​རྗེ་ཡབ་སྲས་ཀྱི་རྣམ་ཐར་ལ་མཇལ་བའི་མྱོང་ཚོར་། བློ་བཟང་རྒྱ་མཚོ།

文摘   2024-08-25 10:02   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台





རྗེ་ཡབ་སྲས་གསུམ་གྱི་རྣམ་ཐར་ལ་མཇལ་རྗེས་ཀྱི་མྱོང་ཚོར་ཕྲན་བུ།


ཤེལ་དགོན་བློ་བཟང་རྒྱ་མཚོ། 

  

དབུས་སྨྲ་བས།


                            


       

སྨྲ་བའི་ཉི་མ་བློ་བཟང་གྲགས་པ་དང་།།

རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན་་ཞབས།།

བསྟན་པ་ཕྱོགས་མཐར་སྤེལ་བའི་དགེ་ལེགས་དཔལ།།

རྣམ་གསུམ་དབྱེར་མེད་ཞབས་རྡུལ་སྤྱོ་བོས་མཆོད།།

སྟོན་པ་མྱ་ངན་འདའ་བའི་ཚུལ་མཛད་ནས།།

ལོ་ནི་བརྒྱ་ཕྲག་མང་བོ་འདས་པའི་རྗེས།།

ས་ཆེན་འཕགས་རྣམས་ཞི་བའི་དབྱིངས་སུ་གཤེགས།།

ཐེག་ཆེན་བཀའ་མ་ཡིན་ཞེས་སྐུར་འདེབས་ཀྱིས།།

རེ་ཞིག་བསྟན་པ་མིང་གི་ལྷག་མར་ལུས།།

རྒྱལ་བས་ལུང་བསྟན་མགོན་པོ་ཀླུ་སྒྲུབ་བྱོན།།

ཕས་རྒོལ་ལོག་པར་སྨྲ་བ་ཚར་བཅད་དེ།།

སླར་ཡང་ཐུབ་བསྟན་ཉི་མ་གསལ་བར་མཛད།།

འཕགས་པའི་ཡུལ་དུ་འཕགས་པ་ཀླུ་སྒྲུབ་ཉིད།།

རྒྱལ་བ་ལས་ཀྱང་བཀའ་དྲིན་གཞལ་དུ་མེད།།

མདོ་རྒྱུད་དགོངས་འགྲེལ་དུ་མས་ལུང་བསྟན་ཅིང་།།

བཞིན་ལག་རྣམ་པ་ཤར་བ་མི་ཡི་གཟུགས།།

ཐུན་མོང་གདུལ་བྱའི་སྣང་ངོར་མདོ་སྨད་ཀྱི།།

མཚན་དཔེའི་མེ་ཏོག་ཙོང་ཁའི་ཡུལ་ནས་བཞད།།

ལང་ཚོའི་གཉོམ་ལག་བྱ་ཁྱུང་བྲག་ནས་རྒྱས།།

སྤང་རྟོགས་ཡོན་ཏན་དབུས་གཙང་རི་ནས་རྫོགས།།

བཤད་སྒྲུབ་ལག་རྗེས་ཁ་བའི་ལྗོངས་ལ་བཞག།

གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ།།

དཔལ་ལྡན་ཨ་ཏི་ཤ་ཡིས་ལུང་བསྟན་གནས།།

བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེའི།།

གདན་ས་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི།།

བྲག་རི་སེང་གེའི་ཞོལ་དུ་ཡང་དགོན་བཏབ།།

བཤེས་གཉེན་སེམས་དཔའ་སྐྱབས་མཆོག་དཔལ་བཟང་དང་།།

གཞན་ཡང་གསོལ་བ་འདེབས་པ་དུ་མའི་ངོར།།

རྒྱལ་བའི་གསུང་རབ་ཀུན་གྱི་གནད་བསྡུས་པ།།

ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་སྲོལ་མཆོག།

མཛད་པ་ཀུན་ལས་གསུང་གི་མཛད་པ་ཡིས།།

བྱང་ཆུབ་ལམ་རིམ་ཆེན་མོ་ལྗགས་རྩོམ་མཛད།།

གངས་རིའི་ཁྲོད་འདིར་བློ་བཟང་གྲགས་པ་ཞེས།།

