ཧུང་པའོ་ཐེ་དང་སློབ་གསོའི་བསྒྱུར་བཅོས།  སྒྱུར་མཁན། པད་མ་ཚེ་རིང་།

文摘   2024-08-20 10:36   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台






ཧུང་པའོ་ཐེ་དང་སློབ་གསོའི་བསྒྱུར་བཅོས།


སྒྱུར་མཁན། པད་མ་ཚེ་རིང་།ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།


     ཉེ་རབས་ཀྱི་དུས་ནས་བཟུང་། ཚན་རིག་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་རྒྱུ་མཚན་གཙོ་བོ་ཞིག་ནི་དེང་རབས་སློབ་ཆེན་བྱུང་བ་དང་དར་རྒྱས་སུ་སོང་བས་ཡིན། རྒྱ་ཆེ་ཞིང་རྨང་བརྟན་པའི་མཐོ་རིམ་སློབ་གསོས་ཚན་རྩལ་གོང་འཕེལ་ཡོང་བར་ཆེད་ལས་ཀྱི་མི་སྣ་མང་པོ་མཁོ་འདོན་བྱས་པའི་དབང་གིས། ཚན་རིག་གི་གསར་གཏོད་ཀྱང་བར་མ་ཆད་པར་བྱུང་ངོ་། །

      དུས་རབས19པར་སླེབས་དུས། སློབ་ཆེན་གྱི་འཕེལ་རྒྱས་ལ་དུས་རིམ་གཉིས་བྱུང་ཡོད་ལ། དུས་རིམ་དང་པོ་ནི་སློབ་ཆེན་བྱུང་བ་ནས་ཏི་ཁཱ་ཨར(笛卡尔)དང་ཉིའུ་ཏུན(牛顿)བྱོན་པའི་སྔོན་ཏེ། དམིགས་ཡུལ་གཙོ་བོ་ནི་ལྷའི་རིག་པ(神学)དང་མཚན་ཉིད་རིག་པའིརང་བྱུང་ཚན་རིག་འདུསཤེས་བྱ་བསླབས་ཏེ་འཇིག་རྟེན་གྱི་གནས་ལུགས་ཟབ་མོ་འཚོལ་བ་དང་། ཆོས་དོན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། སྐབས་ཐོག་དེར་དངོས་བཤེར་ཚན་རིག་ཉུང་ཙམ་ཡོད་ན་ཡང་། མཁས་པ་མང་ཤོས་ཀྱི་ཞིབ་འཇུག་གི་ཡུལ་གཙོ་བོ་ནི་བསྟན་བཅོས་ལ་ཞིབ་བཤེར་ར་སྤྲོད་བྱ་རྒྱུ་དང་རང་ཉིད་ཀྱི་བསམ་གཞིག་ཡིན་ལ། ཚབ་བྱེད་མི་སྣ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་སྐྱེས་ཆེན་ཨ་ཁུའེ་ན(1225-1274)དང་ཉིའུ་ཅིན་སློབ་གྲྭ་ཆེན་མོའི་སྔ་རབས་ཀྱི་མཁས་པ་ལའོ་ཅེ་ཕེ་ཀིན་སོགས་སོ། དུས་རིམ་གཉིས་པ་ནི་དུས་རབས17པའི་ནུབ་ཕྱོགས་ཀྱི་དཔྱོད་ཤེས་ཀྱི་དུས་སྐབས་ནས་དུས་རབས19པའི་དུས་མགོའི་བར་དུ་ཡིན་ལ། དེའི་སྐབས་སུ་དངོས་བཤེར་ཚན་རིག་བྱུང་ཞིང་དར་རྒྱས་སུ་སོང་བ་དང་། མི་ལྟེ་བར་འཛིན་པའི་མཚན་ཉིད་རིག་པ་དང་སྒྱུ་རྩལ། རིག་གནས་བཅས་ཀྱང་གོང་དུ་འཕེལ་ལ། སློབ་ཆེན་གྱི་འགན་འཁྲི་གཙོ་བོ་ནི་སྤྱི་ཚོགས་ལ་མི་ཕུལ་བྱུང་ཅན་དང་ཚན་རིག་པདེ་དུས་སུ་རང་བྱུང་མཚན་ཉིད་རིག་པ་བ་ཟེརགསོ་སྐྱོང་བྱ་རྒྱུ་དེ་ཡིན། དབྱིན་ཇིའི་སློབ་གསོ་བ་དང་ཉིའུ་ཅིན་གྱི་ཆོས་དཔོན་ཆེན་པོ་ཅའོ་ཨན་ཉིའུ་མན(1801-1890)ལགས་ཀྱིས་བཏོན་པའི་སྤྱི་ཁྱབ་སློབ་གསོ་དང་འོས་འགན་སློབ་གསོ་དང་ཤེས་ལྡན་གསོ་སྐྱོང་གི་བསམ་བློས་སྐབས་དེའི་ཉིའུ་ཅིན་དང་ཅན་ཆའོ་སློབ་ཆེན་གྱིས་མཚོན་པའི་ནུབ་ཕྱོགས་ཀྱི་སློབ་ཆེན་དག་གི་ཁྱད་ཆོས་མངོན་ཡོད་དེ། ཉིའུ་མན་གྱིས་གཏམ་བཤད་ཐེངས་གཅིག་ཏུ་འདི་ལྟར་གསུངས་པ།

