ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
སྣང་སྲིད་འཁོར་འདས་ཇི་ལྟ་ཇི་སྙེད།།
རྒྱུ་འབྲས་རྟེན་འབྲེལ་ཉིད་ལས་གྲུབ་ཞེས།།
ཀུན་མཁྱེན་ཤེས་རབ་ཉི་མའི་འོད་ཀྱིས།།
གཟིགས་ཤིང་འདོམས་པ་དེ་ལ་འདུད་དོ།།
ཞལ་རས་ཟླ་ཟེར་ཨུཏྤལ་མིག་ཟུང་།།
བདེ་སྟོང་ཕྱག་རྒྱའི་ཐུན་མཚམས་བར་ནས།།
བརྩེ་བའི་དངོས་གྲུབ་འཛུམ་པ་དང་བཅས།།
ངག་གི་མཆོག་སྩོལ་དབྱངས་ཀྱི་རྒྱལ་མོ།།
མཁས་གྲུབ་གནམ་གྱིས་ས་ཆེན་བཀབ་པའི།།
གངས་རིའི་ལྗོངས་ཀྱི་སྐར་ཆེན་དག་གི།
གསང་གསུམ་མཛད་རྣམ་ཡི་གེར་འགོད་ལ།།
བློ་ལྡན་སུ་ཞིག་བརྩོན་པ་འདོར་ཨང་།།
བསྟན་ལ་གནོད་པའི་འབྱུང་བོའི་སྐད་ངན།།
སྙིང་ལ་ཞུགས་པའི་སྐྱེ་བོ་རྣམས་ནི།།
ལོག་སྨྲའི་གཡང་ལ་འཁྱམས་པའི་ཚེ་ན།།
སྙིང་རྗེ་ལྷ་ཡིས་ཐུགས་རྗེས་གཟིགས་རོགས།།
ཝ་སྐྱེས་སེང་གེར་བརྫུ་བའི་མཁས་ཉམས།།
འབྱུང་བོས་མི་སེམས་དཀྲུགས་པའི་གྲུབ་རྫུན།།
ས་སྟེང་ཁྱབ་སྟེ་རྒྱལ་བསྟན་གཡོགས་དུས།།
བསྟན་སྲུང་རྒྱལ་མོས་གཟིགས་པ་མ་གཡེངས།།
རྣམ་འདྲན་ཉི་མ་སྟོང་གི་ཐ་མ།།
བདེ་གཤེགས་མོས་པ་སྣང་མཛད་ཀྱི་ངོར།།
འཚང་རྒྱའི་ལུང་བསྟན་བརྙེས་པའི་བླ་མ།།
དོན་གྲུབ་རིན་ཆེན་ཞབས་ལ་ཕྱག་འཚལ།།
རྩ་བ་བྱ་ཁྱུང་བྲག་ལ་བརྟེན་ཞིང་།།
ཡབ་འདབ་དབུས་གཙང་ཞིང་དུ་རྒྱས་པ།།
འབྲས་བུ་གླིང་བཞིའི་ཁྱོན་ལ་སྨིན་པའི།།
རྒྱལ་བ་གཉིས་པ་བློ་བཟང་གྲགས་པ།།
བྱ་དཀའི་ཐོས་བསམ་ལོ་ཟླ་སྦྲེལ་ཞིང་།།
རྫོགས་པའི་རྣམ་དཔྱོད་མེ་ལྟར་འབར་བ།།
སྦྱངས་པའི་འབྲས་བུ་ཁུར་དུ་ལོངས་པའི།།
བསྟན་སྲིད་འདེགས་པའི་མཁས་རྣམས་ཞབས་བརྟན།།
ཕྱི་ནང་རྒོལ་བས་གནམ་ས་འཁྲིགས་རུང་།
བྱམས་པའི་སྟོབས་ཀྱིས་དཀྱིལ་དཀྲོང་མ་བཤིག།
རིགས་རུས་གཉེན་གྱིས་བླ་ན་བཀུར་ཡང་།།
གཡོ་མེད་བཞུགས་པ་ཤཱཀྱའི་རྗེས་འཇུག།།
