ལྷག་བསམ་གྱི་སྤྱན་ཆབ་ཅིག་གིས་ངའི་ལུས་སེམས་སྒུལ་བྱུང་།འཇིགས་བརྩོན།

文摘   2024-08-13 23:34   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台






ལྷག་བསམ་གྱི་སྤྱན་ཆབ་ཅིག་གིས་ངའི་ལུས་སེམས་སྒུལ་བྱུང་། 


འཇིགས་མེད་བརྩོན་འགྲུས།










 ང་རང་ཆུང་དུས་ལོ་ན་བཅུར་སོན་པ་ནས་བཟུང་བོད་ཡུལ་ན་སྙན་གྲགས་འབར་བའི་སློབ་གླིང་ཞིག་གི་མཚན་སྙན་གོ་མྱོང་བར་མ་ཟད།  སློབ་གླིང་དེ་གའི་སློབ་གྲོགས་ཁ་ཤས་ཤིག་ཀྱང་ངོ་ཤེས།  དེ་དུས་ང་རང་ལོ་ན་ཆུང་བའི་རྐྱེན་གྱིས་སློབ་གླིང་དེར་ཞུགས་པའི་ལས་སྐལ་མ་ལྡན་ནའང་། ང་རང་རིམ་གྱིས་ནར་སོན་པའི་ལོ་ཟླ་དེ་དག་གི་ནང་བདག་ལ་བཀའ་དྲིན་མཚུངས་ཟླ་བྲལ་བའི་སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གི་ཐུགས་ཀྱི་ཉིང་ཁུ་ལས་འཁྲུངས་པའི་སློབ་གླིང་འདིར་ཞུགས་འདོད་འཕེལ་བས། རང་ཡུལ་ལས་གཞན་པའི་འཇིག་རྟེན་འདིར་འགྲོ་གྲབས་ཡང་ཡང་བྱས་ཀྱང་། ཕ་མ་དང་ནང་མི་དབང་བཙན་པས་སྐབས་དེར་འགྲོ་མ་ཐུབ། དེ་ནི་ཕལ་ཆེར་སྤྱི་ལོ་ཉིས་སྟོང་ཐིག་བརྒྱད་ལོའི་སྟོན་ཟླ་ར་བའི་དུས་ཤིག་ཡིན། 

 ཡིན་ཡང་། དམིགས་འདུན་མ་དོར་བར་ཐབས་ཤེས་སྣ་ཚོགས་ལ་བརྟེན་ཏེ་སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་༩  ཉིན་གྲོགས་དམ་པ་འཇིགས་མེད་བསྟན་འཛིན་དང་འཇིགས་མེད། སྦྱིན་པ་དང་ངེད་བཅས་ཀྱིས་རླངས་འཁོར་ཞིག་གླས་ཏེ། མར་ཆུར་རྩམ་གསུམ་སོགས་བྲོ་ཁ་འདང་ངེས་ཤིག་གྲ་སྒྲིག་བྱས་ཤིང་། ཉེར་མཁོའི་དཔེ་དེབ་འགའ་བཟུང་སྟེ་ཕ་ཡུལ་དང་གྱེས་ཤིང་སློབ་གླིང་གི་ཕྱོགས་སུ་གོམ་ཁ་ཐོག་མར་བསྒྱུར་བ་ཡིན། སྐབས་དེར་ཆོས་གྲོགས་དམ་པ་འཇིགས་མེད་དང་འཇིགས་བསྟན་གཉིས་སྔར་སློབ་གྲྭར་འགྲོ་བཞིན་ཡོད་ལ། སློབ་གྲྭར་ཆ་རྒྱུས་ཀྱང་ཅུང་ཙམ་ཡོད་ངེས་པས། སྦྱིན་པ་དང་ངེད་གཉིས་ཀྱིས་ལམ་བར་དུ་ཁོང་གཉིས་ལས་སློབ་གྲྭར་རྒྱུས་ལོན་ཉུང་ཙམ་བྱས་པ་ཡིན། 