      བློ་མཐུན་ཚོ། གལ་སྲིད་ང་ལ་དགེ་རྒན་གྱིས་བདག་དམ་བྱེད་ཅིང་སློབ་སྐར་འདངས་ན་མཐར་ཕྱིན་ཆོག་པའི་སློབ་ཆེན་དང་། དགེ་རྒན་དང་རྒྱུགས་ལེན་མེད་པར་ན་གཞོན་ཚོ་མཉམ་དུ་འཚོ་ཞིང་ཕན་ཚུན་སློབ་སྦྱོང་བྱ་ཆོག་པའི་སློབ་ཆེན་གཉིས་ཀྱི་ནང་ནས་གཅིག་ངེས་ཅན་དུ་གདམ་དགོས་ཟེར་ན། ངས་ཚམ་ཚོམ་དང་ནེམ་ནུར་མེད་པར་ཕྱི་མ་འདེམ་ཁོ་ཐག་ཡིན། དེ་ཅིའི་ཕྱིར་ཞེ་ན། ངས་འདི་ལྟར་སེམས་པ་ཡིན་ཏེ། སྤྱང་གྲུང་འཛོམས་ཤིང་བསླབ་འདུན་ཆེ་བ། སྙིང་རྗེ་དང་ལྡན་པ། གསར་རྟོགས་ཀྱི་རིག་པ་རྣོ་བའི་ན་གཞོན་ཚོ་མཉམ་དུ་འདུས་ཚེ། ཁོ་ཚོར་འཁྲིད་མཁན་མེད་ནའང་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ཏེ་བསམ་བློ་དང་ལྟ་ཚུལ་གསར་བར་རྒྱུས་ལོན་དང་། བྱ་དངོས་གསར་བར་མཉམ་འཇོག་ཅིང་བྱ་སྤྱོད་ལ་བརྡར་ཤ་གཅོད་པའི་ནུས་པའང་བདག་ཏུ་འཛིན་ཐུབ་བོ་ཞེས་སོ། །

      ཉིའུ་མན་གྱིས་སློབ་ཆེན་ནི་ངེས་དོན་གྱི་ཡོན་ཏན་སྦྱོང་སའམ་མཐར་ཐུག་གི་བདེན་དོན་སྒྲོག་ས་ཡིན་པ་ལས་ཤེས་བྱ་ཆ་ངེ་ཆུང་ངེའམ་ལག་རྩལ་ཉི་ཚེ་བ་ཞིག་བསླབ་ས་མིན་པར་འདོད། ཁོང་གིས་མི་སྐྱོང་བའི་ཐོག་མའི་ཀུན་སློང་ཡང་ན་གཞོན་ཞིག་གི་བློ་རྒྱ་བསྐྱེད་དེ་སྤྱི་ཚོགས་ལ་མཁོ་བ་དང་མིའི་རིགས་སྤྱི་ལ་ཕན་ཐོགས་པ། སྙན་པའི་གྲགས་པ་འབར་ཞིང་མཛད་འཕྲིན་རླབས་པོ་ཆེ་འཇོག་ཐུབ་མཁན་གྱི་མི་ཞིག་གསོ་སྐྱོང་བྱ་བ་དེ་ཡིན་པ་དང་། ཁོང་གིས་རེ་སྙེག་བྱེད་ཀྱིན་པའང་སློབ་གསོའི་གཏན་གྱི་འདུན་མ་ཡིན་པས། ཉིའུ་ཅིན་དང་ཅན་ཆའོ་ལྟ་བུས་ཐོག་མཐའ་ཀུན་ཏུ་རྒྱུན་སྐྱོང་བའི་འོས་འགན་སློབ་གསོ་གཞི་རྩར་འཛིན་པའི་སློབ་ཆེན་སློབ་གསོ་ལ་རྒྱབ་སྐྱོར་བྱེད་དོ། །