ཉི་ཟླའི་དཀྱིལ་འཁོར་ཁ་ལོ་བསྒྱུར་བའི།།
ཞྭ་སེར་ཆོས་སྡེ་སྟོང་གི་མ་དགོན།།
དགའ་ལྡན་གསེར་ཁྲི་ལྔ་ཙམ་བྱུང་བའི།།
མདོ་སྨད་བྱ་ཁྱུང་བྲག་གི་གདན་ས།།
སྡེ་འདིའི་རིན་ཆེན་གསེར་གྱི་ཁྲི་ལ།།
བཞུགས་པའི་མཁན་རབས་བརྒྱ་ཕྲག་ཁྲོད་ན།།
ཆོས་སྲིད་ཉི་ཟླའི་དྲོད་ཁོལ་ཡངས་པ།།
བདེ་ཁང་བློ་བཟང་རབ་བརྟན་གྲགས་སོ།།
ཚངས་ཆེན་གསེར་གྱི་སྒོ་བཞི་ལས་འཁྲུངས།།
གདོང་དྲུག་ཨུ་མའི་མངལ་ལས་འཛུམ་པ།།
ཇི་བཞིན་ཡུམ་ཆེན་བདེ་སྐྱོང་དྲོད་ཀྱིས།།
བསྐྱངས་པའི་རྒྱལ་སྲས་གཞན་དང་མི་འདྲ།།
དྭངས་གསལ་མཁའ་ལ་ངང་བའི་སྡེ་དཔོན།།
པད་མའི་མཚོ་ལ་ཁྱུ་མཆོག་ཇི་བཞིན།།
བསྟན་དང་འགྲོ་བའི་རྩ་ལག་གཅིག་བུར།།
སྤྲུལ་བས་རོལ་འདི་མཁའ་ལས་ཡངས་པ།།
འཁྲུངས་ཡུལ་མཚེར་ཕུག་གཡང་གི་ར་བར།།
རབ་བྱུང་བཅུ་གཅིག་བགྲང་བྱ་ལྔ་བདུན།།
སྤྱི་ལོ་ཆིག་སྟོང་དྲུག་བརྒྱ་གྱ་གཉིས།།
འཁྲུངས་པ་དོན་ལྡན་བླ་མའི་རྣམ་ཐར།།
མཚོ་སྐྱེས་ཟླ་བ་རླབས་ཀྱིས་མ་བཟུང།།
འདམ་སྐྱེས་པད་མོ་རྡུལ་གྱིས་མ་གོས།།
འཇིག་རྟེན་འཁོར་བའི་ཁྱིམ་གྱི་རྒྱ་ལ།།
མ་འཚུལ་དབེན་པའི་རི་ལ་བྲོས་པ།།
ཡོན་ཏན་འདོད་པ་ནགས་ན་བདེ་ཞེས།།
སེང་གེའི་སྒྲ་ཡིས་བསྔགས་པ་ཇི་བཞིན།།
དགུངས་ལོ་བཅུ་ལ་བྱ་ཁྱུང་ཆོས་སྡེར།།
ཕེབས་ཏེ་རབ་བྱུང་བརྟུལ་ཞུགས་བསྐྱངས་ཡོད།།
ཐོས་བསམ་ཉིན་མཚན་སྦྲེལ་བའི་བརྩོན་པ།།
བློ་ལྡན་གཞན་གྱིས་ཐེག་པར་དཀའ་བའི།།
བྱ་དཀའི་མཛད་པས་ཆེན་པོ་དག་ཀྱང།།
ངལ་བའི་ལམ་དུ་ཡང་ཡང་བཀོད་པ།།
ཅང་ཤེས་རྟ་རྨིག་ལྕགས་ཀྱིས་བཏུམས་ནས།།
ཉི་ཟླ་རྣམ་གཉིས་སྒྲོན་ལ་ཐོགས་ཏེ།།
གླིང་བཞིའི་རིན་ཆེན་འཚོལ་བའི་ངལ་བ།།
དེད་དཔོན་འདི་ལས་གཞན་ལ་དཀའ་འོ།།
བཟའ་བཏུང་འཚོ་བ་ཉག་ཙམ་ཕྲ་བས།།
ལུས་ཀྱི་ཟུངས་ཟད་འགྱེལ་བ་ན་ཡང་།།
