུགས་ནས།།

རིགས་ལམ་མཆོག་ཏུ་མྱུར་བའི་རྩོད་བཟང་ཚོགས།། 

མི་སྨྲ་བརྟུལ་ཞུགས་གནས་ལ་ཁྱེད་ཀྱིས་བཀོད།།


ཧ་ས་བཛྲའི་སྔོན་མེད་ལེགས་བཤད་གཏམ། ། 

ཐ་སྙད་སྦྱོར་ཚུལ་ཕྲ་མོའི་ཞིབ་ཆ་ཡན། ། 

འཁྲུལ་བྲལ་ལུང་རིགས་སྐྱ་བར་ཉེར་བཅིངས་ནས། ། 

དྲན་དབང་མདུན་སར་སྨྲ་བའི་སྤོབས་པ་དགེ། 


འདུལ་ལུང་སྡེ་བཞི་མདོ་རྩ་འགྲེལ་ཆེན་དང་།།

མཚོ་ཊཱིཀ་རིན་ཕྲེང་ཡིག་ཆའི་མཐའ་སྡོམ་སོགས།། 

ལུང་རིགས་གོ་གསུམ་སྦྲེལ་བའི་བརྒལ་བརྟག་གྱིས།།

འདུལ་གཞུང་ནང་བྱན་ཆུད་པའི་རང་རྟགས་ངོམ།། 

                    