སྤྱི་ཟླ་དགུ་བའི་ཚེས་གཅིག་ཉིན་སློབ་འགོ་དངོས་སུ་ཚུགས་བཞིན་ཡོད་མོད། གསར་ཞུགས་སློབ་མ་དག་གིས་ཚེས་བཞི་ནས་བདུན་བར་མིང་ཐོ་འགོད་དགོས་ཀྱང་། གསར་ཞུགས་སློབ་མ་དག་སློབ་གྲྭར་འདུག་མི་ཆོག་པས། སྦྱིན་པ་དང་ངེད་གཉིས་ཀྱིས་སློབ་གྲྭའི་ཚོང་གཉེར་བ་ཨ་ཁུ་བཀྲ་ཤིས་ཀྱི་གྲྭ་ཤག་གཡར་ཏེ་ཉིན་བདུན་བརྒྱད་ཅིག་ལ་རྭ་རྒྱ་དགོན་པར་བསྡད་པ་ཡིན། ཉིན་དེ་དག་གི་རིང་རྒྱུགས་ལ་གྲ་སྒྲིག་བྱས་ཤིང་། དགེ་རྒན་གྱི་ལིང་འཇིགས་མེད་མཆོག་གིས་བརྩམས་པའི་རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེན་གྱི་མི་སྣ་མཚོན་ཞེས་པའི་དཔེ་དེབ་དེ་ཞིབ་ཀློག་ཐེངས་ཤིག་བྱེད་རྒྱུའི་ཁོམ་ལོང་ཡང་བྱུང་བས། ལྷག་པར་དུ་སློབ་གྲྭར་དུང་བ་སྐྱེས་ཤིང་། དེ་གའི་དགེ་རྒན་དང་ལས་བཟོ་བ་ཡོངས་ལ་སེམས་གཏིང་ནས་དགའ་བོ་བྱུང་། ཚེས་བརྒྱད་ཉིན་དངོས་སུ་རྒྱུགས་ལ་ཞུགས་ཤིང་། ཚེས་དགུའི་ཉིན་དགེ་རྒན་རུ་མང་འཕྲིན་ལས་ལགས་ཀྱིས་རྒྱུགས་སྐར་ཁྱབ་བསྒྲགས་བྱས། རྒྱུགས་འཕྲོད་སོང་ན་ཐད་ཀར་གླིང་སྟོད་མཁས་པའི་འབྱུང་གནས་ཀྱི་མཐོ་གཅིག་འཛིན་གྲྭ་ནས་ཞུགས་ཆོག་མོད། ང་རང་གི་རྒྱུགས་སྐར་བཅུར་མ་ལོང་ཙམ་ཡིན་པས་དམའ་རིམ་འཛིན་གྲྭ་ནས་ཞུགས་དགོས་བྱུང་། 