འདུན་མའི་དམ་བཅའ་སྲོག་ལ་བགོས་པས།།
ལུང་རྟོགས་ཡོན་ཏན་མེར་གྱིས་གཏམས་པ།།
དགོང་ལོ་བཅོ་བརྒྱད་གཞོན་པའི་རྒྱ་སྟག།
བྱ་ཁྱུང་བྲག་ལས་སྡེར་ལྔ་རྒྱས་ཏེ།།
སྐུ་འབུམ་འཇམ་མགོན་རྒྱལ་བའི་གདན་སར།།
དམ་བཅའ་བཞག་པའི་རྣམ་ཐར་མཛད་ཡོད།།
དུང་སྐྱོང་འོ་མའི་བཅུད་ཀྱིས་གསོས་པའི།།
བྱ་རྒྱལ་ཁྱུང་གི་གཤོག་པའི་འདབ་མ།།
ཙོང་ཁའི་གཡེར་མོ་གཞོང་ལ་མ་ཤོང་།།
ལྷ་ལྡན་ནམ་མཁའི་མཐོངས་ལ་རོལ་བ།།
བདེན་པ་སྟོང་གི་ཕྱག་རྒྱ་རྙེད་ལ།།
བསྟན་དང་སྟོན་པའི་བརྩེ་བ་རུམ་ནས།།
དབུས་ཀྱི་གདན་སའི་འོད་ལ་འཁྲང་བཞིན།།
དགུང་ལོ་ཉི་ཤུར་དབུས་སུ་ཆས་སོ།།
འཕགས་ཡུལ་ཆོས་ཀྱི་མཛེས་པ་འཕྲོག་ཅིང་།།
ཀླུ་སྒྲུབ་ལྟ་བུ་མཁས་མང་འབྱུང་བའི།།
སེ་ར་ཆོས་ལྡིངས་ཆོས་ཀྱི་གདན་སར།།
ཞུགས་པའི་རྟེན་འབྲེལ་ལྷུན་གྱིས་གྲུབ་པ།།
བྱ་དཀའི་ཐོས་བསམ་ལོ་ཟླ་སྦྲེལ་བས།།
ལུང་རྟོགས་ཡོན་ཏན་ཟླ་བཞིན་འཕེལ་བ།།
སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པས།།
ཆེ་བའི་ཆེས་མཆོག་ཀུན་གྱིས་བཀུར་བ།།
འཇམ་མགོན་བསྟན་ལ་རྒྱལ་བ་ནང་བཞིན།།
མཛད་པའི་ཡབ་རྗེ་སྒྲུབ་ཁང་མདུན་ནས།།
ལམ་ཁྲིད་འཇམ་དཔལ་ཞལ་ལུང་སོགས་ཀྱི།།
ཁྲིད་རྒྱུན་ལུང་རྒྱུན་དུ་མ་གསན་ཡོད།།
སངས་རྒྱས་སྟོང་གི་མཐུ་ལས་གྲུབ་པའི།།
གསུང་རབ་རིན་ཆེན་སྒྲོམ་གྱི་གླེགས་བམ།།
ཐོས་བསམ་རྡོ་རྗེའི་ར་བར་དྲངས་པས།།
གཞན་ལ་མེད་པའི་རྟོགས་པ་འཁྲུངས་གསུངས།།
བཤད་པ་ལུང་གི་བསིལ་བར་མ་ཆགས།།
སྒྲུབ་པ་ཁོ་ནའི་དྲི་ལ་མ་རྨོངས།།
བཤད་སྒྲུབ་ཉི་ཟླ་ཟུང་འཇུག་མངའ་བའི།།
སེང་གེ་ལྟ་བུ་མཁས་མང་ཁྲོད་ན།།
སྤོབས་པའི་གཡུལ་རབ་མེ་ལྟར་འབར་ཞིང་།།
བརྒལ་བརྟག་ལུང་རིགས་ཐོག་ལྟར་རྣོ་བས།།
གདན་ས་གསུམ་གྱི་མཁས་མང་ཁྲོད་ནས།།
བཀའ་བཅུ་རབ་འབྱམས་མཚན་རྟགས་བཞེས་པ།།