      སློབ་ཆེན་འཕེལ་རྒྱས་ཀྱི་དུས་རིམ་སྔ་མ་གཉིས་སུ་སློབ་ཆེན་གྱི་སློབ་གསོའམ་ཚན་རིག་པའི་བྱ་བ་ནི་སྤྱི་ཚོགས་ཀྱི་དཔལ་འབྱོར་འཚོ་བ་དང་འབྲེལ་བ་ཆེན་པོ་མེད་ཟེར་ཡང་ཆོག་ལ། དུས་རབས19པར་ཐོན་པ་ནས་བཟུང་། མཐོ་རིམ་སློབ་གསོའི་དམིགས་ཡུལ་ནི་སྤྱི་ཚོགས་འཕེལ་རྒྱས་ལ་ཐད་ཀར་ཞབས་ཕྱི་སྒྲུབ་པའི་ཕྱོགས་སུ་རིམ་གྱིས་འགྱུར་བ་དང་། དེའི་ཚབ་བྱེད་མི་སྣ་ནི་ཕ་རེ་སིའི(普鲁士)ཆབ་སྲིད་པ་དང་སློབ་གསོ་བ་ཧུང་པའོ་ཐེ(1767-1835)རེད། ཧུང་པའོའོན་ཏུ་ཧུང་པའོ་ཞེས་བསྡུ་བར་བྱའཚོ་བཞུགས་ཀྱི་དུས་སྐབས་དེ་ཏག་ཏག་ནཱ་ཕོ་ལུན་དམག་འཁྲུག་ལ་ཁེལ་ཡོད་པ་དང་། སྐབས་དེའི་ཕ་རེ་སིའི་དམག་ཤུགས་སྟོབས་ཆེ་ཡང་། ཆབ་སྲིད་དཔལ་འབྱོར་རིག་གནས་སོགས་རྗེས་སུ་ལུས་ཤིང་། མཐོ་རིམ་སློབ་གསོའི་ལས་ཁུངས་དང་ཚན་རིག་གི་ཞིབ་འཇུག་ཚད་ལྡན་ཞིག་ཧ་ལམ་མེད་ལ། འཇར་མན་རྒྱལ་ཁབ་ཧྲིལ་བོ་ནི་དེ་བས་ཁ་ཐོར་ཡ་བྲལ་དུ་གྱུར་འདུག ནཱ་ཕོ་ལུན་དམག་འཁྲུག་གི་རྗེས་སུ་འཇར་མན་མི་རིགས་དར་རྒྱས་ཀྱི་ལམ་ཁར་བསྐྱོད་པའི་འདུན་པ་ཤིན་ཏུ་དྲག་པས། མི་ཕུལ་བྱུང་ཅན་མང་པོ་མ་བསྐུལ་དང་ལེན་གྱི་སྒོ་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་སྒྲིག་བཟོའི་ལས་ཀར་ཞུགས། འདི་ལྟ་བུའི་ཁོར་ཡུག་ཅིག་ཏུ། ཧུང་པའོ་ལ་ཕ་རེ་སིའིརིག་གནས་དང་སྤྱི་ཐུན་སློབ་གསོའིདོ་དམ་གྱི་འགན་སྤྲད་པ་དང་། ཁོང་གིས་སྒྲིག་གཞི་འཐུས་ཚང་ཞིང་བཟོ་ལས་སྤྱི་ཚོགས་ལ་སྲི་ཞུ་སྒྲུབ་པའི་ཕ་རེ་སིའི་སློབ་གསོའི་མ་ལག་ཅིག་བཙུགས་སོ། །