 དེ་ལྟར་ང་རང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མར་གྱུར་ཅིང་། སྤྱི་ཟླ་དགུ་བའི་ཚེས་དགུ་ཉིན་གྱི་མཚན་སྦྱོང་ནས་དངོས་སུ་སློབ་ཐུན་ལ་ཞུགས་པ་ཡིན།ངེད་ཅག་གསར་ཞུགས་སློབ་མ་དག་སློབ་ཁང་དུ་འཛུལ་མ་ཐག་སློབ་གྲོགས་རྙིང་བ་དེ་ཚོས་དགའ་བསུ་བྱས་ཤིང་།ཁྱེད་ཚོ་ཕེབས་པར་རྟེན་འབྲེལ་ཞུ་ཟེར།སྐབས་དེར་ང་རང་ཧད་དེ་གང་དུ་ཙོག་དགོས་པའང་མ་ཤེས་པར་ཡོད་སྐབས།སློབ་གྲོགས་ཤིག་གིས་སྐད་གསེང་མཐོན་པོས་ཨ་ཁུ་འདིར་ཤོག་དང་འདུག་ཟེར།ང་རང་ཐེ་ཚོམ་མེད་པར་ངག་ནས་ཡ་ཞེས་ཐལ།ཁོང་གིས་ད་དུང་ང་ལ་ཡུད་ཙམ་སྒུག་དང་དགེ་རྒན་ཕེབས་ཡོང་ཟེར།ཅུང་ཙམ་ནས་གསར་བུ་སྐྱེས་གཟུགས་ལེགས་ཤིང་གདོང་ལ་འཛུམ་གྱིས་བྱུག་པ་ཞིག་སྒོ་ནང་ནས་ཡར་འཛུལ་བྱུང་།སློབ་གྲོགས་ཚོ་ཡར་ལངས་ཏེ་སློབ་དཔོན་མཆོག་ལ་གུས་འདུད་ཞུ་ཟེར།ཁོ་བོས་ཁོང་ཉིད་འུ་ཅག་གི་འཛིན་བདག་དགེ་རྒན་རྣམ་ཕྱུག་ཚེ་རིང་ལགས་རེད་ཟེར།ཕར་བལྟས་ཚོད་ཀྱིས་དགེ་རྒན་དགའ་ས་ཞིག་རེད།དགེ་རྒན་ལགས་ཀྱིས་འཛུམ་མདངས་དང་བཅས་མར་ཙོག་ཟེར།དེ་མུར་འཛིན་དཔོན་ལ་སློབ་གྲོགས་ཚང་མ་ཐོན་ཡོད་དམ་ཟེར།ཐོན་འདུག་ལགས་བཅས་ལན་གནང་བྱུང་།རེད་རེད།ཡ་ཚང་མ་བདེ་མོ།ང་ནི་ཁྱེད་ཚོའི་འཛིན་བདག་དགེ་རྒན་རྣམ་ཕྱུག་ཚེ་རིང་ཞུ་བ་དེ་ཡིན།ངའི་ཕ་ཡུལ་ཀན་ལྷོ་འབོ་ར་ནས་ཡིན།ང་རང་དགེ་རྒན་ཚང་གིས་ཁྱེད་ཚོའི་འཛིན་བདག་ལ་གསར་དུ་བཞག་པ་རེད་ཟེར།དེ་རིང་ནས་བཟུང་ཁྱེད་ཚོ་ངའི་སློབ་མར་གྱུར་ཞིང་ང་ཡང་ཁྱེད་ཅག་གི་དགེ་རྒན་དུ་གྱུར་བ་འདིའང་ལས་དང་སྨོན་ལམ་ཞིག་གིས་ཡིན་པས།ང་རང་གིས་སྙིང་ཉེ་ཉེ་བྱས་ཏེ་ཁྱེད་ཅག་སྐྱོང་ངེས་ཡིན་ཟེར་བ་སོགས་ཁ་བརྡ་མང་དུ་བྱས་ཏེ་ཕྱིར་ཕེབས་སོང་།སླད་ངས་སློབ་གྲོགས་ཁོང་གི་ཕ་ཡུལ་དང་མིང་སོགས་དྲིས་ཤིང་།སློབ་གྲྭའི་གནས་ཚུལ་ལ་རྒྱུས་ལོན་ཅུང་ཙམ་བྱས།སློབ་གྲོགས་དེས་ཁོའི་མིང་ལ་གཡང་འབུམ་རྒྱལ་ཟེར་ཞིང་།ཕ་ཡུལ་འབའ་རྫོང་ནས་ཡིན་ཟེར།སློབ་གླིང་འདིར་ཞུགས་ཏེ་ལོ་ངོ་གཅིག་ཙམ་འགོར་ཡོད།ཨ་དགའ་ཁྱེད་ལ་དོན་དག་ཅི་ཡོད་འཛེམ་དོགས་མེད་པར་ང་ལ་ཤོད་དང་ངས་ཁྱེད་ལ་རོགས་རམ་བྱེད་ཟེར།ཅི་ཡིན་མི་ཤེས་མོད་སློབ་གྲོགས་གཞན་ཚོས་ཁོའི་མིང་ལ་འབའ་རྫོང་ཚོགས་གཙོ་ཞེས་ཀྱང་འབོད་ཀྱིན་འདུགདུས་དེ་ནས་བཟུང་རྒྱུན་པར་དགེ་རྒན་ལགས་ཀྱིས་ངེད་ཅག་ལ་ཐུགས་ཉེ་ཉེ་བྱས་ཏེ་ཁ་ཏ་བསླབ་བྱ་མང་དུ་གནང་མྱོང་བ་དང་།དགེ་རྒན་ཁོང་ལ་སེམས་ཀྱི་མཁའ་དབུགས་དྭངས་གཙང་ངེ་བ་ཞིག་ཡོད་པས་སློབ་གསོ་གཏོང་སྟངས་ཀྱང་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན། 