ཟག་བཅས་ཟག་མེད་གཞི་ལྔའི་རང་སྤྱི་དང་།།

བཅོ་བརྒྱད་སྡེ་བའི་རང་རང་བཞེད་ཚུལ་སོགས།།

ཕྲ་ཞིབ་དགག་བཞག་སྐྱ་བར་ཉེར་དྲངས་ཏེ།། 

ཟ་འོག་རིས་བཞིན་མ་འདྲེས་གསལ་བར་བྱས།།


རིགས་དབང་ཡབ་སྲས་གཞུང་ལ་ཆེར་གོམས་པས།། 

རྟོག་གེའི་ཚིག་དོན་རིག་པའི་གསང་ཚིག་སོགས།།

མ་འདྲེས་ཕྲ་ཞིབ་རིགས་ལམ་གཙང་མའི་ངོས།། 

རྩོད་ངག་ཆོས་གྲྭ་མཛེས་པའི་རྒྱན་དུ་བབས།།


བློ་བཟང་འཇམ་དཔལ་སྙིང་བོའི་ཐུགས་ཀྱི་བཅུད།། 

རྩ་འཇུག་བཞི་གསུམ་ཁོང་ནས་བཏོན་པ་ཡི།། 

ཐུན་མོང་མིན་པའི་དཀའ་བའི་གནད་བརྒྱད་སོགས།།

དྲན་དབང་མཉེས་པའི་ཡོན་དུ་ཅི་ཡང་སྤྲོས།།


ཟབ་མདོའི་སྦས་དོན་དངོས་བརྒྱད་བདུན་ཅུའི་དོན།། 

གསེར་རྣམ་རྟོགས་གསུམ་མཐའ་དཔྱོད་གུང་བསྒྲིགས་ནས།། 

འཕགས་སེང་དགོངས་བཞེད་ཇི་བཞིན་སྨྲ་བ་ལ།། 

མཁྱེན་དཔྱོད་འཇུག་པ་ཟབ་པའི་མཐའ་མ་རིག། 


པོད་ལྔའི་དམ་བཅའ་རི་ལྟར་བཙུགས་པ་ལ།། 

དེར་འཁོད་མཆོག་དམན་བར་མའི་སྐྱེ་འགྲོའི་ཚོགས།།

མཆོག་ཏུ་སིམ་པའི་ངོ་མཚར་དང་འགྲོགས་ནས།། 

གྲགས་པའི་རོལ་མོ་དཀྲོལ་ལ་ཅི་ཡང་བྲེལ།།


གདན་གསུམ་མཁས་མང་དབུས་ནས་ཐོན་པ་ཡི།། 

ལྷ་ལྡན་གདུགས་དཀར་འོག་གི་དམ་བཅའ་ཡང་།། 

འདི་ལས་མཆོག་ཏུ་གྱུར་པ་ཡོད་མིན་ཞེས།། 

བདག་གི་ཡིད་ནི་དད་འདུན་སྤྲོ་བས་མྱོས།།


སྐྱེས་སྦྱངས་སྤོབས་པས་བཏེགས་པའི་མཁྱེན་དཔྱོད་དང་།།

ཡོངས་དག་བཙུན་པའི་དཔལ་སོགས་མཁས་ཀུན་ཡིད།།

དབང་མེད་འགུགས་པའི་ཡོན་ཏན་ལྷུན་རྫོགས་པས།། 

གཟུ་བོར་གནས་རྣམས་དད་པའི་སྤུ་ལོང་འཛིན།།


མཁས་བཙུན་བཟང་བོའི་ཡོན་ཏན་ལྷུན་རྫོགས་ཤིང་།།

འཆད་རྩོད་རྩོམ་པའི་ལས་ཀྱི་འཁོར་ལོ་ཡིས།།

སྐུ་ཚེ་གཙུག་ལག་གམ་ནས་ཟད་བྱེད་པ།།

འདི་ཉིད་ཁོ་ན་མཛད་པའི་ཕུལ་དུ་དགོངས།། 


བཤད་སྒྲུབ་མཛད་བཟང་མཁྱེན་བརྩེའི་ཀློང་ན་མཐོ།། 

གསུང་སྐྱེས་བུ་སློབ་རྒྱུ་སྐར་གྲངས་ལ་འཕྱ།།

དུས་འདིར་བསྟན་པ་འཛིན་པའི་ཐབས་ཀྱི་ཚུལ།།

འདི་ལས་རྨད་དུ་བྱུང་བ་གཞན་ཡོད་མིན།། 


མགོན་ཁྱོད་ཞབས་ཟུང་རེ་ཁཱ་ཡིད་བཞིན་ནོར།། 

དད་གསུམ་མཛེས་པའི་རྒྱན་དུ་གཡོ་མེད་ཅིང་།། 

གསུང་གི་མཛད་བཟང་ག་བུར་ཐིགས་པ་ལ།། 

སྤྱོད་པའི་སྐལ་བཟང་ནམ་ཡང་ཉམས་མེད་ཤོག།


ཅེས་གུས་འབངས་བདག་ལ་བཀའ་དྲིན་མཚུངས་ཟླ་བྲལ་བའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ༧རྡོ་རམས་པ་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་དེ་ཉིད་ཀྱིས་ལོ་ངོ་གསུམ་གྱི་རིང་ལ་འཛིན་གྲྭ་སོ་སོའི་ནང་རྡོ་རམས་པའི་དམ་བཅར་ཕེབས་ཤིང་མཇུག་ཏུ་གྲྭ་ཚང་འདུས་པ་རྒྱ་མཚོའི་དབུས་སུ་ཉིན་ལྔའི་རིང་གི་བཀའ་པོད་ལྔའི་དམ་བཅའ་དཔེ་ཟླ་མེད་པ་འཇོག་གནང་མཛད་པ་ལ་རྗེས་སུ་ཡི་རངས་ཀྱི་དད་གུས་བླ་ན་མེད་པ་དང་བཅས་ཏེ་ཁོང་གི་སྐུ་ཚེའི་མཛད་པ་བསམ་གྱིས་མི་ཁྱབ་པ་གཞན་རྣམས་བརྗོད་པའི་ངལ་བ་མི་བསྟེན་པར་རྡོ་རམས་པའི་དམ་བཅའི་སྐབས་ཁོ་ན་དང་འབྲེལ་དེ་རང་བཞིན་བརྗོད་པའི་ངག་རིག་སྤེལ་བ་པོ་ནི་དམ་པ་གང་གི་སློབ་ཚོགས་རྒྱུ་སྐར་ལྟ་བུའི་གྲལ་མཐར་འཚང་བའི་སྐལ་བ་ཅན་ཞོ་འོང་སྐལ་བསྟན་དུ་འབོད་པའོ།།


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章