བྲན་གྱི་ཚིགས་བཅད་སྙན་ངག་ཚན་པ་གསུམ། འོས་སྦྱོར།

文摘   2024-08-25 10:02   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台





ཚིགས་བཅད་སྙན་ངག་ཚན་པ་གསུམ།
བྲན། རྨ་ལྷོ།







ཏུན་ཧོང་།


ཕྱོགས་བཞི་བྱེ་མའི་རི་ཕྲན་རླུང་གིས་དེད་དེ།།
རི་བོའི་དཔུང་ཚོགས་རྔམ་ཤ་ཡང་ཡང་བརྡར་ན།།
རྔེའུ་ཆུང་ཆུང་དག་གི་ལས་དབང་ཕྲ་མོ།།
བྱེ་མའི་རི་སྒང་དེ་ནས་གཉོམ་ཞིང་ཆུང་ངོ་།།
གྲོང་ཁྱེར་ཆུང་ཆུང་སྙིང་གི་ཕྱེད་ཀར་གྲུབ་ཞེས།།
གླེང་བའི་གཏམ་ལ་ཕྱེ་ལེབ་སྣ་ཚོགས་ལྡིང་ཡང་།།
སྐྱོ་བའི་མགུར་གྱིས་རྣ་བ་ཡང་ཡང་བརླན་པས།།
སེམས་པའི་སྨུག་སྤྲིན་ཆུང་ཆུང་རིམ་གྱིས་ཡལ་སོང་།།
ཕར་བལྟས་མིག་ལ་སྣང་བའི་མི་ཚོགས་ཁྲོད་ནས།།
གང་དག་ལས་ཀྱིས་སྣང་བའི་དར་སྐུད་ཕྲ་མོས།།
སྐད་རིགས་སྣ་མང་འདྲེས་པའི་ཕན་ཚུན་སྦྲེལ་ན།།
ཡིད་འོང་ཏུན་ཧོང་གྲོང་ཁྱེར་སྙིང་ལ་སྡུག་ཡོང་།།
རྒྱ་ལྕང་སྨྱུག་མའི་ལོ་མ་ཤམ་ཤམ་གཡོ་ཞིང་།།
བསིལ་བའི་རླུང་བུ་ཕྲ་མོ་ཉུང་ཙམ་ལྡིང་ན།།
མི་རིགས་སྣ་མང་འདུས་པའི་གྲུ་ཟུར་སྣེ་ནས།།
སྔོན་གྱི་ཡིག་ཚང་བཙལ་བའི་བྲན་ཕོ་གཉོམ་ཆུང་།།
བྲག་ཕུག་སྟོང་ཕྲག་འཛུམ་པའི་སྒེའུ་ཁུང་ནང་ནས།།
གནའ་བོའི་ལྡེབས་རིས་སྣུམ་པོ་སྙིང་ལ་སྡུག་ཅིང་།།
མཛའ་གཅུགས་ཡིད་ལ་རྣག་པའི་གཏམ་རྒྱུད་རེ་རེ།།
ཀུན་གཞིའི་མཛའ་མོ་མ་གཏོགས་སུས་ཀྱང་མི་ཤེས།།
༢༠༢༣.༦.༢༠ཉིན་ཏུན་ཧོང་ནས།

                     