རྒྱལ་བའི་བསྟན་ལ་རྒྱལ་བ་ཉིད་དང་མཚུངས།།


རབ་བྱུང་བདུན་པའི་ས་མོ་ཕག་གི་ལོར།།

རྗེ་ཉིད་དགུང་གྲངས་རེ་གསུམ་བཞེས་པ་ན།།

རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར།།

སྐུ་ཚེའི་མཛད་པ་ཐ་མ་བསྟན་པའི་ཚེ།།

སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ཞབས།།

ལུང་རྟོགས་ཡོན་ཏན་མཛོད་ལ་མངའ་བརྙེས་ཤིང་།།

ཞིང་འདིར་འགྲན་ཟླ་བྲལ་བ་མེད་གཟིགས་ནས།།

ཉིད་ཀྱི་ན་བཟའ་བེར་ཐུལ་བྱིན་ཅན་དང་།།

པཎ་ཞྭ་གསེར་མདོག་ཞུན་མ་ཕྱག་ཏུ་གཏད།།

དོན་གྱིས་གོ་བར་མཛད་ཅེས་བཀའ་གནང་སྩལ།།

རྒྱལ་བའི་རྒྱལ་ཚབ་མི་ཕམ་མགོན་པོ་མཆོག།

དགའ་ལྡན་ལྷ་བརྒྱའི་གཙུག་ན་མཛེས་པ་བཞིན།།

འཇམ་མགོན་རྒྱལ་ཚབ་དར་མ་རིན་ཆེན་ཞབས།།

རི་བོ་དགའ་ལྡན་བསྟན་པའི་གཙུག་ན་མཛེས།།


མཁས་མང་གསེར་རིའི་སྟོང་གི་མགོ་བོ་ལ།།

བཀའ་ཡི་ཕྲེང་བས་ངལ་གསོ་བགྱིད་མཛད་པའི།།

ཐུགས་སྲས་མཁས་གྲུབ་དགེ་ལེགས་དཔལ་བཟང་བོ།།

སྐུ་ཚེ་དཔག་ཏུ་མེད་པའི་སྔ་རོལ་ནས།།

སྟོབས་བཅུ་མངའ་བའི་རྒྱལ་ས་ཟིན་ནའང་།།

སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་མཐུ་གྲུབ་པས།།

མ་དག་འཇིག་རྟེན་ཁམས་སུ་གང་འདུལ་གྱི།།

སྤྲུལ་བའི་རོལ་གར་བསྒྱུར་བ་བསམ་མི་ཁྱབ།།

དགུང་ལོ་སོ་ལྔར་འཇམ་མགོན་ཆོས་ཀྱི་རྗེས།།

སྤྱི་དང་བྱེ་བྲག་བསླབ་དོན་རྒྱས་པ་དང་།།

ཕྱག་མཁར་གནང་བའི་བདག་རྐྱེན་ལ་བརྟེན་ནས།།

གང་གིས་གསོལ་བཏབ་དགེ་བསྐོས་ཞལ་གྱིས་བཞེས།།

དགེ་ལྡན་གྲུབ་མཐའ་བྱར་མེད་དམ་བསྒྲགས་དང་།།

ལྔ་མཆོད་གླིང་མེ་རྒྱུན་བཙུགས་ཡང་དག་མཛད།།

རྗེ་ཡི་རྣམ་ཐར་བཀའ་རྩོམ་དབུ་ཡང་བཙུགས།།

ཁྱད་པར་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བའི།།

བླ་ན་མེད་པའི་མདོ་སྔགས་བསྟན་པ་འདི།།

མི་ཉམས་ཆེས་ཆེར་དར་ཞིང་རྒྱས་པའི་ཕྱིར།།

བསམ་བཞིན་གངས་ཅན་ལྗོངས་འདིར་སྐྱེ་བ་བཞེས།།

འདིར་འབད་དགེ་བས་ཚེ་རབས་ཐམས་ཅད་དུ།།

རྗེ་བཙུན་བླ་མ་ཁྱེད་དང་མི་འབྲལ་ཞིང་།།

ཕན་བདེ་འབྱུང་བའི་བསྟན་པའི་གཞི་མ་ལ།།

ཡང་ཡང་མཇལ་བའི་བསྐལ་བཟང་མངོན་གྱུར་ཤོག།

༢༠༢༤/༧/༢༡/ཉིན།



版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།


དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章