ཕྱི་དྲོ་དེར་སློབ་གྲོགས་ཤིག་གིས་ང་ལ་ཅ་དངོས་འཁྱེར་རོགས་དང་མལ་ཆས་བཏང་རོགས་སོགས་བྱས།  དེ་ནི་ངའི་ཆོས་གྲོགས་འཇིགས་མེད་ལགས་ཀྱིས་ཁོ་ལ་བཤད་པ་ཡིན་ཟེར།ཁོང་གིས་ང་ལ་རོགས་རམ་ཆེན་པོ་བྱས་སོང་།དུས་དེར་ངས་སློབ་གྲོགས་ཁོའི་ཕ་ཡུལ་དང་མིང་སོགས་འདྲི་ན་འདོད་མོད།ང་རང་ཅུང་འཚབ་བྱུང་བས་འདྲི་མ་ཕོད།ཡིན་ཡང་།སྟབས་ལེགས་པ་ཞིག་ལ་ངེད་གཉིས་ཀྱི་མལ་ཁང་གཉིས་པའི་བཞི་བ་ཡིན་པས།རིམ་གྱིས་ངེད་གཉིས་འདྲིས་ཤིང་།ཁ་བརྡ་ཡང་ཇེ་མང་ནས་ཇེ་མང་དུ་གྱུར།ངས་ཁོའི་མིང་ལ་རིན་ཆེན་རྡོ་རྗེ་ཟེར་བ་ཤེས་ཤིང་།ཕ་ཡུལ་ཡང་ཁྱུང་མཆུའི་མག་སར་ནས་ཡིན་པ་རྟོགས།ཁོ་རང་གུང་ཐང་རིན་པོ་ཆེར་དད་པ་རྩེ་གཅིག་ཡོད་མཁན་ཞིག་ཡིན་ལ།ང་ཡང་དེ་བཞིན་ཡིན་པས་ངེད་གཉིས་སློབ་གྲོགས་གཞན་ལས་ཀྱང་ཕན་ཚུན་ལ་ཡིད་ཆེས་ལྷག་པར་ཡོད་ས་ཞིག་ཏུ་གྱུར་བར་མ་ཟད།ངེད་གཉིས་ཀྱིས་ལོ་ངོ་བཞི་དང་ཕྱེད་ཀའི་རིང་ལ་མདུན་ཅོག་གཅིག་གི་སྟེང་ནས་སློབ་སྦྱོང་བྱས་མྱོང་ལ།ཕན་ཚུན་ལ་སྙིང་གཏམ་ཀྱང་མང་དུ་ལབ་མྱོང་།ད་དུང་ངེད་གཉིས་ལ་མལ་གྲོགས་ཁ་ཤས་ཤིག་ཡོད་པར་མ་ཟད། ཁོ་ཚོ་ཡང་སྤྲོ་དགས་ཁེངས་པ་ཤ་སྟག་ཡིན།

སྤྱི་ཟླ་དགུ་བའི་ཚེས་བཅུའི་ཉིན་རྒྱལ་ཡོངས་དགེ་རྒན་དུས་ཆེན་ཡིན་པས། སློབ་གྲོགས་ཚོས་དགེ་རྒན་དུས་ཆེན་བསུས་ཤིང་། རྟེན་འབྲེལ་ཡང་ཡང་ཞུས། སློབ་གྲྭའི་ར་སྐོར་དང་སྒོ་སམ་གྱི་ངོས་སོགས་སུ་རྟེན་འབྲེལ་གྱི་ཤིས་ཚིག་མང་དུ་སྦྱར་ཡོད། ངས་ཀྱང་ཤ་འདྲོག་གཞུག་ལ་རྐྱང་འདྲོག་བྱས་ཏེ་སྐད་འཕྲིན་བར་སྟོང་དུ་སློབ་དཔོན་རྣམ་གསུམ་གྱི་སྐུ་པར་རེ་བཞག་སྟེ། རྟེན་འབྲེལ་གྱི་ཤིས་ཚིག་ཁ་ཤས་བྲིས་ཡོད་པ་རྣམས་ད་དུང་ཡང་ངའི་བར་སྟོང་དུ་འདུག  དེའི་ཕྱི་ཉིན་ནས་དངོས་སུ་སློབ་ཁྲིད་འགོ་བཟུང་ཞིང་དགེ་རྒན་རྔ་བ་དར་རྒྱས་ལགས་ཀྱིས་རྨང་གཞིའི་སློབ་དེབ་ལས་བརྩམས་ཏེ་སློབ་ཁྲིད་གནང་བ་དེ་དག་ད་དུང་ཡང་ངའི་རྣ་ལམ་དུ་གྲག་བཞིན་མཆིས།  བར་སྐབས་དེར་ང་ལ་མཚོན་ན་བོད་ཡིག་གི་ཆུ་ཚད་འོས་འཚམ་ཞིག་ཡོད་མོད། རྒྱ་དབྱིན་དང་གྲངས་རིག་སོགས་ཀྱི་རྨང་གཞི་རྡུལ་ཙམ་མེད་པས་སློབ་གྲོགས་གཞན་དག་གི་རྗེས་མ་ཆོད་པར་དཀའ་ངལ་ཆེན་པོར་འཕྲད། 