གུ་གེ།


གངས་ལ་འཕྲོས་པའི་ཉི་ཟེར་གྱིས།།   
རྒྱལ་ཕྲན་མིག་ལ་འོད་སྣང་བརྒྱ།།
བྱིན་པའི་སྣང་བ་སྐད་ཅིག་མས།།  
འུག་པའི་མིག་ལ་ཐལ་བ་བླུགས།།     
གངས་ཀྱི་ཞལ་ཁབ་ཕྱེས་པའི་ཚེ།།  
མཐའ་བཞིའི་རི་དང་ཆུ་བོ་ཡང་།།  
བདག་ཏུ་འཛིན་ཅིང་རྒྱ་བསྐྱེད་པ།། 
ཤོག་བུའི་ཉིན་སྲིབ་ཀུན་ནས་མཐོང་།།  
གངས་ཀྱི་ཐང་འདིར་སོན་བཏབ་ཅིང་།།
མཛངས་པས་ཆུ་དྲངས་དཔའ་བོས་རགས།། 
བརྒྱབ་ལས་རིག་པའི་ནོམ་བླངས་ཏེ།།
གཙུག་ལག་ཡངས་པའི་སྒོ་འཕར་ཕྱེས།།   
འབྲོང་རྒོད་བཤར་བའི་རྨིག་སྣེ་ཡིས།། 
རྦབ་རྡོ་གྲིལ་བའི་ཆོམ་སྒྲ་ལས།། 
འབྲོང་ཁྱུ་འཚོལ་ཞིང་བཏུལ་པ་ན།། 
སྣ་གཅུ་བརྒྱབ་ནས་སྒོ་ཟོག་བྱས།།  
མེས་པོའི་ཤེས་རབ་འོད་བརྒྱ་བས།།  
གངས་ལྗོངས་ཞིང་གི་རྨོངས་པའི་མུན།།  
མཐའ་རུ་སེལ་ཞིང་བག་ལྷོད་པོར།། 
གནས་པའི་དུས་དེ་སྙིང་ལ་སྡུག།
གནམ་ལ་བརྩིགས་པའི་གེ་གུ་མཁར།། 
དེ་རིང་མཐོང་ལམ་འདིར་མངོན་དུས།། 
གྱང་གོག་ཙམ་དུ་གྱུར་པ་འདིས།། 
ཡིད་ལ་སྨྲེང་བའི་ན་བུན་དཀྲིགས།།  
ཤི་བའི་རྗེས་ཀྱི་རོ་མ་ཙམ།།
ལངས་མ་གོག་གིས་ཡིད་སྐྱོ་ཞིང་།། 
གདུང་བ་དང་བཅས་ཉི་ནུབ་ཀྱི།། 
ཕྱི་མིག་ཙམ་ལ་འཁྲེང་ནས་ཡོད།།
འདི་ཡང་ཁྱོད་ཀྱི་ལས་ཡིན་ཞིང་།།  
གན་ཡང་བདག་གི་ལས་ཡིན་ཞེས།། 
འཁང་ར་བྱེད་པའི་མིག་གི་ཁའི།།  
མཆི་མ་ཡིད་ཀྱི་ངོས་སུ་སིམ།།
དུས་ཡུན་གློག་གི་སྤུ་གྲི་ཡིས།།   
ཉི་མའི་མིག་ཟུང་ལྡོངས་བྱས་ཏེ།།   
རྐང་གཉིས་དག་ཀྱང་བརྒྱལ་བྱས་པ།། 
མུན་པའི་གཤེད་མ་རྒྱལ་བས་ལགས།།   
ཉི་ཤར་ཉི་ནུབ་རེས་མོས་ཀྱིས།།  
རྒྱུ་དང་མི་རྒྱུའི་དངོས་ཀུན་ལ།། 
ཕན་བདེ་བསྐྲུན་པའི་མཐའ་རིག་ན།།  
ཕམ་དང་རྒྱལ་བ་གཤིས་གྲུབ་རིགས།།      
འཇིག་རྟེན་སྟོང་བའི་ཉམས་སྣང་གིས།། 
བྱེ་མས་བཞེངས་པའི་གྱང་ཀོག་འདིར།། 
ཁེན་ཞིང་ཁེན་ཞིང་འཆར་ཡན་མཐའ།། 
སྟོང་བའི་ངང་ལས་འདི་ཙམ་བཞེངས།།

