༧ ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་ལྟ་བའི་མགུར་མ་ཚན་པ་བཞི།

文摘   2024-08-09 09:00   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台





༄༅།།མདོ་སྨད་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བ་ཆེན་མོ་༸ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་ལྟ་མགུར་ཚན་པ་བཞི།













ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ་ལ་ན་མོ།
(1607~~1677)

རྒྱལ་བའི་བསྟན་པའི་ཉིང་ཁུ།།   

རྟེན་འབྱུང་སྟོང་པའི་དོན་དུ།།   

ལམ་ལམ་གཟིགས་པའི་བླ་མ།།   

སྙིང་གི་པདྨོར་རྟག་བཞུགས།།   

བདག་གཞན་ཀུན་གྱི་སྣང་ཚུལ།།   

འདི་ལས་གཞན་པའི་དགག་བྱ།།   

གཞན་དུ་བཙལ་བས་མི་རྙེད།།   

རང་གི་ཉམས་ལ་ལྟོས་ཤིག།   

གཅིག་དང་དུ་བྲལ་རིགས་པས།།   

ཡོད་མེད་ལེགས་པར་དཔྱད་ཚེ།།   

ནམ་མཁའི་པདྨོ་ཇི་བཞིན།།   

ཡེ་ནས་མེད་པར་འཆར་རོ།།   

ཤར་བའི་ངང་དུ་སེམས་ཉིད།།   

སྤྲོས་པ་ཀུན་དང་བྲལ་བར།།   

གཡོ་མེད་རྩེ་གཅིག་ཞོག་དང་།།   

མྱུར་དུ་ལྟ་བ་རྙེད་གྱུར།།   

ངེས་ཤེས་གཞན་དུ་སོང་ན།།   

སྔར་གྱིས་རིགས་པ་དྲན་ལམ།།   

བྱས་ལ་ངེས་ཤེས་ཇེ་ཆེར།།   

ཡང་དང་ཡང་དུ་གཏང་ངོ་།།   

དེ་ལྟའི་མཉམ་བཞག་རྣལ་འབྱོར།།   

གནད་དུ་སོང་ན་རྗེས་ཐོབ།།   

འཁོར་འདས་སྣང་བ་གང་ཤར།།   

རྟོག་བཏགས་རོལ་བར་འཆར་རོ།།   

འདི་སྦྱར་རྣམ་དཀར་དགེ་བས།།   

རིགས་ཤེས་གཞོན་ནུ་མིག་ཡངས།།   

སྟོང་ཉིད་མཛེས་མ་ལྷན་ཅིག།   

མྱུར་ཏུ་མཇལ་བར་གྱུར་ཅིག།   


ཅེས་པ་འདི་ནི་བཙུན་པའི་གཟུགས་བརྙན་སྐལ་ལྡན་རྒྱ་མཚོས་སྦྱར་བའོ།།



ཡུལ་གང་ཤར་ངོས་ལ་ཕར་བལྟས་པས།།   

གཤིས་ངང་ངམ་གཟུགས་པའི་རྣམ་འགྱུར་གྱིས།།   

གདོན་བདག་འཛིན་མཁལ་བའི་མཚང་ཕྱུང་བའི།།   

རྗེ་བཞད་པའི་རྡོ་རྗེའི་ཞབས་ལ་འདུད།།   

