ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
ཤེས་རབ་ཀྱི་ཐིག་ལེ།
—<<དྭགས་པོ་ཐར་རྒྱན>>ལ་མཇལ་བ།
དཀོན་མཆོག་རྒྱལ་པོ།
ས་ཡི་ཐིག་ལེ་དྭགས་པོ་གཉལ་སྙི་ནས།།
ས་བོན་ཐིག་ལེ་རྣམ་པར་རོལ་བ་ལས།།
སྤྲུལ་བའི་ཐིག་ལེ་དྭགས་པོ་ལྷ་རྗེ་བྱོན།།
ཆོས་ཀྱི་ཐིག་ལེ་ཐར་བའི་རྒྱན་གཅིག་བརྩམས།།
འོ་མ་ལ་ནི་མར་གྱིས་ཁྱབ་པའི་དཔེས།།
འགྲོ་དྲུག་སེམས་ཅན་ཐར་བའི་རྒྱུ་མངའ་བ།།
གཞི་རྒྱུ་བདེ་གཤེགས་སྙིང་པོ་གསལ་བྱས་པས།།
ཤེས་རབ་ཐིག་ལེའི་རང་མདངས་འོད་དུ་འཚེར།།
དལ་འབྱོར་རྣམ་གཉིས་དད་པ་རྣམ་གསུམ་དང་།།
ལྡན་པའི་འགྲོ་བ་མི་ཡི་ལུས་རྟེན་ནི།།
སངས་རྒྱས་བསྒྲུབ་པའི་རྟེན་མཆོག་བཟང་པོར་བསྒྲུབས།།
ཤེས་རབ་ཐིག་ལེ་ས་བོན་རྣམ་པར་སྤྲུལ།།
ལུང་རིགས་དཔེ་གསུམ་རིག་པའི་རླབས་རྩེ་ལས།།
ཐར་བའི་རྐྱེན་ལ་མཉན་པ་ལྟ་བུ་ཡི།།
དགེ་བའི་བཤེས་གཉེན་བསྟེན་པའི་ཕན་ཡོན་བསྟན།།
ཤེས་རབ་ཐིག་ལེ་ས་ཆེན་ཨ་མས་བཟུང་།།
ཉི་མ་ནུབ་རིའི་ཕག་ཏུ་འགྲོ་བ་ལ།།
སུས་ཀྱང་བཤོལ་འདེབས་བཟུང་བར་མི་ནུས་བཞིན།།
མཐའ་བཞི་མི་རྟག་བསྒོམས་པའི་མཆོད་ཡོན་བཤམས།།
ཤེས་རབ་ཐིག་ལེ་བསིལ་རླུང་འཇམ་པོས་གཡོབ།།
སྡུག་བསྔལ་གསུམ་གྱི་མེ་ལྕེ་རྣོན་པོ་ཡིས།།
སྲེག་ཅིང་བཙོ་བའི་ཁམས་གསུམ་བཙོན་ར་ནས།།
འཁོར་བའི་ཉེས་དམིགས་ལག་པའི་མཐིལ་དུ་བཀྲམས།།
ཤེས་རབ་ཐིག་ལེ་སྦྲང་ཆར་ཟེགས་མས་བྲན།།
སེམས་དང་བསམ་པའི་ལས་གཉིས་ཞགས་པ་ཡི།།
སྣེ་མོར་འཆིང་བའི་འགྲོ་བ་སྣ་ཚོགས་ལྟར།།
རེ་བའི་མིག་ལ་ལས་འབྲས་ཞིབ་མོར་འཐག།།
ཤེས་རབ་ཐིག་ལེའི་ནམ་མཁའ་ཡངས་པོར་ཕྱེས།།
བདག་ཉིད་གཅིག་པུ་མྱང་འདས་ཐོབ་འདོད་བློ།།
བརྩེ་བྲལ་གཞན་དོན་ཁུར་དུ་མི་འཁྱེར་པར།།