གདན་ས་གསུམ་གྱི་ལུང་གི་འཆད་ཉན།།
ཡར་ཀླུང་གཙང་བོའི་རྒྱུན་དང་བསྡེབས་པ།།
བསླབ་པ་གསུམ་ལྡན་རྟོགས་པའི་ཉམས་ལེན།།
རྒྱལ་ཀུན་ཞིང་གི་དཔལ་ལས་མཐོ་བ།།
དགུང་ལོ་སུམ་ཅུ་ཉི་མ་གཞོན་ནུ།།
ར་ས་འཕྲུལ་སྣང་གཙུག་ལག་ཁང་གི།།
ཆོས་ཀྱི་རྒྱལ་མཚན་དཀར་བོའི་འོག་ཏུ།།
བཀའ་པོད་ལྔ་ཡིས་གྲྭ་སྐོར་མཛད་པ།།
ཡིད་འཕྲོག་མཚན་མའི་རྣམ་པ་རེར་ཡང་།།
ཚོགས་གཉིས་ལས་འཁྲུངས་སྟོབས་ཀྱིས་ཟིན་པས།།
གདན་ས་གསུམ་ན་གདོང་ལྔ་ཇི་བཞིན།།
ལྷང་ངེར་རྒྱུ་བའི་གྲགས་པ་འབར་བ།།
ཐོས་པའི་མེ་ཏོག་འཛུམ་པའི་ཟེ་བར།།
བསམ་སྒོམ་སྦྲང་རྩི་བྱུར་བུར་གཏམས་པས།།
རྐང་བ་དྲུག་པའི་དགའ་སྟོན་གླུ་དབྱངས།།
ཕྱོགས་ཀྱི་འཁོར་ལོའི་མཐའ་ལ་འཁྲིལ་བ།།
ཟབ་རྒྱས་མདོ་སྔགས་ནམ་མཁའི་རྒྱ་ཁྱོན།།
སྦྱངས་བརྩོན་ཉི་ཟླའི་འོད་ཀྱིས་ཡོངས་བཟུང།།
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས།།
བདེ་ཁང་བ་ཞེས་གྲགས་པའི་ཚེ་ན།།
ལྷ་ལྡན་ཞིང་གི་མཁས་པའི་གཙུག་རྒྱན།།
པྲ་སྟི་རིན་ཆེན་དོན་གྲུབ་མཆོག་གིས།།
མདོ་སྨད་བྱ་ཁྱུང་བདེ་ཁང་བ་ཞེས།།
བསྔགས་པའི་མེ་ཏོག་ཡང་ཡང་འཐོར་བ།།
རྒྱལ་ཀུན་མཚན་གྱི་སྙན་པ་འཕྲོག་པའི།།
པྲ་སྟི་རིན་ཆེན་དོན་གྲུབ་མཆོག་ལ།།
མགོན་འདིས་དྲིས་པའི་ལན་དུ་བསྐུར་བ།།
པྲ་སྟིའི་གསུང་འབུམ་ཁྲོད་ན་གསལ་ཡོད།།
ས་ལ་ཟེའུ་འབྲུ་འཐོར་བ་ཇི་བཞིན།།
གདན་ས་གསུམ་གྱི་རིགས་སྨྲའི་ཁྲོད་ན།།
གང་གི་བརྒལ་བརྟག་གཞན་ལས་མཐོ་བས།།
རྒྱལ་མཆོག་བདུན་པས་དགྱེས་འཛུམ་མཛད་ཡོད།།
ཡབ་རྗེ་ཕུར་ལྕོགས་ངག་དབང་བྱམས་པས།།
མདོ་སྨད་བཀའ་བཅུ་བདེ་ཁང་བ་ནི།།
ཐོས་པའི་མེ་ཏོག་བསམ་པའི་སྦྲང་རྩི།།
ལྷན་ཅིག་འཛོམ་པ་གཞན་ལས་མཐོ་གསུངས།།
གསུང་གི་དྲི་བ་མང་དུ་མཛད་པ།།
འགའ་ཞིག་ཕུར་ལྕོགས་གསུང་འབུམ་ནང་བཞུགས།།