ཡིན་ཡང་། དགེ་རྒན་ལྷག་བསམ་ཅན་དེ་ཚོའི་བཀའ་དྲིན་དང་ཐུགས་རྗེ་ལ་བརྟེན་ནས་དབྱིན་ཡིག་དང་རྒྱ་ཡིག་སོགས་ཀྱང་རིམ་གྱིས་ཀློག་འདོན་ཐུབ་པ་བྱུང་བས། སློབ་གྲོགས་གཞན་དག་དང་མཉམ་དུ་ཀློག་འདོན་བྱེད་པར་དཀའ་ལས་དེ་ཙམ་མེད་པར་གྱུར། གྲངས་རིག་ཀྱང་དགེ་རྒན་པད་མ་དོན་འགྲུབ་ལགས་ཀྱིས་སྣོན་འཕྲི་བསྒྱུར་བགོ་ནས་བཟུང་སྟེ་ལེགས་པར་བསླབ་མོད། ང་རང་གྲངས་རིག་ལ་བག་ཆགས་དེ་ཙམ་མེད་པས་ད་དུང་ཡང་མཉམ་བྱ་གཅིག་འགྲོལ་དགོས་ན་དཀའ་ལས་ཁག་པོ་ཡོད། འོན་ཀྱང་། ངའི་འདུག་རོགས་ཁོང་གྲངས་རིག་ལ་མཁས་པོ་ཡོད་པས། ངས་རྒྱུན་པར་ལས་བྱ་ཡོད་ཚད་བཤུ་འབྲི་བྱས་པ་མ་གཏོགས་རང་གིས་གཅིག་ཀྱང་འབྲི་ཤེས་ཀྱིན་མེད། ང་རང་འབྲིང་རིམ་ནས་སློབ་གླིང་སྤྱིའི་སྒྲིག་འཛིན་པར་བཞག་པས། སློབ་སྦྱོང་ལ་བར་ཆད་ཕྲན་ཙམ་བྱུང་མོད། དེ་ཡང་སློབ་གྲྭ་དང་དགེ་རྒན་རྣམ་པར་ཞབས་འདེགས་ཞུ་སྲོལ་ཞིག་ཡིན་ནའང་།རང་ལ་མཚོན་ན་སློབ་སྦྱོང་གི་བར་ཆད་ཅིག་ཀྱང་ཅི་ལ་མིན། 

༢༠༢༡ལོའི་དབྱར་ཁར་ང་ཚོའི་འཛིན་གྲྭ་མཐོ་གཅིག་འཛིན་གྲྭར་འཕར་བས། ཡང་བསྐྱར་སློབ་སྦྱོང་གི་མཁའ་དབུགས་གསར་བ་ཞིག་དང་། འཚོ་བ་གསར་བ་ཞིག་ལ་བསྐྱོད་འགོ་བརྩམས། མཐོ་གཅིག་སྐབས་ནས་བཟུང་རང་རང་གི་ཆེད་སྦྱོང་རེ་ངེས་པར་གདམ་དགོས་མོད། སློབ་གྲོགས་ཁ་ཤས་ཀྱིས་ཆེད་སྦྱོང་གང་ཞིག་བདམ་དགོས་པ་བློ་ཐག་མ་ཆོད་པར་ཡོད་ཕྱིར། མོ་རྩིས་ལུང་བསྟན་ཞུས་ཏེ་འདེམས་པ་དང་། ཡང་ལ་ལས་ཕ་མ་དང་ནང་མིར་གྲོས་ཁ་བྱས་ཏེ་འདེམས་པ་སོགས་བྱེད་བཞིན་འདུག ང་རང་གིས་དེ་འདྲ་གཅིག་ཀྱང་མ་བྱས་པར་ཐར་ཀར་བོད་ཡིག་ཆེས་མཐོའི་འཛིན་གྲྭར་རྒྱུགས་སྤྲད་པ་ཡིན། སྤྱིར་འཛིན་གྲྭ་དེར་རྒྱུགས་སྐར་མ་ལོངས་ན་ཞུགས་མི་ཆོག་ལ། རྨང་གཞི་ཞན་ཚེ་རྒྱུགས་ཀྱང་འཕྲོད་དཀའ། ཡིན་ཡང་། སྟབས་ལེགས་པ་ཞིག་ལ་ང་རང་གིས་རྒྱུགས་འཕྲོད་བྱུང་བར་མ་ཟད། རྒྱུགས་སྐར་བརྒྱ་ཆའི་བདུན་ཅུར་བརྒལ་ཙམ་ལོན་འདུག་པས། ཐད་ཀར་བོད་ཡིག་ཆེས་མཐོའི་འཛིན་གྲྭར་ཞུགས་ཐུབ་པ་བྱུང་།  