མདང་གཉིད་ཀྱིས་ལོག་པའི་རྨི་ལམ་དུ།།   

རྟ་གླང་བོ་ལ་སོགས་གང་རྨིས་པ།།   

གཉིད་དེ་ལས་སད་ཚེ་མེད་པ་ལྟར།།   

ཡུལ་ཡུལ་ཅན་སྣང་བ་གང་ཤར་ཡང་།།   

ཕར་རྟོག་པས་བཞག་པ་མ་ཡིན་པར།།   

དོན་ཡུལ་གྱི་སྟེང་ནས་མེད་སྙམ་དུ།།   

བློ་ངེས་ཤེས་དྲངས་ལ་ཡང་ཡང་བསྐྱངས།།   

དཔེ་གཞན་ཡང་བླང་ལ་བློ་རྒྱས་བྱ།།   

དུས་ད་ལྟར་རང་ཅག་ཐམས་ཅད་ལ།།   

བརྡས་ཕར་བཏགས་མིན་པའི་བདག་ཅིག་སྣང་།།   

འདིའི་རང་གཟུགས་ཤུན་པས་མ་གོས་པ།།   

དོན་རྣམ་དཔྱོད་མིག་གིས་མ་མཐོང་བར།།   

ཆེས་ཕྲ་མཛངས་རིགས་པ་བརྒྱ་ཕྲག་གིས།།   

བློས་གསར་དུ་བཅོས་པའི་བདག་ཅིག་ལ།།   

འདི་དགག་བྱ་ཡིན་སྙམ་འགོག་པ་ནི།།   

དཔེ་གང་མཐོང་འབེན་སྙམ་མདའ་འཕེན་བཞིན།།   

ཡང་འགའ་ཞིག་གང་ཟག་མི་འགོག་ཅིང་།།   

བདག་འགོག་པར་གསུངས་པའི་རྒྱུ་མཚན་གྱིས།།   

བློས་གང་ཟག་ཟེར་བའི་ལིངས་པོ་ཞིག།   

ཕར་བཞག་ནས་གཞན་ཞིག་འགོག་པ་ནི།།   

ལར་རྟག་མཐའ་ནན་གྱིས་ཉོས་པ་འདྲ།།   

ངོ་བོས་སྟོང་པས་འདི་ཡིན་འདི་མིན་མེད།།   

འཕྲལ་བྱ་བྱེད་བཞག་པས་སྟོང་ཡལ་བའི།།   

སྒོམ་ཇི་ཙམ་འབད་ཀྱང་བདག་མི་ཁོགས།།   

དོན་ཧྲིལ་གྱིས་དྲི་ལན་འདི་ལྟ་སྟེ།།   

སེམས་འཁྲུལ་བའི་རྫུན་ཁུངས་རིག་པ་ལས།།   

དོན་དམ་པ་གཞན་ནས་མི་རྙེད་པས།།   

དེའི་སྣང་ཚུལ་ཞིབ་མོར་རྟོགས་ཤིག་དང་།།   

རང་གདོད་ནས་གནས་ཚུལ་རྗེན་ཅེ་རེ།།   

ཚུར་ནང་ནས་རང་ལ་སྟོན་ངེས་པས།།   

དུས་དེ་ཚེ་སྣང་བ་གང་ཤར་ཚོས།།   

སྔར་མཐོང་མ་མྱོང་བའི་ལྟད་མོ་སྟོན།།   

ཀྱེ་འདི་འདྲའི་ཆོས་དང་མཇལ་དུས་འདིར།།   

སྡུག་མ་མཐའ་ཐུན་རེ་མ་བསྒོམས་ན།།   

དཔེ་རིན་ཆེན་གླིང་ཕྱིན་ཚོང་བ་རྣམས།།   

ནོར་ཡེ་མེད་སྟོང་ལོག་བྱས་པ་བཞིན།།   

དོན་དེ་ཕྱིར་ཕྱོགས་འདིར་རབ་གཞོལ་ལ།།   

ཕྱིས་ན་འཆིས་གཏུགས་ཀྱང་འགྱོད་མེད་གྱིས།།   

འདིར་ལེགས་བཤད་ག་བུར་ཐིགས་པའི་རྒྱུན།།   

