ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྤྱི་བདེ་ཅུས་སྟེང་ཆེན་གྲོང་རྡལ་མངགས་གཏོང་ཁང་གིས་རྒྱུན་གཏན་གྱི་ལས་དོན་སྤེལ་རིང་ཁྲིམས་འགལ་ངང་དོ་དམ་བྱེད་ཁོངས་སུ་བཅུག་པའི་གྲི་འཁྱེར་བའི་གྱོད་གཞི་1ཞིབ་བཤེར་ཐག་གཅོད་བྱས་ནས་གྲི་3གཞུང་བཞེས་བཏང་བ་དང་མི་3ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་རེད།
ཟླ་10ཚེས་24ཉིན་གྱི་ཐོ་རེངས་སུ་སྟེང་ཆེན་གྲོང་རྡལ་མངགས་གཏོང་ཁང་དུ“ང་ཚོའི་ས་ཚིགས་ཀྱི་སྐོར་གཡེང་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་རྒྱུན་གཏན་གྱི་ཞིབ་བཤེར་བྱེད་རིང་གསོལ་མགྲོན་ཁང་ཞིག་ནང་འཇམ་ཆེ་གེ་མོ་དང་། བསྟན་ཆེ་གེ་མོ། ངག་ཆེ་གེ་མོ་བཅས་གསུམ་གྱིས་གྲི་འཁྱེར་འདུག འདི་གར་བརྟག་དཔྱད་བྱེད་པར་ཡོང་རོགས”ཞེས་རྒྱལ་མོ་ཐང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པའི་ཁ་པར་འབྱོར། སྙན་སེང་འབྱོར་རྗེས་སྟེང་ཆེན་གྲོང་རྡལ་མངགས་གཏོང་ཁང་གིས་འཕྲལ་དུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་བསྐྱོད། བརྟག་དཔྱད་ཞིབ་ཕྲ་བྱས་རྗེས་མི་དམངས་ཉེན་རྟོག་པས་མི་གསུམ་པོ་བཟུང་བ་མ་ཟད་ཁྲིམས་ལྟར་མངགས་གཏོང་ཁང་ལ་སྔར་བས་བརྟག་དཔྱད་བྱེད་པར་ཁྲིད། སྤྱི་བདེ་ལས་ཁུངས་ཀྱིས་དཔྱད་འདོམས་བྱས་པ་བརྒྱུད། འཇམ་ཆེ་གེ་མོ་སོགས་མི་གསུམ་གྱིས་འཁྱེར་བའི་གྲི་ནི་དོ་དམ་བྱེད་ཁོངས་སུ་ཚུད་པས། ཁོང་ཚོའི་བྱེད་སྤྱོད་དེས་ཁྲིམས་འགལ་ངང་དོ་དམ་བྱེད་ཁོངས་སུ་བཅུག་པའི་གྲི་འཁྱེར་བའི་ཉེས་པ་བསགས་ཡོད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་སོ་གཉིས་པའི་གཏན་འབེབས་གཞིར་བཟུང་། ཁྲིམས་ལྟར་འཇམ་ཆེ་གེ་མོ་དང་། བསྟན་ཆེ་གེ་མོ། ངག་ཆེ་གེ་མོ་བཅས་གསུམ་པོར་སྲིད་འཛིན་བཀག་ཉར་ཉིན་བཅུ་ཡི་ཆད་པ་བཅད་པ་མ་ཟད། གྲི་3གཞུང་བཞེས་བཏང་བ་རེད།