       ཆོས་པ་དང་སྐུ་དྲག ཤེས་ལྡན་གསོ་སྐྱོང་གི་འདས་དུས་ཀྱི་མཐོ་རིམ་སློབ་གསོའི་བསམ་བློ་དང་མི་འདྲ་བར། ཧུང་པའོ་ཡིས “འཁྲིད་དཔྱོད་གཅིག་འདྲེས”ཀྱི་སློབ་སྒྲུབ་བསམ་བློ་བཏོན་པ་མ་ཟད། ཁོང་གིས་གསར་དུ་བཙུགས་པའི་པེ་ལིན་ཧུང་པའོ་སློབ་ཆེན་དུ་སློབ་སྒྲུབ་ཀྱི་བསམ་བློ་འདི་ལག་ཏུ་བསྟར་བ་དང་། སློབ་ཁྲིད་དང་ཞིབ་འཇུག་གཉིས་དུས་མཉམ་དུ་སྤེལ་ལོ། ཧུང་པའོ་སློབ་ཆེན་དུ་སློབ་མ་ཞིག་མཐར་ཕྱིན་ཁར་ཆེད་ལས་ཤིག་ལ་གོ་བ་ཟབ་མོ་ཞིག་ངེས་ཅན་དུ་སྐྱེ་དགོས་ཏེ། འདི་སྤྱི་ཁྱབ་སློབ་གསོ་དང་ཤེས་བྱ་འཁྲིད་པ་ཁོ་ན་ནན་དུ་འཛིན་པའི་སྔོན་དུས་ཀྱི་སློབ་ཆེན་སློབ་གསོ་དང་རྩ་བ་ནས་མི་འདྲའོ། འདི་ལྟ་བུའི་དམིགས་འབེན་ཞིག་མངོན་དུ་ཡོང་ཕྱིར། ཆེད་ལས་མང་པོ་ཞིག་གི་སློབ་མ་ནི་ལོ་ལྔ་མ་ལོན་ན་མཐར་ཕྱིན་མི་ཐུབ་པ་དང་། མཇུག་གི་ལོ་གཉིས་ལ་ཤིན་ཏུ་ཟབ་ཅིང་ཞིབ་པའི་ཆེད་ལས་ཀྱི་ཤེས་བྱ་སྦྱང་དགོས། ཧུང་པའོ་ཞལ་བཞུགས་དུས་པེ་ལིན་ཧུང་པའོ་སློབ་ཆེན་དེ་ཀུན་གྱིས་མིག་དཔེར་བལྟ་ས་ཞིག་ཏུ་འབད་པས་བསྒྲུབས་ཏེ་ཕ་རེ་སི་ཡོངས་ལ་སྤེལ་པ་དང་། དོན་དངོས་སུ་ཕ་རེ་སི་མ་ཟད་ཡོ་རོབ་ཡོངས་དང་། ཐ་ན་ཡོ་རབ་ཕུད་པའི་ས་ཆ་གཞན་ཁ་ཤས་ཀྱིས་ཀྱང་ཧུང་པའོ་ཡི་བྱེད་ཐབས་ལ་སློབ་སྦྱོང་བྱེད་མགོ་བརྩམས་སོ། །

      དུས་རབས19པའི་ཡོ་རབ་ཀྱི་དངོས་ཡོད་ཁོར་ཡུག་འོག ཧུང་པའོ་ཡི་སློབ་གསོའི་ལམ་ལུགས་ཀྱི་ལེགས་ཆ་མངོན་པར་གསལ་བས། རྗེས་དེ་མ་ཐག་པའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་ནང་དུ། ཕ་རེ་སིས་ལས་གནས་སོ་སོའི་མི་སྣ་ཕུལ་བྱུང་མང་པོ་གསོ་སྐྱོང་བྱས་རྐྱེན། སྔོན་དུས་ཀྱི་རྒྱལ་ཁབ་ཉམ་ཆུང་ནས་རྒྱལ་ཁབ་སྟོབས་ལྡན་དུ་གྱུར་ཏེ་འཇར་མན་ས་ཁུལ་གཅིག་སྒྱུར་བྱས། དེ་ནས་བཟོ་ལས་གསར་བརྗེ་ཐེངས་གཉིས་པའི་སྐབས་ལ་སླེབས་དུས། འཇར་མན་གྱི་ཚན་རིག་པ་དང་བཟོ་འགོད་མཁན་རིམ་པར་བྱུང་ཞིང་། གསར་གཏོད་འགངས་ཆེན་མང་པོ་བྱས་པས། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྔོན་ལ་ཁོ་ཚོས་ནོ་པེལ་བྱ་དགའི(诺贝尔奖)བརྒྱ་ཆའི་བཞི་བཅུ་ཡས་མས་བདག་ཏུ་ཟིན་པ་དང་། འདི་དག་ཐམས་ཅད་ཧུང་པའོ་ཡི་སློབ་གསོའི་ལམ་ལུགས་དང་ཐད་ཀའི་འབྲེལ་བ་ཡོད་དོ། །

      བཟོ་ལས་གསར་བརྗེ་ཐེངས་གཉིས་པར། གསར་གཏོད་དམ་གསར་སྐྲུན་གྱི་རྒྱུན་མི་ཆད་པའི་རྒྱལ་ཁབ་གཞན་ཞིག་ནི་ཨ་རི་རེད། ཨ་རིའི་རྒྱལ་ཁབ་འདི་ཉིད་ཞིང་ལས་རྒྱལ་ཁབ་ཞིག་ནས་གློ་བུར་དུ་ཚན་རྩལ་གྱི་རྒྱལ་ཁབ་ཆེན་པོར་གྱུར་བའང་མཐོ་རིམ་སློབ་གསོའི་ལམ་ལུགས་ཀྱི་བསྒྱུར་བཅོས་དང་འབྲེལ་བ་ཡོད།