གང་བསགས་པ་དངོས་འཛིན་འཕྲོག་ཕྱིར་བསྔོ།།   


ཞེས་པ་འདི་ནི་ངུར་སྨྲིག་གིས་གཡོགས་པའི་སྐལ་ལྡན་གྱིས་རང་ཉིད་ལ་གཅིག་ལབ་ཏུ་སྨྲས་པའོ།།


ན་མོ་ཤཱུ་ནྱཱ་ཏ་ཡ།   

གང་ཤར་ལ་བལྟས་པས་སྟོང་སེང་ངེ་།།   

སྟོང་ཉིད་ལ་བལྟས་པས་དབྱེར་མེད་པའི།།   

མཉམ་རྗེས་ཀྱི་རྣལ་འབྱོར་མཐར་ཕྱིན་པའི།།   

གསུམ་ལྡན་གྱི་བླ་མ་བདག་གི་སྐྱབས།།   

གདུལ་རྒྱུ་ཡི་དགྲ་དེ་ངོ་མ་ཤེས།།   

འདུལ་བྱེད་ཀྱི་ཆོས་དེ་དཔེ་ལ་ལུས།།   

འདུལ་མཁན་གྱི་མི་དེ་ཁྱི་བཞིན་འཁྱམས།།   

འདུལ་འདོད་ཀྱི་བསམ་པ་རང་དགར་ཡལ།།   

སེམས་ཉིད་ཀྱི་སྣང་བ་གང་ཤར་ཚོ།།   

དུས་མིན་གྱི་ཚེ་ན་ཚུགས་སེ་སྣང་།།   

བཙལ་དུས་སུ་མི་འཆར་དགུ་འཆར་གྱི།།   

སྣ་ཚོགས་ཀྱི་བསླུ་བྲིད་སྟོན་གྱིན་འདུག།   

ཀུན་ཁྱབ་ཀྱི་ཆོས་དབྱིངས་སྟོང་སང་ཡང་།།   

རིགས་ཤེས་ཀྱིས་གདན་འདྲེན་མ་ནུས་པས།།   

བདེན་བདེན་དུ་བཅོས་ནས་དུས་རྟག་ཏུ།།   

ཕན་ཕན་གྱི་ཟོལ་གྱིས་བྱུར་སྣ་དྲངས།།   

ཡེ་མེད་ཀྱིས་འདི་འདྲའི་ཕུང་དཀྲུགས་པ།།   

སྟོང་ཉིད་ཁྱོད་རིས་མེད་བདེན་ན་ནི།།   

གདན་འདྲེན་ལ་ལྟོས་པ་མི་མངའ་བར།།   

ལ་གོར་དུ་རང་ཞལ་སྟོན་ལ་ཤོག།   

རང་ཞལ་ནི་རྗེན་པར་མ་བསྟན་ན།།   

རིས་མེད་ཀྱི་ཆོས་དབྱིངས་མཛེས་མ་ཁྱོད།།   

ཡེ་མེད་ཀྱི་ཕུང་རྒན་གྲོགས་གྱུར་ནས།།   

ཁ་འཛིན་དང་རྒྱབ་རྟེན་བྱས་ཀྱིས་དོགས།།   

ཡང་སྲིད་འདིར་སྔོན་ནས་ད་ལྟའི་བར།།   

འབྲལ་མེད་དུ་འགྲོགས་པའི་གྲོགས་པོ་འདིའི།།   

ལོ་རྒྱུས་འདི་ད་མིན་ཡེ་མ་ཚོར།།   

ད་ལམ་རང་རྒྱུས་ཞིབ་ཡོད་དུས་འདིར།།   

བཟང་ངན་གྱི་རྟིང་ཞིག་གཅོད་རེ་རན།།   

རན་པ་རུ་མ་ཟད་འཕྱིས་པ་འདྲ།།   

ད་རེས་ནི་རྩད་ཅིག་མ་ཆོད་ན།།   

གཏན་སྐྱིད་ཀྱི་བདེ་ལ་མ་རེ་མཛོད།།   


ཅེས་པ་འདི་ཡང་ཟོག་པོ་སྐལ་ལྡན་གྱིས་སྨྲས་པའོ།།


ན་མོ་དྷ་རྨཱཿ དྷ་ཏུ་ཡ།།   

གཉུག་མ་འོད་གསལ་གཤིས་ལ།།   