བྱམས་དང་སྙིང་རྗེའི་འབྱུང་བཞིའི་ཁུད་དུ་གཅུད།།
ཤེས་རབ་ཐིག་ལེའི་ནུས་སྟོབས་རྩལ་དུ་སྤྲུགས།།
འཇིག་རྟེན་དྲག་རྩལ་ཅན་ལ་སྐྱབས་འགྲོ་བ།།
མཐར་ཐུག་མ་ཡིན་གང་ལ་ཇི་ལྟར་སྐྱབས།།
སྒོ་གསུམ་སྡོམ་ཚུལ་མན་ངག་སྒོ་གླེགས་བརྒྱངས།།
ཤེས་རབ་ཐིག་ལེ་མྱུ་གུ་ཁོང་ནས་འཛུམ།།
སེམས་བསྐྱེད་ཉི་མ་ཤར་བའི་དུས་མཚུངས་སུ།།
འགྲོ་དྲུག་མུན་པའི་སྨག་ལས་འདྲེན་པ་ཡི།།
བྱང་ཆུབ་སེམས་ཀྱི་འོད་གུར་མཁའ་ལ་བྲེས།།
ཤེས་རབ་ཐིག་ལེ་ཡལ་འདབ་རྣམ་པར་རྒྱས།།
བྱང་སེམས་མི་ཉམས་འཕེལ་ཞིང་མི་བརྗེད་པའི།།
ཐབས་ལྔ་རིལ་བུ་གཅིག་ཏུ་བྱས་པ་ཡི།།
སྨོན་པ་བྱང་ཆུབ་སེམས་བསྐྱེད་བསླབ་བྱ་བསྟན།།
ཤེས་རབ་ཐིག་ལེ་ལང་ཚོའི་གང་བུ་ཐོན།།
བསླབ་གསུམ་འཇུག་སེམས་བསྐྱེད་པའི་ཟམ་ཆེན་སྟེང་།།
མྱུར་དུ་མངོན་རྫོགས་གོ་འཕང་སྙེག་པའི་ཕྱིར།།
ཕ་རོལ་ཕྱིན་དྲུག་རྣམ་གཞག་དམིགས་བུར་དྲངས།།
ཤེས་རབ་ཐིག་ལེ་ཟིལ་བ་ཁྲོམ་མེར་ཆགས།།
འགྲོ་བ་ཡི་དྭགས་གྲས་སུ་ལྷུང་བ་གཅོད།།
ལོངས་སྤྱོད་མཐའ་ཡས་འབྱུང་བའི་གཏེར་ཆེན་སྒོ།།
བྱང་ཆུབ་མྱུར་རྙེད་སྦྱིན་པའི་ཕར་ཕྱིན་བསྟན།།
ཤེས་རབ་ཐིག་ལེ་མེ་ཏོག་བཞད་ཁ་ཕྱེས།།
ལོ་ལེགས་རྟེན་གཞི་ཞིང་ས་གཤིན་པོ་སྟེ།།
ཡོན་ཏན་ཀུན་གྱི་གཞི་མར་གྱུར་པ་ཡི།།
ཚུལ་ཁྲིམས་ཕར་ཕྱིན་བསྲུངས་པའི་ཐང་ཆེན་བསྐྲུན།།
ཤེས་རབ་ཐིག་ལེ་བསུང་ངད་ཕྱོགས་བཅུར་ལྡང་།།
ཁོང་ཁྲོ་གཅིག་གིས་ཐམས་ཅད་འཇོམས་བྱེད་པས།།
བདུད་ཀྱིས་གླགས་རྙེད་བར་ཆད་མི་འབྱུང་བའི།།
བཟོད་པའི་ཕར་ཕྱིན་རྡོ་རྗེའི་གོ་ཁྲབ་བགོས།།
ཤེས་རབ་ཐིག་ལེ་གེ་སར་སོ་ཕྲེང་དགོད།།
ལེ་ལོ་ཅན་ལ་ཤིན་ཏུ་རིང་བ་ཡི།།