     དུས་རབས19པའི་དུས་དཀྱིལ་གྱི་སྔོན་ལ། ཨ་རིའི་མཐོ་རིམ་སློབ་གསོ་ཧ་ཅང་རྗེས་ལུས་ཡིན་ཞིང་། དགེ་རྒན་གྱི་ཤེས་པ་རྙིང་ཞིང་རྒུད། ཧ་ཝར་ཊི(哈佛)སོགས་སློབ་གསོའི་སྡེ་ཁག་གིས་དུས་ཚོད་མང་པོ་བཀོལ་ནས་རྒྱུན་སྤྱོད་མིན་པའི་ལ་ཏིང་ཡི་གེ་འཁྲིད་པ་དང་སློབ་མ་རྣམས་སྤྱི་ཚོགས་ཀྱི་མི་འཇོན་ཐང་ཅན་དུ་འགྱུར་བར་ལམ་སྟོན་བྱས་ཀྱང་ཁོ་ཚོས་ཡོན་ཏན་ངོ་མ་དེ་ཤེས་ཐུབ་མེད། སློབ་ཁྲིད་བྱེད་ཐབས་ཀྱི་ཐད་དུའང་བློར་འཛིན་འབའ་ཞིག་གཙིགས་སུ་འཛིན་པས། སློབ་མ་མང་པ་ཞིག་གིས་སློབ་ཆེན་སྐབས་ཀྱི་བསླབ་བྱ་དག་སྦྱངས་ནའང་ཁོ་ཚོའི་གབ་ཤུགས་འབྱིན་པ་དང་འཇོན་ནུས་སྐྱོང་བར་ཕན་ཐོགས་ཆེར་མ་བྱུང་ངོ་། སྐབས་དེར་ཨ་རིར་ཁྱོན་ཡོངས་ནས་བཟོ་ལས་ཅན་དུ་བསྒྱུར་བའི་མགོ་བརྩམས་ན་ཡང་། མཐོ་རིམ་སློབ་གསོའི་སྡེ་ཁག་གིས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གྲོགས་དན་ཆེན་པོ་མཛད་མ་ཐུབ།

      ཡིན་ནའང་། བགྲང་བྱ30ཙམ་སོང་བ་ན། ཨ་རིའི་མཐོ་རིམ་སློབ་གསོ་དེ་འཛམ་གླིང་ཡང་རྩེའི་གྲལ་དུ་ཚུད་སོང་། འདི་ནི་ཕྱོགས་གཅིག་ནས་སྐབས་དེའི་སྤྱི་ཚོགས་སུ་མཐོ་རིམ་སློབ་གསོའི་བསྒྱུར་བཅོས་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་དེ། དཔེར་ན་ཐོན་སྐྱེད་བཟོ་སྐྲུན་གཙོ་བོར་བྱས་པའི་ཁེ་ལས་ཀྱི་སྡེ་རུ་སློབ་ཆེན་སློབ་གསོ་ལ་ངེས་དོན་གྱིས་ཐུགས་ཁུར་བྱེད་པའི་སྦྱིན་བདག་ཚོ་ཁེ་ལས་ཀྱི་རྐང་གཉེར་ལྷན་ཚོགས་སུ་བཅུག་སྟེ་དེ་སྔོན་སློབ་གསོ་ལ་དོ་ཁུར་མི་བྱེད་པའི་མི་གྲགས་ཅན་དང་སྲིད་གཞུང་གི་དཔོན་རིགས་ཀྱི་ཚབ་བྱས། ཕྱོགས་གཞན་ཞིག་ནས་བལྟས་ན། ཅེར་མན(1831-1908)དང་ཧྭེ་ཐེ(1832-1918)དང་ཨེ་ལའོ་ཐེ(1834-1926)སོགས་ཁྱད་དུ་འཕགས་པའི་སློབ་གསོ་བ་དེ་ཚོའི་འབད་འབུངས་དང་ཡང་ཁ་འབྲལ་ཐབས་མེད་དོ། །