༢༠༢༤/༥/༡༦ ཉིན་གུ་གེ་ནས་བྲིས།


འཕྱོངས་རྒྱས་གཞུང་།


སྔོན་བྱུང་མེས་པོའི་རྣམ་དཔྱོད་ཀྱིས།།
འཛིན་མའི་ཁྱོན་འདི་ཉེར་བཟུང་ནས།།
གླིང་ཆེན་མཁའ་ཡི་སྤྲིན་པའི་གོས།།
ཡོངས་སུ་བཀླུབས་པའི་མཚར་སྡུག་འཛིན།།
དེ་དུས་བཀའ་ཡིས་རྒྱས་བཏབ་སྟེ།། 
སུམ་གཉིས་ས་ཡི་དཀྱིལ་འཁོར་ལ།། 
དབང་དུ་བསྒྱུར་པའི་བྱེད་པོ་དེའི།།  
མཛད་པའི་རི་མོ་འདི་ནས་ཡལ།།  
བྱ་ཁྲིས་སྤོ་ཡུལ་བསྙེགས་པ་དེས།།  
སྟག་རྩེར་གསང་བའི་བརྡ་ཞིག་བཏང་།།  
གཉན་བཙན་གསོན་དུར་ཕེབས་པ་ཡིས།།  
བརྩེ་བའི་དན་རྟགས་མེད་པར་བརླགས།།
གྲི་གུམ་བཙན་པོའི་སྙིང་གི་ཁྲག། 
འདི་རུ་ཟགས་པས་རྒྱལ་ཕྲན་ཤིག། 
ཐོར་བའི་གཏམ་རྒྱུད་སྐྱུར་མོ་དེས།།  
སྐྱོ་བའི་སེམས་ལ་ཆར་སིམ་བླུགས།། 
མདུན་གྱི་ལམ་གཞུང་སྐྱ་མོ་དེར།།
ཆར་གྱིས་བྲན་པས་སྣུམ་ཤིག་གེར།།
མིག་ཁར་བྲང་འགྲོ་འཁྱུག་པ་ལྟར།།
སྣང་མོད་སེམས་པ་ཕྱི་ཕྱིར་འཁྲེང་།།
ཕ་གིའི་བང་སོའི་བསྟར་ཕྲེང་དག།
བཞག་སྟེ་རྒྱང་དུ་ཕྱིན་པའི་དུས།།
འཁྲེང་བའི་སེམས་ཀྱི་ངོས་ཤིག་ནས།།
མགར་གྱི་བང་སོའི་དཀར་ཆགས་དྲན།།
ཁྲི་བདུན་དུར་བཏབ་གནམ་ལ་བཏབ། །  
ལྷ་ལུས་རོ་མེད་འཇའ་ལྟར་ཡལ། །
སྟེང་གཉིས་བང་སོ་རྫ་དང་གཡའ་ལ་བཏབ། །
ཡལ་དཔོན་རུ་ལས་སྐྱེས་ཀྱིས་བྱས་སོ་ཟེར། །
ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ། །
ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བརྩིགས། །
དེ་ཉིད་མཚོ་ལ་ཁ་བ་བབ་པ་ལྟར། །
ཟིན་ལྔ་མན་ཆད་བང་སོ་ཡུལ་ལ་བཏབ། །
དེ་ནི་རྗེ་འབངས་གཉིས་པོ་འཐབ་པའི་ས། །
ཡུལ་གྱི་མིང་ནི་འཕྱང་ཡུལ་དར་མོ་ཐང་། །
བང་སོ་ཡོད་མེད་ས་ཕུང་བརྡལ་འདྲ་ཡོད། །
ཅེས་པའི་ལུང་ཚིག་གསེར་གྱི་སོར་གདུབ་དེ།།
རང་གི་ཡིད་དུ་སྨིན་པའི་བགོ་སྐལ་དབྱངས།།
འཁྱུག་པའི་སོར་རྩེར་ལེན་པའི་འདུ་བྱེད་ལ།།
བཅོལ་བའི་ཡིག་ཆུང་ཁ་པར་ངོས་སུ་རྩེན།།
ཡུལ་གྱི་མིང་ནི་ཡར་ཀླུང་ངར་མ་ཐང་།།
འདི་འོ་སྙམ་ཞིང་མངའ་རིས་སྟོང་གི་བློ།།
ཁེན་སའི་གསེར་གྱི་ཀ་བ་རེ་རེའི་མདངས།།
མཐོང་བའི་སེམས་པ་སྐྱོ་ཡང་སུ་ཡིས་ཤེས།།
དེ་ཡང་ཕུལ་མེད་ས་ཕུང་བརྡལ་འདྲ་ཡོད། 
ཅེས་པའི་ལུང་གི་རོལ་མོ་བསེར་བུ་མས།།
དཀྲོལ་བའི་སྙན་པ་མ་ཚོར་སྡུག་པའི་ཞེ།།
སྨྲེང་བའི་ཆར་སྤྲིན་འཁྱུག་པ་དེ་ཀོར་ཐིམ།།
ཕ་གིའི་རྣང་ཞིང་གྲུ་བཞི་ནས།།
གསེར་མདོག་སྙེ་མ་འཛུམ་པའི་ཕྲེང་།།  
མཐོང་བས་བཙུན་པ་ཚངས་དབྱངས་ཀྱིས།། 
བསྔགས་པའི་འཕྱོངས་རྒྱས་སྒྲོལ་མ་དྲན།། 
སྐྱོ་བའི་སྡུག་གི་ཁ་སྣོན་ལ།། 
དྲན་པའི་རྦ་རླབས་འཁྲིགས་པ་དེས།། 
ནམ་ཟླ་འདི་ཡང་བསྒྱུར་པ་ལྟར།། 
ཆར་བའི་ནང་གི་མགྲོན་པོར་གྱུར།། 
སྟག་རྩེ་སྐར་ཆུང་རྡོ་རིང་དེ།།
སྙིང་ལ་སྡུག་ཀྱང་མཐོང་མ་གྱུར།།
གྲོགས་ཀྱིས་བཅོལ་བའི་ལས་དེ་ཡང་།།
མ་འགྲུབ་ཡིད་སེམས་ཆུ་ལས་འཁྱག།
འདི་ནི་འཕྱོངས་རྒྱས་ལུང་གཞུང་ནས།།
བཙན་ཐང་ཕྱོགས་སུ་བསྐྱོད་པའི་ཚེ།།
མྱོང་ཟིན་སྐྱུར་ལ་རོ་མངར་འདི།།
གདུང་བ་སེལ་ཕྱིར་བྲན་གྱིས་སྦྱར།།

༢༠༢༤/༥/༢༢ཉིན་འཕྱོངས་རྒྱས་ནས་བྲིས། 

版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

 

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章