སྐབས་དེ་ནས་བཟུང་ཆེད་སྦྱོང་གི་བསླབ་བྱ་གང་ཡིན་ལ་ནུས་ཚོད་ལྕོགས་ཚོད་ཀྱིས་འབད་པ་ལྷུར་ལེན་བྱས་ཤིང་། ཆེད་སྦྱོང་དགེ་རྒན་བཟོད་པ་བཟང་བོ་དང་དགེན་གཟི་མིག་གསུམ་པ་གཉིས་ཀྱིས་ལོ་རྒྱུས་དང་བསྟོད་ཚོགས་ཀྱི་སྐོར། དཔེར་ན་ལོ་རྒྱུས་ཀུན་དགའི་མེ་ལོང་དང་། ཕྱི་རོལ་བའི་སྟོན་པར་ཁས་འཆེ་བ་རྣམས་ལས་སྟོན་པ་དང་བསྟན་པ། ལྟ་བ་གསུམ་གྱི་ཁྱད་པར་དུ་འཕགས་པའི་ཚུལ་བརྗོད་པ་ཁྱད་པར་འཕགས་བསྟོད་དང་། སྙན་ངག་དང་བསླབ་བྱའི་སྐོར། དཔེར་ན། རྒྱལ་སྲས་ལག་ལེན་སོ་བདུན་མ་དང་ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ། སྙན་ངག་ཀྱང་འཕགས་བོད་ཀུན་ཏུ་སྙན་པའི་གྲགས་པ་འབར་བའི་སྙན་རྩོམ་གྲགས་ཅན་སྤྲིན་གྱི་ཕ་ཉ་དང་རྒྱལ་བོ་རཱ་ཎའི་རྟོགས་བརྗོད་སོགས་མང་དུ་ཁྲིད་གནང་བས་ང་ཚོར་བསོད་ནམས་ཀྱི་བགོ་སྐལ་རབ་དང་རིམ་པ་མང་བོ་ཞིག་ཐོབ་མྱོང་། ད་དུང་། འཛིན་གྲྭ་འདིར་མཐོ་གཉིས་སྐབས་ནས་བཟུང་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་དང་དགེ་རྒན་ཤེས་རབ་བསྟན་དར་རམ་དགེ་རྒན་རྒྱ་གྲོལ་ཚང་། དགེན་བརྩོན་འགྲུས་ཚང་བཅས་ཀྱིས་སྐྱབས་ཁྲིད་དང་བཤེས་སྤྲིངས། སྤྱོད་འཇུག ས་ལམ་དང་གྲུབ་མཐའ་དབུ་མའི་བསྟན་བཅོས་ཆེན་མོ་རིན་ཆེན་ཕྲེང་བ་སོགས་ལམ་རིམ་བློ་སྦྱོང་གི་སྐོར་རེས་མོས་སུ་གནང་བས་ང་ཚོར་དཔེ་ཁྲིད་སྔར་མ་ཐོབ་པ་མང་བོ་ཞིག་དང་། ཕྱིས་ཀྱང་འཐོབ་དཀའ་བ་མང་བོ་ཞིག་གནང་བའི་བཀའ་དྲིན་གཞལ་མཐའ་བྲལ་བ་ཞིག་ཅི་ལ་མིན་ཨང་། 