      ཅེར་མན་ནི་ཨ་རིའི་ཤར་ཕྱོགས་སུ་འཚར་ལོངས་བྱུང་བ་དང་། ཡེ་ལུའུ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིར་རྗེས། ཁོས་ས་གནས་དེ་གར་ལས་ཀ་ཅུང་ཙམ་བྱས་མཐར་ཡོ་རབ་ཏུ་སོང་ནས་སློབ་གསོ་ལ་བརྟག་ཞིབ་གནང་ཞིང་གཞུང་འགན་ཡང་འཁུར། ཡོ་རབ་ཏུ་ཡུན་རིང་ལ་བརྟག་ཞིབ་བྱས་པའི་མྱོང་བ་ལས། ཁོས་འཇར་མན་གྱི་སློབ་ཆེན་དག་གིས་ཆེད་གཉེར་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་མཐོང་བའི་དུས་མཚུངས་སུ། དབྱིན་ཇིའི་སློབ་ཆེན་དག་གི་སྤྱི་ཁྱབ་སློབ་གསོའི་ཕན་ཁེ་ཡང་རྟོགས་པ་དང་། མཐར་སྤྱི་ཁྱབ་སློབ་གསོ(通识教育)དང་ཆེད་གཉེར་སློབ་གསོ(职业教育)གཉིས་ཀ་སྙོམ་པོར་གཟིགས་པའི་བསམ་བློ་ཡང་དེ་ལྟར་གྲུབ་བོ། ཨ་རིར་ཕྱིར་ལོག་རྗེས། ཅེར་མན་གྱིས་སྔ་གཞུག་ཏུ་ཅཱ་ཀྲོའུ་སློབ་ཆེན་གྱི་སློབ་གཙོ་དང་ཧུའོ་ཕུའུ་ཅིན་སི་སློབ་ཆེན་གྱི་སློབ་འཛུགས་སློབ་གཙོ། ད་དུང་ཁཱ་ནེ་ཅེ་སློབ་གླིང་གི་སློབ་འཛུགས་སློབ་གཙོ་བཅས་ཀྱི་འགན་བཞེས། ཁོས་འཇམ་མན་གྱི་ཧུང་པའོའི་སློབ་གསོའི་རྣམ་པ་དང་དབྱིན་ཇིའི་ཉིའུ་ཅིན་དང་ཅན་ཆོའོ་ཡི་དངོས་གཞིའི་སློབ་གསོའི་ཁྱད་ཆོས་ཟུང་དུ་སྦྲེལ་ཏེ་ཧུའོ་ཕུའུ་ཅིན་སི་སློབ་ཆེན་དུ་ཨ་རིའི་ཞིབ་འཇུག་སློབ་གླིང་ཐོག་མ་བཙུགས་པ་མ་ཟད། སློབ་ཆེན་འདི་ཨ་རིའི་ཞིབ་འཇུག་རང་བཞིན་གྱི་སློབ་ཆེན་ཐོག་མར་བསྒྱུར། ཅེར་མན་གྱི་སློབ་གསོའི་དགོངས་པ་ནི“སློབ་མར་སློབ་གསོ་གཏོང་ཞིང་ཁོ་ཚོའི་མི་ཚེ་ཧྲིལ་བོར་སློབ་སྦྱོང་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་པ་དང་། ཁོ་ཚོ་རང་ཚུགས་ཐུབ་པའི་སྒོ་ནས་གསར་གཏོད་རང་བཞིན་གྱི་ཞིབ་འཇུག་གི་ལས་ཀ་བྱེད་པར་བསྐུལ་ནས་འཛམ་གླིང་ལ་ཕན་པ་བསྒྲུབ་པར་བྱ་བ”དེ་ཡིན་ལ། འདི་ད་ལྟ་ཨ་རིའི་མཐོ་རིམ་སློབ་གསོའི་གཅིག་མཐུན་གྱི་ལྟ་བར་ཆགས་འདུག ཅེར་མན་གྱི་སློབ་གྲོགས་ཧྭེ་ཐེ་ཡིས་ཨ་རིར་ཞིབ་འཇུག་རང་བཞིན་གྱི་སློབ་ཆེན་གྲགས་ཅན་གཞན་ཞིག་སྟེ་ཁེང་ནེ་ཨར་སློབ་གྲྭ་ཆེན་མོ་བཙུགས་པ་དང་། དེ་ནས་ཞིབ་འཇུག་རང་བཞིན་གྱི་སློབ་ཆེན་གསར་བ་མང་པོ་ཞིག་ཨ་རིར་བྱུང་བ་མ་ཟད། རིག་ཚན་སློབ་གླིང་རྙིང་བ་མང་པོ་ཡང་ཞིབ་འཇུག་རང་བཞིན་གྱི་སློབ་ཆེན་དུ་གྱུར། །