མགོན་དེའི་གསུང་གི་བདེན་པའི་སྟོབས་ཀྱིས།།
ལས་རྣམས་གང་རྩམ་ཡིད་བཞིན་འགྲུབ་གསུངས།།
མི་འཇིགས་བཞི་ལྡན་སེང་གེ་དཀར་མོ།།
གངས་ཀྱི་རི་ལ་འགོས་པའི་མཚན་མ།།
བདེན་པའི་ལུང་གིས་ཇི་ཙམ་བཏབ་ཀྱང་།།
ཐུགས་བསྐྱེད་དབེན་པའི་རི་ལ་ཤོར་བ།།
གནམ་བསྐོས་གོང་མའི་རིགས་ཀྱི་བདག་པོ།།
ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་གིས།།
འཇམ་མགོན་བསྟན་པ་འཛིན་པའི་རིགས་ནི།།
ཁྱོད་འདྲ་ཡིན་ཞེས་བསྔགས་བརྗོད་མཛད་ཡོད།།
འདི་ལྟའི་ལུང་རིགས་ཉི་ཟླའི་སྣང་བ།།
ཚངས་པ་ཡིས་ཀྱང་བསྒྲུན་པ་མིན་ཞེས།།
རིགས་སྨྲའི་ཁྲོད་ན་དབྱངས་ཀྱི་སྙན་པ།།
འཕུར་བའི་གྲགས་པ་སྲིད་ལས་བརྒལ་ཡོད།།
ཁྱད་པར་དགེ་ལྡན་བསྙན་བརྒྱུད་འཛིན་པའི།།
ཕུར་ལྕོགས་ངག་དབང་བྱམས་པ་མཆོག་གིས།།
མདོ་སྨད་བྱ་ཁྱུང་རང་གི་གདན་སར།།
ཆོས་འཁོར་རྒྱ་ཆེན་བསྐོར་དགོས་གསུངས་པས།།
བླ་མའི་བཀའ་དང་ཡི་དམ་ལུང་གིས།།
ཟིན་པའི་རྟེན་འབྲེལ་དུས་ལ་བབས་ཏེ།།
རྒོད་པོ་རང་གི་ཁྱིམ་ལ་ཇི་བཞིན།།
ཨ་མདོ་བྱ་ཁྱུང་བྲག་ལ་ཕེབས་སོ།།
ཙན་དན་ལྗོན་པ་རི་ན་གནས་ཀྱང་།།
དྲི་བསུང་ཞིམ་པོ་རླུང་གིས་ཁུར་བས།།
སྦྲང་མའི་ཚོགས་ལ་དགའ་བ་ཇི་བཞིན།།
སློབ་ཚོགས་གང་གཱའི་རྒྱུན་ལ་བསྡེབས་པ།།
བགྲང་བྱ་བཅུ་ལྷག་མཁན་ཁྲི་བསྐྱངས་པས།།
བཤད་སྒྲུབ་འཆད་ཉན་ཟླ་བཞིན་འཕེལ་ཞིང་།།
སྡེ་བཞིའི་ལང་ཚོ་ཆར་ལྟར་བརྡོལ་བས།།
གཞན་ལ་མེད་པའི་རྟགས་མཚན་ངོམ་པ།།
ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུ་རྣོན་པོ།།
སྐལ་ལྡན་འདྲེན་པའི་ཨ་ལོང་ལ་དྲངས།།
པད་མའི་མཚོ་ལ་ངང་བ་ཇི་བཞིན།།
འབུམ་ཕྲག་རྒྱལ་སྲས་སྡེ་རུ་གྲུབ་པ།།
དགུང་ལོ་གྱ་བཞི་བརྙེས་པའི་ཚེ་ན།།
ཆོས་རྣམས་མི་རྟག་འདི་འདྲ་ཡིན་ཞེས།།
མྱོང་དང་གཞན་ལ་སྟོན་པའི་ཆེ་བ།།