ང་ཚོའི་འཛིན་གྲྭ་འདིར་མཐོ་གཉིས་སྐབས་ནས་འཛིན་བདག་དགེ་རྒན་བླ་ནག་པ་སྐལ་ལྡན་རྒྱ་མཚོའམ། གཟི་མིག་གསུམ་པ་ལགས་བཞག་བྱུང་། ཁོང་གིས་སློབ་བུ་ངེད་ཅག་ལ་ཤ་ཚ་ཚ་དང་ཐུགས་མཉེས་མཉེས་བྱས་ཏེ་སློབ་གསོ་གང་མང་གནང་ལ། གཟའ་མཇུག་སྤྱི་སྡོམ་རེ་རེར་མི་གཞི་ཀུན་སྤྱོད་དང་འགྲོ་ལམ་འདུག་སྟངས། ཟ་ལུགས་འཐུང་ལུགས་སོགས་ལུགས་གཉིས་ལམ་སྟོན་གང་མང་གནང་བས།  ངེད་ཅག་སློབ་བུ་ཚོའི་བསམ་བློའི་ཆུ་ཚད་མཐོ་འདེགས་སུ་བཏང་བ་ཁོ་ནས་ཀྱང་བཀའ་དྲིན་གཞལ་མཐའ་བྲལ། ད་དུང་། ཁོང་གིས་ངེད་ཅག་འཛིན་གྲྭ་སྤྱི་ལ་སྙན་འགྲེལ་དབྱངས་ཅན་དགྱེས་གླུའི་དཔེ་ཁྲིད་ཀྱང་བྱས། ཁོང་གིས་སྙན་ངག་ཁྲིད་ན་གཞན་ལས་ལྷག་པའི་ཁྱད་ཆོས་ཤིག་ཡོད། ཉིན་ཞིག་ཁོང་གིས་ངེད་ཅག་ལ་ཁོང་གི་གཏམ་རྒྱུད་ཅིག་དང་སྦྱར་ཏེ་ཁ་ཏ་བྱེད་ཞོར་སྤྱན་ཆབ་ཤོར་བ་དེ་ལྷག་བསམ་གྱི་སྤྱན་ཆབ་ཅིག་ཅི་ལ་མིན་ཞེས་ཉིར་དེར་རང་གིས་རང་ལ་ཆིག་ལབ་རྒྱག་དགོས་བྱུང་། 

 གང་ལྟར། དཀའ་སྡུག་གི་ལམ་འཁྲེང་ཀྱ་ཀྱུ་མང་བོ་ཞིག་བརྒྱུད་དེ་ཕ་མ་དང་ནང་མི་ཚོའི་རེ་བ་སྟོད་ཟད་དུ་མ་བཏང་བར་སློབ་མཐར་ཕྱིན་ལ་ཉེ་བས། ཇི་འདྲའི་དགའ་བ་ལ་ཨང་། ཇི་འདྲའི་སྐྱིད་པ་ལ་ཨང་།ད་ནི་རང་གི་མི་ཚེའི་ནང་ཆེས་རེ་བ་བྱེད་སའི་དོན་དག་ཅིག་ལ་རྫོགས་ཚིག་འགོད་ལ་ཉེ་བས། རང་གིས་རང་ལ་རྟེན་འབྲེལ་གྱི་ཁ་གཡང་ཞུ་ན་ཅིས་མི་འདོད་ཨང་། 

དེར་མ་ཟད་ངའི་མི་ཚེའི་ནང་ཆེས་གཟི་བརྗིད་དུ་བརྩི་རུང་བ་ནི་སློབ་གླིང་དེ་གར་སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་དང་། སློབ་དཔོན་དམ་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ཚང་། བོད་ཀྱི་སློབ་གསོ་བ་ཆེན་མོ་སྟེ་བོད་ཡུལ་ན་སྙན་གྲགས་བླ་ན་མཐོ་བའི་སློབ་དཔོན་དམ་པ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་། གཞན་ཡང་འདུལ་ཁྲིམས་ཀྱིས་ཉེ་བར་མཛེས་ཤིང་ཤེས་རིག་གི་རྒྱན་ཆ་ཐོགས་པའི་སློབ་དཔོན་དམ་པ་ཤེས་རབ་བསྟན་དར་ཚང་སོགས་ལ་མཇལ་བར་མ་ཟད། དེ་དག་གི་གསུང་གི་བདུད་རྩི་མྱོང་བ་འདི་ནི་ཆེས་དགའ་ཞིང་སྤྲོ་འོས་པ་ཞིག་ཅི་ལ་མིན། ང་རང་སློབ་གླིང་འདིར་གོམ་ཁ་ཐོག་མར་བསྒྱུར་དུས་ང་ལ་གཞན་ལས་མི་དམན་པའི་རེ་བ་མཐོན་པོ་དང་རྨི་ལམ་སྐྱིད་པོ་རེ་ཡོད་མྱོང་ལ། རྨི་ལམ་དེ་དག་ཀྱང་རྨ་འགྲམ་འདིར་མངོན་གྱུར་ཡོང་བར་རེ་བ་བྱས་པ་ཡིན། ད་ནི་ཞིབ་འདང་ཞིག་བརྒྱབ་ན་རྨི་ལམ་མང་བོ་ཞིག་ད་དུང་ཡང་མ་མི་མེད་མིན་དག་གི་ཁྲོད་དུ་འཚང་ཁ་རྒྱག་བཞིན་འདུག་པས། ང་ལ་འདོད་ཧམ་ཆེ་རྒྱུ་མང་ཡོད་པ་འདྲ། གང་ལྟར་ངེད་ཅག་ལ་སྒྲ་རྩིས་སྙན་གསུམ་གྱི་དཔེ་ཁྲིད་ཐེངས་མང་གནང་བའི་དགེ་རྒན་བཀའ་དྲིན་ཅན་དེ་དག་ནམ་ཡང་ག་ལ་བརྗེད་སྲིད། 