        ཨ་རི་ལ་ཡུན་རིང་ཤུགས་རྐྱེན་ཐེབས་པའི་སློབ་གསོ་བ་གཞན་ཞིག་སྟེ་ཨེ་ལའོ་ཐེ་ཡིས་ནི་ད་ཡོད་ཀྱི་སློབ་ཆེན་ལ་བསྒྱུར་བཅོས་བྱས། ཨེ་ལའོ་ཐེ་ཡིས་ཧཱ་ཧྥོ་སློབ་ཆེན་གྱི་འགན་མ་ཁུར་སྔོན་ལ་དེའི་གསོ་རིག་སློབ་གླིང་གི་ཆུ་ཚད་ཤིན་ཏུ་ཞན་པ་དང་། ཁོའི་བཤད་སྟངས་ལྟར་ན་ཨ་རི་ཧྲིལ་བོའི་ཆེས་སྡུག་ཐུག་གི་གསོ་རིག་སློབ་གླིང་ཡིན་ལ། མཐར་ཕྱིན་ལ་གཅིག་གྱུར་གྱི་ཚད་ཐིག་མེད་པར་མ་ཟད། སློབ་མ་སུ་ཞིག་ཡིན་རུང་གཟའ་འཁོར་བཅུ་དྲུག་རིང་གི་དཔེ་ཁྲིད་དང་དངོས་སྦྱོང་ལ་ཞུགས་ཏེ་དུས་ཚོད་སྐར་མ་བཅུའི་རིང་གི་རྒྱུགས་རང་ག་བ་ཞིག་འཕྲོད་ན་གསོ་རིག་གི་བསླབ་གནས་བླང་ཐུབ་པ་རེད། ཨེ་ལའོ་ཐེ་ཧཱ་ཧྥོ་སློབ་ཆེན་གྱི་སློབ་གཙོར་བསྡད་པའི་ལོ་ངོ་བཞི་བཅུའི་རིང་ལ་དཀའ་ཁག་མི་ཉུང་བ་ཁྱད་དུ་བསད་ཅིང་། སྐབས་དེའི་སློབ་གསོའི་ལམ་ལུགས་དང་སློབ་གྲྭའི་རྐང་གཉེར་ལྷན་ཚོགས་ལ་ཛ་དྲག་གི་འཐབ་རྩོད་ཡུན་རིང་བྱས་མཐར། ཧཱ་ཧྥོ་སློབ་ཆེན་དེ་ལ་ཏིང་ཡི་གེ་འཁྲིད་པ་གཙོ་བོར་བྱས་པའི་ཉེ་རབས་ཀྱི་སྒེར་བསྒྲུབས་སློབ་གྲྭ་ཞིག་ནས་འཛམ་གླིང་གི་ཡང་རྩེར་སོན་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དུ་བསྒྱུར་ཏོ། །

      ཨེ་ལའོ་ཐེ་ནི་པའོ་ཧྲི་ཏུན་གྱི་ཁྱིམ་ཚང་ཕྱུག་པོ་ཞིག་ཏུ་སྐྱེས། ཕྱིས་སུ་ཁྱིམ་ཚང་གི་ཚོང་ལ་གྱོང་ཆེན་པོ་ཐེབས་པས་ཁོས་ཆེས་མཇུག་གི་ནོམ་པ་དེ་འཁྱེར་ནས་ཡོ་རོབ་གླིང་དུ་མཐོ་རིམ་སློབ་གསོ་ལ་བརྟག་ཞིབ་བྱས་ཏུ་སོང་། ཨེ་ལའོ་ཐེ་ལ་ཡོ་རོབ་ཏུ་ཐོབ་པའི་མྱོང་ཚོར་ཆེས་ཟབ་མོ་དེ་ནི་ཡོ་རོབ་ཀྱི་མཐོ་རིམ་སློབ་གསོ་དང་དཔལ་འབྱོར་འཕེལ་རྒྱས་བར་གྱི་འབྲེལ་བ་ཡིན། ཁོས་དེ་དུས་ཀྱི་འཇར་མན་སློབ་ཆེན་གྱིས་དངོས་བཤེར་ཁང་གི་ཞིབ་འཇུག་གི་གྲུབ་འབྲས་དེ་ཐད་ཀར་བཟོ་ལས་ཐོན་སྐྱེད་དུ་བཀོལ་བའི་བྱེད་སྟངས་ལ་གདེང་འཇོག་དང་གོང་བཀུར་བླ་མེད་མཛད་པ་རྐྱེན་བྱས་ཏེ། ཨ་རིའི་མཐོ་རིམ་སློབ་གསོ་ཇེ་ལེགས་སུ་གཏོང་བའི་བསམ་བློ་ཆ་ཚང་ཡང་སྐྱེས་སོ། ཨ་རིར་ལོག་རྗེས་ཨེ་ལའོ་ཐེ་ཡིས་མ་ཧྲིན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང(麻省理工学院)དུ་ལོ་དུ་མའི་རིང་ལ་སློབ་དཔོན་ཆེན་མོའི་འགན་བཞེས་པ་དང་། ལོ་སོ་ལྔའི་སྟེང་ཧཱ་ཧྥོ་སློབ་ཆེན་གྱི་སློབ་གཙོར་བསྐོས། ཨེ་ལའོ་ཐེ་ཡིས་སྐབས་དེའི་ཨ་རིའི་བཟོ་ལས་གོང་འཕེལ་མྱུར་ཡང་མཐོ་རིམ་སློབ་གསོ་རྗེས་སུ་ལུས་པའི་དངོས་ཡོད་ཀྱི་གནས་ཚུལ་ལ་དམིགས་ནས་ཧཱ་ཧྥོ་རུ་བསྒྱུར་བཅོས་ཁག་ཅིག་སྤེལ་བ་འདི་ལྟ་སྟེ།