བཟང་ངན་སྤྲོས་པ་མེད་པའི།།   

སྟོང་པའི་ངང་དུ་རྟག་བཞུགས།།   

བླ་མ་མཆོག་དེས་བདག་སྐྱོངས།།   

ཁོ་རང་ངོས་ནས་སྔར་ནས།།   

ད་བར་གྲུབ་གྲུབ་ང་ཞིག།   

བློ་འདིས་འཛིན་པ་ལྟ་བུའི།།   

ཉམས་ཤིག་རྒྱུད་ལ་ཤར་ཚེ།།   

ཕུང་པོ་འདི་དང་གཅིག་ན།།   

བྱེད་པ་པོ་དང་བྱ་བའི།།   

ལས་ཀྱང་གཅིག་ཏུ་འགྱུར་བའི།།   

རིགས་པས་གསལ་བ་འབབ་བོ།།   

གལ་དེ་སོ་སོ་ཡིན་ན།།   

བུམ་པ་སྣམ་བུ་བཞིན་དུ།།   

འབྲེལ་མེད་སོ་སོར་འགྱུར་བས།།   

དེ་ཡང་མི་འཐད་བསམ་མོ།།   

འཁར་གཞོང་ནང་གི་ཞོ་ལྟར།།   

ཕུང་པོའི་རྟེན་དུ་མེད་ལ།།   

རེ་ལྡེར་ལྷ་སྦྱིན་གནས་ལྟར།།   

ཕུང་ལ་བརྟེན་ནས་མེད་དོ།།   

ལྷ་སྦྱིན་དོན་གཞན་གྱུར་པའི།།   

བ་ལང་དག་དང་ལྡན་བཞིན།།   

ང་ཡང་རང་གི་ཕུང་པོ།།   

ལྡན་ཚུལ་དེ་ཡང་མི་རིགས།།   

གལ་དེ་ཕུང་པོ་ཚོགས་ཙམ།།   

བདག་གོ་སྙམ་ན་མིན་ཏེ།།   

བདག་གི་གདགས་གཞི་ཡིན་ཕྱིར།།   

དེ་ཡང་མི་འཐད་བསམ་མོ།།   

དབྱིབས་ཀྱང་བདག་ཏུ་སྨྲ་ན།།   

འོ་ན་གདགས་གཞི་བཏགས་ཆོས།།   

གཅིག་ཏུ་འགྱུར་བའི་ཉེས་པ།།   

ཁྱོད་ལ་ངེས་པར་འོང་ངོ་།།   

དེ་ལྟར་ཁྱབ་བྱེད་ཁེགས་པས།།   

ཁྱབ་བྱ་ཡང་ནི་ཁེགས་པ།།   

ཐོག་མར་བྱས་ནས་མེད་དགག།   

འཛིན་སྟངས་ཡུལ་དུ་བསྐྱང་ངོ་།།   

རྗེས་སུ་འཁོར་འདས་སྣང་བ།།   

བསྙོན་དུ་མེད་པར་མཐོང་ཚེ།།   

ཨེ་མའོ་ལས་ཉོན་སྒྱུ་མས།།   

བྱས་པ་འདི་ཡང་ཡ་མཚན།།   

སྙིང་གི་དཀྱིལ་ནས་བསམ་ལ།།   

སྤྱོད་ཕྱོགས་གང་ལ་འཇུག་ཀྱང་།།   

དེ་ཉིད་ངེས་པའི་རྩིས་ཀྱིས།།   

ངེས་པར་ཟིན་པར་བྱའོ།།   

དེ་ལས་བྱུང་བའི་དགེ་ཚོགས།།   

རི་བོང་བཅལ་བཞིན་དོན་མེད།།   

འཇིགས་སྐྲག་གིས་གཟིར་འགྲོ་ཀུན།།   

རང་ངོ་ཤེས་ཕྱིར་བསྔོའོ།།   


ཞེས་པ་འདི་ཡང་སྙིང་རུལ་སྐལ་ལྡན་གྱིས་སྨྲས་པའོ།།


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章