རྒྱལ་བའི་བང་མཛོད་མི་རིང་རྙེད་པའི་ལམ།།
དགེ་ལ་སྤྲོ་བའི་བརྩོན་འགྲུས་ཕར་ཕྱིན་སྦྱར།།
ཤེས་རབ་ཐིག་ལེ་བུང་བ་གར་དུ་རྩེན།།
རྣམ་གཡེང་ཉོན་མོངས་མཆེ་བས་རྨས་འགྱུར་ཞིང་།།
མངོན་ཤེས་ཏིང་འཛིན་སྒོ་མང་མི་སྐྱེ་བས།།
ལྷ་དང་སྐལ་མཉམ་བསམ་གཏན་ཕར་ཕྱིན་བསྡུས།།
ཤེས་རབ་ཐིག་ལེ་ཤིང་ཐོག་ཁྱེའུ་འཁྲུངས།།
ལོང་ཁྲིད་མེད་པའི་ཐང་དཀྱིལ་ལོང་བའི་ཚོགས།།
མི་འདོད་གཡང་ལ་བཅར་བའི་རྐང་གཅོག་བྱེད།།
ཤེས་རབ་ཕ་རོལ་ཕྱིན་པའི་འོད་གསལ་སྤྲོས།།
ཤེས་རབ་ཐིག་ལེ་འབྲས་བུའི་ཕྱི་ནང་སྨིན།།
སེམས་བསྐྱེད་མཐའ་ཡས་ནམ་མཁའི་རྒྱ་ཁྱོན་ངོས།།
ཐར་བའི་དབྱིངས་སུ་བགྲོད་པའི་ཐེམ་པའི་སྐས།།
ལམ་ལྔ་རྣམ་པར་གཞག་པའི་རི་མོ་བྲིས།།
ཤེས་རབ་ཐིག་ལེ་ལྗོན་པ་ཚང་ཚིང་འཁྲིགས།།
ལམ་གྱི་གནས་སྐབས་ཀུན་ཏུ་བཀྲག་པ་ཡི།།
མངོན་རྟོགས་མེ་ཏོག་ཚོམ་བུ་འཕྱུར་བའི་ཕྲེང་།།
བྱང་སེམས་ས་བཅུའི་མཛེས་སྡུག་ཡོངས་སུ་བསྟན།།
ཤེས་རབ་ཐིག་ལེ་དྭངས་མས་རིགས་དྲུག་གསོ།།
སྒྲིབ་གཉིས་སེང་རས་ཡོངས་སུ་ཕྱིས་པ་དང་།།
ཡེ་ཤེས་ཕུན་ཚོགས་འོད་གསལ་འཆར་བ་ཡི།།
འབྲས་བུ་སྐུ་གསུམ་རྫོགས་པའི་སངས་རྒྱས་བཞེངས།།
ཤེས་རབ་ཐིག་ལེ་སླར་ཡང་ཐིག་ལེར་འཐིམས།།
རྣམ་རྟོག་འབད་རྩོལ་མི་མངའ་སངས་རྒྱས་ཀྱིས།།
འགྲོ་བའི་དོན་ནི་མི་འབྱུང་སྙམ་པ་ལ།།
རྟོག་མེད་འགྲོ་དོན་མཛད་པའི་འཕྲིན་ལས་བསྟན།།
ཤེས་རབ་ཐིག་ལེའི་ངོ་བོ་ཀུན་ལ་ཁྱབ།།
བདུན་གསུམ་ལེའུས་བསྡུས་པའི་ཐར་བའི་རྒྱན།།
མཉམ་མེད་དྭགས་པོའི་ཤེས་རབ་དཔག་བསམ་ལྗོན།།
ལུས་ཅན་གདུང་སེལ་སྨན་དུ་རྒྱས་པ་ཡིས།།
ཉམ་ཆུང་བྱིས་པ་དག་ཀྱང་དགའ་འབོད་སྒྲོག།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!