* ན་གཞོན་ཞིག་ཡིན་ཕྱིན། ཁོས་རིག་གནས་སློབ་པའམ་ཚོང་གཉེར་བ་སོགས་བྱ་བ་གང་ཞིག་བྱེད་ཀྱང་། རྩིས་ཚན་གྱི་ཤེས་བྱ་འགའ་ཤས་ངེས་ཅན་དུ་སྦྱང་བ།

* ཨ་རིའི་ཁོར་ཡུག་ངེས་ཅན་དེར་མཐོ་རིམ་སློབ་གསོ་ནི་བཟོ་ལས་དང་ཚོང་ལས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་མ་བྱ་ཐུབ་པ་ཞིག་ངེས་པར་ཡིན་དགོས་པས་ན། གྲུབ་འབྲས་དང་བྱས་རྗེས་འཇོག་ཐུབ་པའི་མི་བསྐྱང་བ་ལས་གཞན་གྱི་བྱ་བར་སྙད་འཚོལ་མཁན་ནི་མིན་ནོ།

* ངེས་པ་དོན་གྱི་ཚན་རིག་ཞིབ་འཇུག་གི་མགོ་བརྩམ་སྟེ། ཆེད་ལས་ཀྱི་སློབ་གླིང་དང་རྨང་གཞིའི་སློབ་གསོ་གཉིས་རིམ་གྱིས་སོ་སོར་བྱེད་པ།

      ཨེ་ལའོ་ཐེ་ཡིས་ཨ་རིའི་སློབ་ཆེན་རྒན་གྲས་དེ་དག་ལ་བསྒྱུར་བཅོས་ཀྱི་མིག་དཔེ་ཡག་པོ་ཞིག་བཙུགས་པ་དང་། ཧཱ་ཧྥོ་སློབ་ཆེན་གྱི་རྗེས་སུ་ཕུའུ་ལིན་སི་ཏུན་སོགས་སློབ་ཆེན་རྙིང་གྲས་གྲགས་ཅན་སྐོར་ཞིག་ཀྱང་རྣམ་པ་འགྱུར་བས། དུས་རབས19པའི་དུས་མཇུག་ཏུ་ཨ་རི་བ་རྣམས་ཉེར་སྤྱོད་ཞིབ་འཇུག་གི་ཁྱབ་ཁོངས་སུ་འཛམ་གླིང་གི་སྔོན་དུ་འགྲོ་བ་དང་། དུས་རབས20པའི་དུས་མགོར། རྨང་གཞིའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་ཡང་འཇར་མན་དང་དབྱིན་ཇིའི་རྗེས་ཆོད་ཡོད།

     ཧུང་པའོ་དང་ཅེར་མན་དང་ཨེ་ལའོ་ཐེ་སོགས་སུ་ཞིག་ཡིན་རུང་། སློབ་ཆེན་གྱིས་རང་ཚུགས་དང་གསར་གཏོད་རང་བཞིན་གྱི་ཞིབ་འཇུག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་ཐད་བཞེད་ཚུལ་མཐུན་པ་དང་། ཁོང་ཚོས་སློབ་ཆེན་གྱི་བསྒྱུར་བཅོས་དང་ཚན་རྩལ་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་དེས་སློབ་ཆེན་རྣམས་རྒྱལ་ཁབ་སོ་སོའི་ཚན་རྩལ་གྱི་ལྟེ་བར་ཆགས་སུ་བཅུག དུས་རབས20པ་ནས་བཟུང་། ཚན་རྩལ་གྱི་གྲུབ་འབྲས་རྩེ་གྲ་མང་ཤོས་ཀྱི་ཐོག་མའི་མྱུ་གུ་སློབ་ཆེན་དུ་འབུས་པ་མ་ཟད། ཚན་རྩལ་གྱིས་ཕྱུག་པའི་རྒྱལ་ཁབ་སྟོབས་ཆེན་རྣམས་ལ་སློབ་ཆེན་ཡང་འཛམ་གླིང་གི་ཡང་རྩེར་སླེབས་པ་ཡོད་དོ། །


མ་ཡིག《洪堡与教育改革》

རྩོམ་པ་བོ། 吴军


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章