ཡོང་འབབ་སྒོར་དུང་ཕྱུར་239.6ཟིན་འདུག

政务   2024-11-07 15:19   西藏  

ཞབས་ཞུ་ལས་རིགས་ལེགས་པར་གཉེར། སྒུལ་ནུས་གསར་པ་འཕེལ་བར་བྱས།

—— རང་ལྗོངས་ཀྱིས་དེང་རབས་ཞབས་ཞུའི་ལས་རིགས་སྤྱི་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།


    ཞབས་ཞུའི་ལས་རིགས་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་རྨང་གཞི་གལ་ཆེན་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་རེད། 

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྒྱུར་བཅོས་ཀྱི་བྱ་ཐབས་རབ་དང་རིམ་པ་བཏོན་ནས་ཞབས་ཞུའི་ལས་རིགས་དང་ལྷག་པར་དུ་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྤྱི་འབོར་རྒྱ་སྐྱེད་དང་། གྲུབ་ཆ་ལེགས་སྒྲིག ལས་རྣམ་གསར་གཏོད། རྒྱུ་སྤུས་མཐོར་གཏོང་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ལྗོངས་ཡོངས་ཀྱི་ཞབས་ཞུའི་ལས་རིགས་འཕར་སྣོན་བརྟན་པོ་དང་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སྟོབས་ཆེར་སོང་ཡོད། ཞབས་ཞུའི་ལས་རིགས་སྐྱོན་བྲལ་ངང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དེས་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་དང་། ལས་ཞུགས་རྒྱ་སྐྱེད། མི་དམངས་ཀྱི་འཚོ་བ་ལེགས་གཏོང་སོགས་ལ་ནུས་པ་གལ་ཆེན་ཐོན་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། 2024ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་239.6ཟིན་ནས་3.1%འཕར་ཡོད་པ་རེད།


སྲིད་ཇུས་ཀྱི་ཁྲིད་སྟོན་ལ་བརྟེན་ནས་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པ།


    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གྲངས་གཞི་ཆེན་པོའི་བསྡོམས་རྩིས་ལྟ་ཞིབ་ཚད་ལེན་རྣམ་གྲངས་ལག་ལེན་བསྟར་བར་བརྟེན་ནས་ལྗོངས་ཡོངས་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞིའི་གྲངས་གཞི་འདེགས་སྐྱོར་བྱས་པ་དང་། དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རིམ་ཁག་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ལྟེ་གནས་དང་ཟོག་འགྲེམས་མཛོད་ཉར་སྡེབ་སྐྱེལ་ལྟེ་གནས་བཙུགས་པ་རེད།

    སྟབས་བདེ་བའི་དངུལ་སྤྲོད་སྟངས་དང་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པའི་འཕྲིན་གཏོང་དྲ་རྒྱ་སོགས་ད་ཆ་ཞབས་ཞུའི་ལས་རིགས་ཀྱིས་གྲངས་གཞི་ཆེ་མོ་དང་། སྤྲིན་རྩིས། ཟོག་འབྲེལ་དྲ་རྒྱ་སོགས་ཐོན་གསར་པའི་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་ཐད་དེ་བས་གལ་འགངས་ཆེ་བའི་ནུས་པ་འདོན་བཞིན་ཡོད།

    རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲའོ་ཁྲང་ཅང་གིས་ལོ་འགོར་རང་ལྗོངས་ཀྱིས་སྤུས་ལེགས་ཕན་ཆེའི་ཞབས་ཞུའི་ལས་རིགས་ཀྱི་མ་ལག་གསར་པ་མགྱོགས་མྱུར་བསྐྲུན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་གཏོང་བའི་བྱེད་ཐབས་འགའ་དང“བརྡ་རྟགས་རིམ་སྤོར”ཆེད་དོན་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི་སོགས་སྲིད་ཇུས་ཡིག་ཆ་6བཏོན་ནས་མ་དངུལ་སྒོར་དུང་ཕྱུར་4.36དོན་འཁྱོལ་བྱས་ཏེ། ཆུ་ཤུར་རྫོང་གི་བསྐྱར་སྐྱེ་ཐོན་ལས་གླིང་སོགས་གླིང་10ཡི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ཡོད་ཅེས་ངོ་སྤྲོད་བྱས།


མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ནས་ཞབས་ཞུ་རྒྱུན་མི་ཆད་པར་ལེགས་སུ་བཏང་བ།
 

    ཡུལ་སྐོར་བར་དེ་བས་ལེགས་པའི་ཡུལ་སྐོར་ཞབས་འདེགས་ཞུ་ཆེད། རང་ལྗོངས་ཀྱིས་རིག་གནས་དང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་། རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོང་སྒྲིག་བཀོད། ལོ་རྒྱུས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འགྲིམ་འགྲུལ་ཞབས་ཞུ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཐད་ཟམ་མི་ཆད་པར་ཤུགས་བརྒྱབ་ཡོད། ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་གྱིས་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཟོ་བ་དང་། རང་སོ་སོའི་ཁྱད་ཆོས་ལྡན་པ་དང་། མངག་བཀོད་ཅན། ཉུང་ཚོགས་ཅན་བཅས་ཀྱི་ཡུལ་སྐོར་ཐོན་རྫས་རབ་དང་རིམ་པ་བཏོན་ཏེ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གསོན་ཤུགས་གང་ལེགས་འཕེལ་བར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ཞབས་ཞུའི་ལས་རིགས་ཀྱི་གལ་ཆེའི་ནུས་པ་གང་ལེགས་བཏོན་ཡོད།


    འདི་ལོ་རང་ལྗོངས་ཀྱིས་སྨར་ཁམས་གནའ་བོའི་ཚྭ་ཞིང་སོགས་སྤུས་ལེགས་མཛེས་ལྗོངས་ཁུལ་10དང་ཁྱད་ལྡན་གྲོང་གསེབ་ཀྱི་ཡུལ་སྐོར་ས་ཚིགས་15འཛུགས་སྐྲུན་བྱེད་པའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ཞིང་། ཟླ་དང་པོ་ནས་དགུ་པའི་བར་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5728.6ལ་སྣེ་ལེན་ཞུས་ནས་15.3%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་670.5ཟིན་ནས་12.9%འཕར་བ། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་89ཙམ་ཟིན་ནས་22%འཕར་ཡོད་པ་བཅས་རེད།


གསར་གཏོད་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལེགས་སྒྲིག་དང་རིམ་སྤོར་བྱས་པ།
    

    གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་སོགས་ཐོན་གསར་པའི་ཆ་འཕྲིན་ལག་རྩལ་གྱིས་རང་ལྗོངས་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་མ་ལག་སྐྲུན་མགྱོགས་སུ་བཏང་ནས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་ཆབས་ཅིག་རང་ལྗོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་དང་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བའང་མཚོན་གྱི་ཡོད།


    འདི་ལོ་གྲངས་འཛིན་དཔལ་འབྱོར་ཁེ་ལས་6བོད་དུ་གཞིས་ཆགས་པ་དང་གྲངས་འཛིན་དཔལ་འབྱོར་ཁེ་ལས་8གཞི་ཁྱོན་ཆེ་བའི་ཁེ་ལས་སུ་གྱུར་ཡོད། ཟླ་དང་པོ་ནས་དགུ་པའི་བར། གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར་245ཟིན་ནས་ལོ་འཁོར་དམིགས་ཚད་ཀྱི་89%ལེགས་གྲུབ་བྱུང་ཡོད།


    ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། དཔེ་དབྱིབས་གསར་པ། སྒུལ་ནུས་གསར་པ་སོགས་རང་ལྗོངས་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་ཕྱིན་ནས་རིམ་གྱིས་རྣམ་པ་གསར་པ་མངོན་པ་དང་གསོན་ཤུགས་གསར་པ་འཕེལ་ཏེ། རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་སྐུལ་འདེད་གཏོང་བཞིན་ཡོད།


ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་བོད་ཀྱི་གསོ་བ་རིག་པ།ཨ་ནེ་དང་རྨོ་བོའི་ཕྲུ་གུར་སློབ་གསོ་རྒྱག་སྟངས་ག་རེ་ཡག་པ་འདུག

ཕུར་བུ་ཚེ་བརྟན་དང་བདེ་སྐྱིད་གཡང་འཛོམས……བཀྲ་ཤིས་བདེ་ལེགས་ཞུ།





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章