 སྔོན་བསགས་ཀྱི་ལས་སྨོན་བཟང་བོ་ཞིག་གི་མཐུ་ལ་བརྟེན་ནས་ལྷག་བསམ་གྱི་མཚོ་མོ་རབ་ཏུ་རྒྱས་ཤིང་། མཐུན་སྒྲིལ་གྱི་ཨ་ལོང་དམ་དུ་སྦྲེལ་བའི་རྩྭ་ཐང་གི་སློབ་གླིང་འདིར་བུམ་པའི་ཁ་རྒྱན་དུ་གྱུར་བའི་ལྷ་ཤིང་གཡུ་ལོ་ལྟ་བུའི་སློབ་གྲོགས་རྒན་གཞོན་བར་གསུམ།སྤང་གདན་ནེམ་ལྗང་གི་རྒྱན་དུ་གྱུར་བའི་མེ་ཏོག་སེར་ཆེན་ལྟ་བུའི་སྙིང་གྲོགས་དག་ལ་མཚོན་ནའང་།གཤིས་རྒྱུད་དྲང་ལ་ངང་རྒྱུད་འཇམ་པ་ཤ་སྟག་ཡིན་པས།ངས་ཁོ་ཚོར་དུས་རྟག་ཏུ་ཡི་རངས་བྱེད་བཞིན་ཡོད།ང་ཚོའི་འཛིན་གྲྭར་ཡང་སློབ་གྲོགས་ལྔ་བཅུ་ལྷག་ཅིག་ཡོད་མོད།དམུ་རྒོད་ཀྱི་གྲས་སུ་ཐོན་པ་ལྟ་བུའི་སློབ་གྲོགས་གཅིག་ཀྱང་མེད་པར་མ་ཟད།ཕན་ཚུན་ལ་མཛའ་བརྩེ་ཟབ་ཅིང་རིག་གནས་ལ་དུང་བ་ཟབ་པའི་སྟག་ཤར་ཁྱུ་གཅིག་ཡིན།དེ་བས་ངེད་ཅག་ལྷག་པར་འདྲིས་ཤིང་།ཟས་ཁམ་གང་ཡོད་ན་མཉམ་ཟ་དང་ཆུ་ཧུབ་གང་ཡོད་ན་མཉམ་འཐུང་བྱས་ཤིང་།གོ་སྐམ་དང་ཆུ་རྩམ།ད་དུང་ལྟོ་བར་གནོད་བྱེད་ཀྱི་མགྱོག་ཐུག་རེ་ཡང་འཕྲོག་རེས་བྱས་ཏེ་མི་ལོའི་ལྔ་ཡི་ལོ་ཟླ་མངར་ལ་སྐྱུར་བ་དེ་དག་ཕར་ལ་བསྐྱལ་བ་ཡིན།ད་ནི་ངེད་ཅག་སློབ་མཐར་ཕྱིན་ལ་ཉེ་བས་ཁོ་བོ་ཁྱེད་ཅག་དང་འབྲལ་དགོས་ན་མི་བཟོད་པ་ལྟ་བུ་ཞིག་ཡིན་མོད།ལས་མ་བྱས་པ་དང་མི་ཕྲད་པ།བྱས་པ་ཆུད་མི་ཟ་ཞེས་པ་ནང་བཞིན་སྤྱི་ཚོགས་འདིའི་མཐའ་དབུས་ཀུན་ཏུ་ཤེས་རིག་གི་རིམ་བྲོ་རྒྱག་ཚད་ཅིག་ཁྱེར་ཏེ་རང་རང་གི་ཕ་ཡུལ་ལ་ལོག་གྲབས་བྱེད་པའི་སྐབས་ལགས་སོ།།ངས་ཁྱེད་ཅག་ལ་གྱེས་ཕྱག་འབུལ།འུ་ཅག་སླར་ཡང་འཛོམ་ཤོགཡང་ནས་ཡང་དུ་འཛོམ་ཤོགསེམས་ནས་མ་འདོར་རོགས། སློབ་གྲོགས་ལགས། ཕུ་ནུ་ལྔ་བཅུ། 

༢༠༢༤/༧/༨/


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

 

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章