བསམ་བཞིན་མཛད་པའི་དགོངས་པ་ཡངས་པ།།
རེ་ཞིག་གདུལ་བྱ་རྫོགས་པའི་དུས་ན།།
མཉམ་བཞག་ནམ་མཁའ་ལྟ་བུ་སྟོང་ཉིད།
རྗེས་ཐོབ་སྒྱུ་མ་ལྟ་བུ་ཏིང་འཛིན།།
དབྱེར་མེད་ཁ་སྦྱོར་དབྱིངས་ལ་ཐིམ་ཚུལ།།
རྣམ་ཐར་དངོས་གྲུབ་ཆར་འབེབས་གཙོ་བའི།།
དམ་པའི་ངག་ལས་ཐོས་པ་ཇི་བཞིན།།
མཛད་འཕྲིན་ཕྱག་རྗེས་རི་ལས་མཐོ་བ།།
རག་ཙམ་དད་པའི་རྒྱན་ཏུ་བཀོད་པ།།
དང་བོ་ཐོས་བསམ་བདུད་ཀྱིས་མ་ཟིན།།
བར་དུ་བཤད་སྒྲུབ་རིས་སུ་མ་བཅད།།
ཐ་མར་མཉམ་རྗེས་སོ་སོར་མ་དབྱེ།།
བདེ་ཁང་བླ་མའི་རྣམ་ཐར་ཡིན་འདྲ།།
བྱང་བལྟས་ཁ་ལ་ཉི་འོད་སྲིད་ཀྱང་།།
རྙོག་པའི་མཚོ་ལ་ཟླ་གཟུགས་སྣང་ཡང་།།
ཐོས་བསམ་བློ་མིག་ལྡོངས་པའི་སྐྱེ་བོར།།
བྱུང་བ་འདི་ཡི་དགོས་པ་ཕྲའོ།།
འདི་བྲིས་བསམ་སྦྱོར་དག་པའི་དགེ་བ།།
ཇི་སྙེད་འགྲོ་ཀུན་བདེ་བའི་རྒྱུ་རུ།།
སྨིན་དང་ལྷན་ཅིག་ཁོ་བོས་ཀྱང་ནི།།
སྐྱེས་བུ་དེ་དང་དེ་བཞིན་འགྲུབ་ཤོག །
ཅེས་བྱ་ཁྱུང་རྗེ་བདེ་ཁང་བའི་རྟོགས་བརྗོད་བདེ་གཤེགས་འཛུམ་པའི་མེ་ཏོག་ཅེས་བྱ་བ་འདི་ནི་མགོན་པོ་གང་གི་རྣམ་ཐར་གཙོ་བའི་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་། རྗེ་ཕུར་ལྕོགས་ངག་དབང་བྱམས་པ། པྲ་སྟི་རིན་ཆེན་དོན་གྲུབ་སོགས་ཚད་མའི་སྐྱེས་བུ་དུ་མའི་གསུང་ལས་ཡང་ཡང་བསྔགས་བརྗོད་མཛད་ཡོད་པ་གཞིར་བྱས་བྱ་ཁྱུང་གདན་རབས་དང་ངག་རྒྱུན་དུ་མ་ལས་མགོན་པོ་གང་གི་ཕྱག་རྗེས་གཞན་ལས་ཆེ་བ་མཐོང་ཐོས་སུ་གྱུར་པས་དད་གུས་དང་སྤྲོ་བས་མཚམས་སྦྱར་ཏེ་མཆོད་ཚོགས་ངག་གི་ཕྲེང་བ་ལྷུར་ལེན་པ་པོ་བློ་བཟང་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེས་བྲག་བྱ་ཁྱུང་རྒྱལ་བའི་དབེན་གནས་སུ་བྲིས་སོ།།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!