ཟླ་11ཚེས་12ཉིན། ལྷ་ས་མཐོ་གསར་ཁུལ་སྣེའུ་ཁྲོམ་གཞུང་གསང་མདའ་གྲོང་ཚོར“གསང་མདའ་གྲོང་ཚོའི་རླངས་འཁོར་རུ་ཁག་ལ་འགྱངས་ཆད་དངུལ་སྤྲོད་པའི་མཛད་སྒོ”འཚོགས་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། འབྲེལ་ཡོད་སྡེ་ཚན་གྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། འདི་ལོ་རླངས་འཁོར་རུ་ཁག་དེ་དང་འབྲེལ་བ་ཡོད་པའི་དུད་ཚང་100ལྷག་ཙམ་གྱི་གྲོང་མིར་འབྲེལ་ཡོད་འགྱངས་ཆད་དངུལ་སྒོར་ཁྲི་1200ལྷག་ཙམ་རག་པ་དེ་ནི་གྲོང་མིའི་ཁེ་དབང་འགན་ལེན་ནུས་ལྡན་བྱས་པ་ཞིག་ཡིན་པ་མ་ཟད། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཞི་མཐུན་ལྡན་པའི་སྤྱི་ཚོགས་སྐྲུན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།
དངུལ་དྲང་གཞག་དང་ཁ་གསལ་ངང་སྤྲོད་ཐུབ་ཆེད། དངུལ་སྤྲོད་པའི་མཛད་སྒོའི་ཐོག་གྲོང་ཚོ་ཨུ་ལྷན་དང་གྲོང་སྡོད་ལས་དོན་རུ་ཁག་གིས་དང་ཐོག་གྲོང་མི་ཚོར་འགྱངས་ཆད་བྱས་པའི་དངུལ་གྱི་ཡོང་ཁུངས་དང་། དངུལ་གྲངས། སྤྲོད་པའི་བརྒྱུད་རིམ་སོགས་ཚུད་པའི་དངུལ་སྤྲོད་པའི་འབྲེལ་ཡོད་གནས་ཚུལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། དེ་རྗེས་ཁོང་ཚོས་ངང་རྒྱུད་རིང་པོས་གྲོང་མི་ཚང་མའི་ཐོབ་ཐང་ཆ་འཕྲིན་དང་ཆད་དངུལ་གྱི་དངུལ་གྲངས་ཞིབ་བསྡུར་བྱས་ཏེ་དངུལ་ཚང་མ་འཕྱུགས་མེད་ངང་གྲོང་མིའི་ལག་ཏུ་སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་གསང་མདའ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལས་དོན་སྤེལ་རིང་གྲོང་ཚོ་དེའི་ཁྱིམ་ཚང་ཚང་མར་ཟོག་སྐྱེལ་རླངས་འཁོར་ཡོད་པ་དང་། རྒྱུན་དུ་གྲོང་ཚོའི་མཉམ་སྡེབ་རླངས་འཁོར་རུ་ཁག་གི་རྣམ་པའི་ཐོག་ནས་ཟོག་སྐྱེལ་དང་འཕྲུལ་ཆས་བོགས་མར་གཏོང་བའི་ལས་ཀ་བྱེད་ཀྱི་ཡོད། འོན་ཀྱང་ཟོག་སྐྱེལ་དང་འཕྲུལ་ཆས་བོགས་མར་བཏང་བའི་དངུལ་མི་ཉུང་བ་ཞིག་ད་དུང་རག་མེད་པ་དང་། དངུལ་ཁག་གཅིག་འགྱངས་ཆད་བྱས་ནས་ལོ་5ལྷག་ཙམ་སོང་ཡོད་པ་དེ་དག་དུད་ཚང་100ལྷག་ཙམ་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་བ་རེད། གནད་དོན་དེ་ཐག་གཅོད་བྱ་ཆེད། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གྱིས་ལྷ་ས་མཐོ་གསར་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་དང་སྣེའུ་ཁྲོམ་གཞུང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་དང་མཉམ་དུ་གྲོང་ཁྱེར་གཞན་དུ་བུ་ལོན་འདེད་ལེན་དང་། སྡེ་ཚན་དབར་འབྲེལ་མཐུད། ས་གནས་ས་ཐོག་ཏུ་མཐུན་སྦྱོར་སོགས་ཀྱི་ལས་དོན་སྤེལ་ནས་ཟླ་བ་དྲུག་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། གྲོང་ཚོའི་མཉམ་སྡེབ་རླངས་འཁོར་རུ་ཁག་སྟེ་གསང་མདའ་གྲོང་ཚོའི་རླངས་འཁོར་རུ་ཁག་ལ་ཟོག་སྐྱེལ་དང་འཕྲུལ་ཆས་བོགས་མར་བཏང་བའི་ཆད་དངུལ་རིམ་རྩིས་བརྒྱབ་ན་སྒོར་ཁྲི་1200ལྷག་ཙམ་རག་པས་ཐེངས་གཉིས་ལ་བགོས་ནས་གྲོང་མིར་སྤྲད་པར་བརྟེན་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་རྒྱ་ཆེའི་གྲོང་མི་ཚོའི་ཁས་ལེན་གང་ལེགས་ཐོབ་ཡོད་པ་རེད།